དཔེ་ཀློག་གི་སྙིང་སྟོབས།

“སྙིང་སྟོབས”་ནི་སེམས་ཀྱི་ནུས་པའམ། གང་ཞིག་སྒྲུབ་ནུས་ཀྱི་སྤོབས་པ་ཡིན།འདི་ནས་“དཔེ་ཀློག་གི་སྙིང་སྟོབས”་གླེང་བྱ་ནི། རང་ཉིད་མོས་ཤོས་དཔེ་ཆ་ཀློག་པའི་སྙིང་སྟོབས་སམ། མོས་ཤོས་ལས་གཞན་པའི་དཔེ་ཆ་བློས་གཏོང་ཐུབ་པའི་སྙིང་སྟོབས་ཡིན། མཁས་པ་གྲགས་ཅན་སུའང་ཤེས་བྱ་ཡོད་དོ་ཅོག་ལ་བྱང་ཆུབ་པའི་ལོ་རྒྱུས་ཉིན་མོའི་སྐར་མ་ལས་མ་འདས། མཁས་པ་ཚོའི་ལམ་ཕྱོགས་སམ་མོས་ཤོས་ཀྱི་དཔེ་ཀློག་གི་སྙིང་སྟོབས་ནི་“སློབ་སྦྱོང་འཕར་མ་དང་སློབ་དེབ་མིན་པའི་དཔེ་ཆ་མ་གཟིགས”པའི་སྙིང་རྩ་བརྟན་བརླིང་དེ་ཡིན།ཁྱེད་ཀྱིས་དོན་སྙིང་འགངས་བཅུད་ལྡན་པ་ཞིག་སྒྲུབ་པར། དོན་ཆེན་རིན་ཐང་ལྡན་པ་ཞིག་བློས་གཏོང་དགོས་པ་དངོས་པོའི་གཤིས་ཡིན། དཔེར་ན། སྔོན་བྱུང་སྐྱེས་ཆེན་བླ་མ་རི་ཁྲོད་པས་ཉང་སྟོད་སྟག་པ་ཁ་ཆེ་ལ་ཚད་མ་སྦྱོང་སྐབས།  ཉིན་ཞིག་སྐྱོ་སངས་ལ་ཕེབས་དུས་བླ་མའི་ཐུགས་ལ་ཚད་མའི་རིག་གཞུང་སོགས་བློས་གཏོང་ནས། བརྗོད་མེད་ཐིག་ལེ་ཉག་གཅིག་གི་སྙིང་པོ་དང་ལེན་ཐུབ་པའི་སྙིང་སྟོབས་དམིགས་བསལ་ཞིག་འཁྲུངས་ཏེ། <<བླ་མའི་རྣམ་ཐར>>ལས། “ཁྱེད་རང་གཉིས༼བྲུ་རྗེ་བཙུན་དང་ཞུ་སྒྲོ་བ་གཤེན་རྒྱལ་༽་ཐུན་ལ་བཞུད། ང་འགྲོ་སྙིང་མི་འདོད་པ་ཞིག་བྱུང་”གསུངས་ནས་ཚད་མའི་རྩོད་པར་མ་ཕེབས། རི་ཁྲོད་པའི་སྙིང་སྟོབས་དམིགས་བསལ་ནི་“ཚིག་གི་རྩ་བ་མ་གཅོད་དོན་གྱི་རྩ་བ་ཆོད། །ཚིག་གི་རྩ་བ་བཅད་ན་ནམ་མཁའི་མཐའ་དང་མཉམ། །དོན་གྱི་རྩ་བ་ཆོད་ན་ཚིག་མཐའ་དེ་ཀས་ཆོད། །བོན་ཉིད་རྩ་བ་མ་གཅོད་སེམས་ཀྱི་རྩ་བ་ཆོད། །སེམས་ཀྱི་རྩ་བ་ཆོད་ན་བོན་གྱི་བདག་པོ་ཡིན”པར་ཡིད་ཆེས་གདེང་དུ་རྙེད་པའི་སྙིང་སྟོབས་ཡིན། སྙིང་སྟོབས་ཏེ་ཚད་མའི་ཚིག་ལ་མ་འཁྲེང་། དོན་གྱི་སེམས་ཉིད་འཚོལ་བའི་སྤོབས་པ་ཡིན་ཕྱིར།<<བླ་མའི་རྣམ་ཐར>>་ལས། “དེ་ནས་ཤངས་ཀྱི་དཀར་པོ་བྲག་ལ་ནན་བསྒོམ་བྱས་པས་ཉམས་ཐོད་རྒལ་སྐྱེས་ནས། རི་ཁྲོད་ལ་བྱོན་པས་རྟོགས་པ་ཁྱད་པར་ཅན་སྐྱེས་པས།  ཐུགས་ཀྱི་དགོངས་པ་ལ‘ང་ལ་རྟོགས་པ་ཁྱད་པར་ཅན་འདི་ལྟ་བུ་ཡོད་པ་ལ།  རྟེན་བཙུན་པ་ཞིག་བྱ་དགོས་ཏེ་འགྲོ་བ་ལ་ཕན་ཐོགས་ཆེ་སྙམ’་ནས། དབུས་སུ་བུར་ལྟང་གཉིས་བཀལ་ནས། མཁས་སློབ་གཉིས་ཀྱི་སྤྱན་སྔར་སྡོམ་པ་ལེན་དུ་བྱོན”གསུངས། དམ་པ་རི་ཁྲོད་པའི་སྙིང་སྟོབས་ལ་དཔྱད་ན། སྐྱེ་འགྲོ་སུའང་རུང་སྟེ། གནས་ལུགས་མངོན་སུམ་མཇལ་ནས་བོན་སྐུའི་རྒྱལ་ས་འདོད་ཀྱང་སྙིང་སྟོབས་ཡིན། མི་ཚེ་ཚིག་ལ་འཁྲེང་ནས་འཁྲུལ་སྣང་རྗེས་སུ་རྙོབ་ཀྱང་སྙིང་སྟོབས་ལ་ཐུག་པ་འཁུམས། རི་ཁྲོད་པའི་སྙིང་སྟོབས་ནི། གནས་ལུགས་གཅིག་འཛིན་ཐུབ་པའི་སྙིང་སྟོབས་དང་། ཐ་སྙད་བློས་གཏོང་ཐུབ་པའི་སྙིང་སྟོབས་ཡིན། ཁ་ཅིག་གིས། ལས་འབྲས་ཁོ་ནར་འཁྲེང་ནས། སྔར་བྱུང་སྐྱེས་ཆེན་ཚོ་ས་ཐོབ་འཕགས་པའི་རྣམ་སྤྲུལ་ཡིན་པས།  ཁོ་ཚོའི་རྣམ་ཐར་སོ་སྐྱེས་ཐ་མར་སྦྱར་མི་རུང་བསམ་ན། ཤིན་ཏུ་འཆུགས་ཏེ།འཁྲུལ་ཤེས་རྒྱུ་ལས་ཡང་དག་ཚད་མ་འབྱུང་། མ་རྟོགས་རྒྱུ་ལས་རྟོགས་པའི་ཤེས་རབ་སྐྱེ་བ་ནི། དཔེར་ན། ཚན་རིག་མཁས་ཅན། ཨེན་དབྱིན་སེ་ཐན་གྱིས་“ང་ནི་རིག་པ་རྣོ་བ་ཞིག་མ་ཡིན་པར། ང་དང་གནད་དོན་འགྲོགས་ཡུན་རིང་བ་ཙམ་ཡིན”་ཞེས་དང་། གན་དྷེས། “ང་ནི་གཞོན་དུས་རིག་པ་བྱིང་ཞིང་གོག་པ་དྲན་ཤེས་མི་བརྟན་པ་ཞིག་ཡོད་། ཐོག་མའི་སློབ་གྲྭ་ནས་གཞི་རྩའི་སློབ་གྲྭ་ཧ་ཡེའི་སེ་ཀུའུ་ལ་ཕེབས། དེ་ནས་ཁོང་རིག་པ་འབྲིང་ཙམ་གྱི་གྲལ་ལ་བསླེབས”གསུངས་པའི་གཏམ་ལ་གཞིགས་ཚེ། ཁོང་གཉིས་སྦྱང་བྱའི་གཞུང་ཐད་ལ་ངར་ཤུགས་ཡོད་རྒུ་གཏོང་བའི་སྙིང་སྟོབས་རྒྱུན་སྲིང་བྱས་མཐར་འཛམ་གླིང་མཁས་པའི་གཙུག་རྒྱན་དུ་གྱུར་བ་མ་གཏོགས། སྔ་ནས་སྤྱང་གྲུང་འཛོམས་པ་ཟེར་སྒྲོས་མ་མཆིས། གན་དྷེས་ཀྱང་རང་ཉིད་ས་ཐོབ་འཕགས་པ་ཞིག་གི་རྣམ་སྤྲུལ་མི་འདོད་པ་“རང་ཉིད་ཀྱིས་སོ་སྐྱེ་ཐ་མའི་བླང་དོར་ལ་བརྩོན་པ་ཞིག་ཡིན”་གསུངས་ཚིག་ལས་ཤེས། ཁོས་སོ་སྐྱེ་ཐ་མའི་བླང་དོར་ལ་འབད་རྗེས་སེམས་དཔའ་ཆེན་པོ་གྱུར་བ་ལས། སྔོན་ནས་སེམས་དཔའི་རྣམ་སྤྲུལ་ཞིག་དང་། མའི་མངལ་སྦུག་ནས་ཤེས་རབ་ཀྱི་རྩལ་རྫོགས་པའི་སེང་ཆུང་ཞིག་དང་།གཞན་ལས་འཕགས་པའི་ཁྱུང་ཆེན་ཞིག་དངོས་ཤུགས་བརྒྱུད་གསུམ་གང་ནས་ཀྱང་མི་བཞེད། བླ་མ་རི་ཁྲོད་པ་ཡང་རི་གཤམ་ནས་རི་རྩེར་བསླེབས་པའི་འབྲོང་ཆུང་ཞིག་མ་གཏོགས། གནམ་ནས་རི་རྩེར་བབས་པའི་ཁྱུང་ཕྲུག་ཅིག་མིན། རི་ཁྲོད་པ་ཆེན་པོས་ཚད་མའི་ཐ་སྙད་བློས་བཏང་ནས། དོན་གྱི་སེམས་ཉིད་བཙལ་བས། ཉམས་རྟོགས་ཁྱད་པར་ཅན་རྒྱུད་ལ་འཁྲུངས་པ་དང་།  ཉམས་རྟོགས་ཁྱད་པར་ཅན་འདི་ཉིད་གཞན་ལ་འཆད་ན། གཞན་རྒྱུད་གྲོལ་བར་ཕན་ཐོགས་ཆེ་དགོངས་ནས་སྐུ་རྟེན་རབ་བྱུང་བསྒྲུབས། རི་ཁྲོད་པའི་སྙིང་སྟོབས་ནི། ཐ་སྙད་ཚད་མ་བློས་བཏང་ནས་ལྟ་བ་བརྗོད་མེད་དང་ལེན་ཐུབ་པའི་སྙིང་སྟོབས་ཡིན་ཙང་“དགོངས་མཛོད་རི་ཁྲོད་པ”་ཞེས་མཚན་སྙན་གྲགས། གནས་ལུགས་རིག་པ་འཛིན་པའི་རྣལ་འབྱོར་བ་ཁོང་དོན་དམ་པའི་ཐིག་ལེ་ཉག་གཅིག་འཛིན་པའི་དཔའ་བོ་གཡུལ་ལས་རྒྱལ་བའི་སེང་ཆེན་ཞིག་མད། བོད་ལ་ལོ་རྒྱུས་ཀྱི་རིགས་པ་གཅིག་འཛིན་གྱི་དཔའ་བོ་མཁར་རྨེའུ་བསམ་གཏན་ལྟ་བུ་ཡང་། ལོ་རྒྱུས་ཀྱི་རིགས་པ་གཅིག་བུ་འཛིན་པ་མ་གཏོགས་བོན་གྱི་ལྟ་བ་བརྗོད་མེད་དང་། གླུད་གཏོར་འདྲེ་བཀར་གྱི་གཞུང་སོགས་བློས་བཏང་བས། ཁོང་ལོ་རྒྱུས་ཐད་བྱང་ཆུབ་པ་བྱུང་བ་ལས།  ལོ་རྒྱུས་དང་ཆོ་གབརྗོད་མེད་ཀྱི་ལྟ་བ་ཀུན་མིག་བཟང་གཅིག་གིས་བལྟས་ན། ཁོང་ལོ་རྒྱུས་ཐད་བྱང་ཆུབ་པ་མི་ཡོང་བ་བློ་ཐག་གཙང་བཅད་ཡིན། བོད་ལ་རྗེ་རི་ཁྲོད་པ་ལྟ་བུ་གནས་ལུགས་གཅིག་འཛིན་གྱི་དཔའ་བོ་ནི། རི་ཁྲོད་པའི་དངོས་སློབ་ཡར་འབྲོག་མེ་སྟོན་ནས་ཙི་གུའི་རྔ་མའི་ཟླ་རུ་གྱུར། རྒྱུ་མཚན་གསུང་འབུམ་ཕྲེང་བསྒྲིག་གི་སྲོལ་བྱུང་བས། དགོང་ཕྱི་ཉལ་ནངས་སྔ་ལངས་བྱས་པའི་སྙིང་རུས་སེམས་ཤུགས་ཡོངས་རྫོགས་ཐ་སྙད་རིགས་པའི་ཐད་བཏང་རྗེས། ཡར་འབྲོག་གིས་<<བཀའ་བརྟེན་སྡེ་ལྔ>>དང་། མཉམ་མེད་བླ་མས་<<འཕྲུལ་སྒྲོན་རྣམ་ལྔ་>>། ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་<<མཛོད་ཆེན་སྡེ་ལྔ་>>ཞེས་བསྒྲིགས། སྲོལ་རྒྱུན་འདིས་གནས་ལུགས་གཅིག་འཛིན་གྱི་ཕྱག་བཟང་ཇེ་སྐུམ་བྱས། ཚིག་གི་ལོ་མ་རྒྱ་ཆེར་སྤེལ་བ་ལས། དོན་དང་ཐ་སྙད་གཉིས་ཀ་ཕྱག་བཟང་གཅིག་གིས་འཛིན་མི་ཐུབ་པ། དཔེར་ན། ལྷ་སྒོམ་དཀར་པོར་དངོས་གྲུབ་རྒྱལ་མཚན་གྱིས་“བླ་མ་ལགས་ངས་སྐྱེ་བ་ཕྱིས་མི་ལེན་པའི་གདམས་པ་ཞིག་ཞུ་བྱས་པས། བླ་མས་ཤངས་བསྙེར་བསྙེར་ཞལ་ཅོག་ཅོག་མཛད་ནས”མ་གནང་། དངོས་གྲུབ་རྒྱལ་མཚན་གྱིས་“དེ་མ་གནང་ན། ཆོས་ཀྱི་སྙན་རྒྱུད་ཅིག་ཞུ་རུ་འགྲོ”རྒྱུ་གསུངས་ནས། “རྒྱ་ཕུག་པ་བྱ་བར་དབུ་ཚད་བསླབ་སྟེ། བློ་ལ་ལེགས་པ་ཆུད”་ཅེས་གསུངས་ཚུལ་ལ་དཔྱད་ནའང་། གནས་ལུགས་ཟབ་མོ་གནང་ན་དབུ་ཚད་ཀྱི་ཐ་སྙད་བློས་བཏང་དགོས་པ་དང་།གནས་ལུགས་མ་གནང་པས་དབུ་ཚད་ཐ་སྙད་ལ་སྦྱོང་ཚུལ་ཤེས། ཚིག་དོན་གཉིས་ཀ་ཤེས་རྒྱུད་གཅིག་གིས་མི་ལྕོགས་པ་དངོས་ཤུགས་གང་ནས་དཔྱད་ཀྱང་གསལ་གསལ་ཁྲིག་ཁྲིག་ཡིན། སྤྱིར་སློབ་གཉེར་བར་སྙིང་སྟོབས་བླ་མ་དངོས་གྲུབ་རྒྱལ་མཚན་གྱིས་དབུ་ཚད་སྦྱོང་བའི་སྙིང་སྟོབས་འདྲ་དགོས་ཏེ།  དངོས་གྲུབ་ཀྱིས་ཆུང་མ་ལ་“ངས་སློབ་གཉེར་ཞིག་བྱས་ལ་ཡོང་གི ཁྱེད་ཀྱིས་ལོ་འགའ་སོ་ནམ་གྱིས་ལ་བུ་ཚ་གསོས”གསུངས་ནས།  ཆུང་མ་བུ་དང་བཅས་བློས་བཏང་ནས། ཐ་སྙད་རིགས་པ་དབུ་ཚད་སྦྱངས་པའི་མཐར་“བློ་ལ་ལེགས་པར་ཆུད་པ”་བྱུང་གསུངས། སློབ་གཉེར་མཁན་གྲྭ་བ་ཡིན་ན་འདྲ། སྐྱ་བོ་ཡིན་ན་ཆོག སློབ་པ་གཉེར་བའི་རིང་རྐང་པ་གཉིས་འཛུགས་ཀྱིས་སློབ་མཐའ་ཕྱིན་པ་ཞིག་གཏན་ནས་ཡོང་ཐབས་བྲལ། སློབ་གཉེར་བའི་རིང་སྦྱང་བྱའི་གཞུང་ལ་བློ་སེམས་གཅིག་ཏུ་གཏད། རི་དྭགས་སྒྲ་ལ་ཉན་པ་ལྟ་བུ་དགོས། འབད་བརྩོན་ཅི་བྱེད་ཀྱང་། བརྩོན་ཤོས་སམ་སྦྱོང་བྱ་མིན་པའི་རིག་གནས་བློས་གཏོང་གི་སྙིང་སྟོབས་ཀྱིས་ཕོངས་ན། གང་སྦྱོང་འབུར་དུ་དོད་པའམ། ཁྱད་དུ་འཕགས་པ་ཞིག་ཡོང་ཐབས་ཁྱོན་ནས་མེད། མཁས་པ་ག་གེ་མོས་རིག་གནས་བཅུའི་གསུང་འབུམ་རབ་དང་རིམ་པ་བརྩིགས་ཀྱང་། ཡོད་ཚད་དཔེ་ཆ་བའི་ཤེས་རབ་རྒྱགས་པའི་ཟས་མཆོག་ཏུ་གྱུར་བར་འགྱུར་ཐུབ་མེད། དགེ་ཆོས་ཀྱིས་“གཞན་གྱི་སྒྲོས་དང་འགལ་གྱིས་དོགས་པའི་ཞུམ་པ་ཆེར་བྱས་ཚེ། ཤེས་རབ་འཕེལ་ནུས་པའི་གོ་བ་ཡང་མི་སྐྱེད་ཅིང་། འདི་ཡང་ནོར། དེ་ཡང་ནོར་སོགས་སྨྲས་ནས་དྲང་པོའི་ལུགས་སུ་བྱས་ན་ཆེ་ཆུང་མང་པོའི་ཐུགས་ལ་ཐོག་བརྫིས་སུ་འགྲོ་ཞིང་། རང་གི་འཚོ་ཐབས་སོགས་ལ་ཅི་ཙམ་གནོད་པར་འགྱུར་བ་ཁོ་བོ་བོད་ཀྱི་མི་རང་ཡུལ་རང་ལ་རྒྱུས་ཡོད་པས་ཤིན་ཏུ་ལེགས་པར་ཤེས་མོད། ཇི་མི་སྙམ་པར་བྲི་བ་ལགས་པས་སེམས་ཆུང་རྣམས་འཁོན་དུ་མི་འཛིན་པར་གསོལ་བ་ལན་བརྒྱར་འདེབས་པ་ལགས”ཞེས་པས་རང་གིས་སྦྱོང་བྱ་ལས་གཞན་པ་ཇི་མི་སྙམ་པ་བཏང་ནས།  རང་གི་སྦྱོང་བྱ་བརྟན་པོ་འཛིན་སྦྱང་དགོས་གསུངས། བོད་པའི་རིགས་གཞུང་བ་བྱིངས་ཀྱི་ལམ་ཕྱོགས་གཅིག་འཛིན་མེད་པས། རིགས་གནས་བཅུ་ལ་མཁས་མིང་ཅན་མང་པོ་བྱུང་བ་རེད།རིགས་གནས་བཅུ་ལ་མཁས་ཀྱང་རིགས་གཅིག་འབུར་དུ་དོད་པ་མཐོང་རྒྱུ་མུན་ཁྲོད་ནང་གི་དཀར་མདའ་ཡིན། རིགས་གཅིག་ཆོག་ཤེས་ཀྱི་སྙིང་སྟོབས་ལས་འཁྲུངས་པའི་དཔེ་ཆ་ཞིག་མིན་ན། དཔེ་ཀློག་བ་ཀུན་ཡིད་མོས་འཆོར་སར་གྱུར་མི་ཐུབ། ང་ཚོའི་དཔེ་ཀློག་པ་བླ་གྲྭ་བཤེས་གསུམ་གང་མང་མང་ཞིགགོང་མར་འགལ་དོགས་དང་། འོག་མས་སྐྱོན་འདོགས་ལ་དོགས་པས། དཔེ་ཀློག་དྲང་ལམ་ལ་ཆས་མཁན་ཆེས་དཀོན། དེས་དཔེ་ཀློག་པ་འགས་བོན་པོའི་རིགས་གནས་སྒྲུང་དུ་འདོད་ན་ཡང་། ང་ཚོས་དེར་འཁང་ར་དང་ལེ་བདའ་སྤངས། རལ་གྲི་སོ་གཉིས་ཅན་མི་ཐོགས་པ། བདེན་པའི་སྤུ་གྲི་སོ་གཅིག་མ་ཕྱར་ནས་རང་ཉིད་དཔེ་ཀློག་ཐད་འཛོལ་མི་རུང་། དཔེ་ཀློག་བ་ཡིན་ཟེར་མཁན་ཚོས་རང་ཉིད་ཀྱིས་དཔེ་ཆ་གང་ཞིག་བཀླག་དགོས་པ་དང་། དཔེ་ཆ་གང་ཞིག་བློས་གཏོང་དགོས་པའི་གཉིད་ལས་མ་སད་བར། ཁྱོད་གཉིད་རྨུགས་ཀྱི་རྨི་ལམ་ལས་ཤེས་རབ་ཀྱི་སྣང་བ་རྒྱས་མི་སྲིད། ཁྱེད་ཤེས་རབ་ཀྱི་འོད་སྣང་རྒྱས་འདོད་ན་དང་པོ་ཁྱེད་ལ་དཔེ་ཀློག་གི་སྙིང་སྟོབས་སམ་བློ་གཏོང་གི་སྙིང་སྟོབས་དགོས། ཁྱེད་ལ་སྙིང་སྟོབས་དེ་ཕོངས་ཚེ། ཁྱེད་མཁས་འདོད་ཀྱི་རེ་བའི་ཁྱོད་ཡོན་ཏན་གྱིས་ཕངས་པའི་གཡང་ལ་ལྟུང་ཉེན་ཆེ། ཁྱེད་ཀྱིས་མཁས་པའི་ཁྲི་ལས་གཏམ་བཤད་འདོད་ན། ཁྱེད་ལ་མེད་ཐབས་མེད་པའི་ཆ་རྐྱེན་ཏེ་འདོད་ཆུང་ཆོག་ཤེས་ཀྱི་སྙིང་སྟོབས་ཡིན། འདོད་ཆུང་ཆོག་ཤེས་ཀྱི་སྙིང་སྟོབས་ཏེ་རིགས་གཅིག་ཆོག་ཤེས་པའི་ཤེས་རབ་བམ། རིགས་གཅིག་ཆོག་ཤེས་པའི་སྙིང་སྟོབས་ཡིན། རིགས་གཅིག་ཆོག་ཤེས་ཀྱི་སྙིང་སྟོབས་དེ་ཁྱོད་མཁས་པའི་ཁྲིར་འཛེག་པའི་སྤར་མོ་ཡིན། རིགས་གཅིག་ཆོག་ཤེས་མེད་པའི་འདོད་རྔམས་དེས།  ཁྱེད་མཁས་པའི་ཁྲིར་འཛེག་པའི་སྐྲས་ཀྱི་རྟིང་བུ་བརྡོལ་བར་བྱས། བོད་ཀྱི་དགོན་སྡེའི་ཁྲོད་ཀྱི་སློབ་གཉེར་བའི་དཔེ་ཀློག་ནི་མྱི་ཕྱེས་ཁྱི་འདྲོག རྟ་ཕྱེས་བོང་འདྲོག་ཙམ་ལས།  རིགས་པ་གཅིག་འཛིན་གྱི་དཔེ་ཆ་ཀློག་མཁན་མཐོང་རྒྱུ་རླུང་ཁྲོད་ཀྱི་མར་མེ་རེད། ཕར་བལྟས་ཚེ་མཚན་ཉིད་རིགས་པ་སྦྱོང་ཚུལ་མཐོང་ཀྱང་། དོན་དངོས་ཐོག་སྙན་ཚིག་ཤོ་ལོ་ཀ་འགའ་དང་། འབྲེལ་མེད་ལས་ལ་ཇུས་གཏོགས།  ཁྱིམ་ཐབ་ཟད་མེད་ལ་འཐབ་རྩོད་ཅེས། སྐུར་འདེབས་སྒྲོ་བཏགས་ངོ་བསྟོད་ཀྱི་ཚིག་ཙམ་གྱི་ཐད་ལ་ཉི་མ་གང་འཁྱོལ་བྱས་པ་ནི་སེམས་ཧ་ཅང་ཕོངས། ཁྱེད་སྙན་ངག་པ་ཞིག་འདོད་ན་སྙན་ངག་གི་རྐང་པ་གཅིག་ལ་བརྙབ་ནས་སྙན་པའི་གླུ་དབྱངས་ལེན།  ཁྱེད་ནང་བའི་མཚན་ཉིད་རིགས་པ་བ་འདོད་ན་མཚན་ཉིད་རིག་པའི་རྐང་པར་འཛིན་ནས་དཀའ་གནད་གོ་བདེ་བཀྲམ། ཁྱེད་སློབ་གསོ་བ་འདོད་ན། ཕན་སེམས་འོ་མའི་ཀུན་སློང་གིས་བློ་དམན་རྨོངས་པ་ཡོངས་རྫོགས་མུན་པའི་ཁྲོད་ནས་གསལ་བའི་ཐང་ལ་བསྐྱལ།  ཁྱེད་གསོ་བ་རིགས་པ་བ་ཞིག་འདོད་ན། གསོ་རིག་གི་མྱོང་བ་ལམ་འཁྱེར་བྱེད་ནས།  ཉམ་ཐག་ཨུ་ཐུག་གིས་གདུང་བའི་འགྲོ་རྣམས་སྐྱིད་པའི་ཁྱིམ་ལ་འཁྲིད་དགོས་པ་ལས།  ཁྱེད་ཉིད་གསོ་རིགས་དང་མཚན་ཉིད་རིགས་པ་གཉིས།  སྙན་ངག་དང་མཚན་ཉིད་རིགས་པ་གཉིས།  སློབ་གཉེར་དང་ཁྱིམ་ལས་གཉིས་སོགས་སྦྱང་བརྩོན་བྱས་ན།  ཁྱེད་ལ་སྦྱང་བརྩོན་མི་ཆོག་པའི་བཀག་འགོག་མེད་ཀྱང་།  ཁྱེད་ལ་བློས་གཏོང་གི་སྙིང་སྟོབས་སམ། དཔེ་ཀློག་གི་ལམ་ཕྱོགས་མེད་པའམ།  རིགས་གཅིག་ཆོག་ཤེས་ཀྱི་ཤེས་རབ་ཀྱིས་ཕོངས་བས།  ཁྱེད་ཉིད་མཁས་པའི་རྒྱལ་སར་འགྲོ་བའི་ལམ་ཡིག་ནོར་བས་རྨོངས་པའི་གཡང་ལ་ལྟུང་ཉེན་ཆེ། 

རིགས་གཅིག་རྐང་པ་འཛིན་པའི་དཔའ་བོ་དང་།།

རིགས་སྣ་མང་བརྒྱ་མཁྱེན་པའི་མཁན་པོ་གཉིས།།

མིང་དོན་གཉིས་ལྡན་མཁས་པའི་དབུ་གདུགས་ཏེ།།

རིགས་པ་གཅིག་འཛིན་མགོ་ཐོག་ཕྱར་བར་རྟོགས།།