གཡུང་དྲུང་བོན་བསྟན་དར་ནུབ་སྐོར་ཅུང་ཙམ་གླེང་བ།

111.jpg

 དེ་ལ་ཡང་སྤྱིར་གནའ་དེང་གི་མི་ཁ་ཤས་ཀྱིས་བོན་ཅེས་གོ་ཚད་དམ་ཡིན་ཚད་སྟོན་པ་གཤེན་རབ་མི་བོ་ཆེའི་བསྟན་པ་རིན་པོ་ཆེ་འདི་ལ་གོ་བ་ལེན་མཁན་བྱུང་དང་འབྱུང་མུས་སུ་མཆིས་མོད་དེ་དག་གིས་དོན་དངོས་བོན་ཅེས་པ་དང་གཡུང་དྲུང་བོན་ཅེས་པའི་བོན་གཉིས་ཁྱད་མེད་དུ་གོ་བ་གཅིག་ཏུ་ལེན་ཞིང་དེ་གཉིས་ཁྱད་མེད་དུ་ངོས་འཛིན་བྱས་པའི་སྐྱོན་ཞིག་རེད། སྤྱིར་བོན་ཅེས་པ་ནི་ཡོད་པ་དང་ཤེས་བྱ་སོགས་ཡོད་ཚད་ལ་བོན་ཅེས་བྱ་དེ་འདྲ་ཡིན་ཚུལ་བོན་གྱི་གཞུང་ལུགས་ཁག་ལས་གསལ་བོར་བཀོད་ཡོད། ད་དུང་བོན་ཅེས་པ་དེ་ཉིད་འཇུག་ཡུལ་ཀྱང་དུ་མ་ཞིག་ཡོད་ལ། དཔེར་ན་འཁོར་འདས་ཀྱི་ཤེས་བྱ་ཀུན་ལ་ཡང་འཁོར་འདས་ཀྱི་བོན་ཅེས་པ་ལ་སོགས་འཇུག་གཞི་བརྒྱད་ལ་སོགས་ཡོད་པ་ཀུན་མཁྱེན་ཤར་རྫ་པའི་བཀའ་འབུམ་དག་ལས་གསལ་པོར་གསུང་ཡོད་ལ། གཡུང་དྲུང་བོན་ཅེས་པའི་བོན་ནི་འགྲོ་བ་རྣམས་འཁོར་བ་ལས་སྐྱོབ་པའི་ཐབས་སུ་གྱུར་བའི་རྣམ་དཀར་གྱི་ཡོན་ཏན་ཞིག་ལ་ཟེར། དཔེར་ན་དམ་པའི་ཆོས་ཞེས་པའི་ཆོས་དེ་ཆོས་སམ་གཞི་གྲུབ་ཀྱི་ཆོས་ཙམ་ལ་གོ་རྒྱུ་མ་ཡིན་པར་སྟོན་པ་ཤཱཀྱ་ཐུབ་པའི་བསྟན་པ་ལ་གོ་དགོས་པར་བཞིན་སྤྱིར་གཡུང་དྲུང་བོན་ཅེས་པ་དེ་སྤྱིར་བོན་ཙམ་སྟེ་སྤྱིར་ཡོད་པ་ཙམ་ལ་གོ་རྒྱུ་མ་ཡིན་པར་དམིགས་སུ་སྟོན་པ་གཤེན་རབ་མི་བོ་མཆོག་གི་བསྟན་པ་ལ་གོ་དགོས་ཚུལ་ཀྱང་དམ་པའི་ཆོས་དང་གཅིག་མཚུངས་རེད།ད་དུང་ཆོས་ལུགས་ཀྱིས་དབང་དུ་བྱས་ན་བོན་ཅེས་པ་མང་པོ་ལ་འཇུག་སྟེ་དཔེར་ན་མུ་སྟེགས་པའི་ཆོས་ཀྱི་ནང་དུ་སེམས་ཅན་སྲོག་བཅད་ན་དགེ་བར་རློམ་པ་དེ་དག་ནི་བོན་ནམ་ཆོས་ཡིན་ཀྱང་དེ་ནི་གཡུང་དྲུང་བོན་ཀྱང་མ་ཡིན་ལ་དམ་པའི་ཆོས་ཀྱང་མ་ཡིན་དེ་ནི་ཕྱི་རོལ་བའི་ཆོས་ལུགས་སམ་འདོད་ཚུལ་ཞིག་རེད། དེ་དག་སོགས་ལ་བསམ་བཞེས་ལེགས་པོར་གནང་ནས། བོན་དང་གཡུང་དྲུང་བོན་གཉིས་ཀྱི་བོན་ལ་ཁྱད་པར་དེ་སྐབས་དོན་སྒོ་ནས་འབྱེད་དགོས། དེ་ལ་དྲུང་མུ་གྱེར་རམ་གཡུང་དྲུང་བོན་བསྟན་ནི་མི་ལོ་ཆིག་ཁྲི་བརྒྱད་སྟོང་སྔ་རོལ་དུ་ཞང་ཞུང་གི་ཡུལ་དུ་དང་ཐོག་སྟོན་པ་གཤེན་རབ་མི་བོ་ཆེས་ཐོག་མར་སྲོལ་གཏོད་པའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཡིན་ཞིང༌། དེ་ཡང་སྟོན་པ་གཤེན་རབ་མི་བོ་ཆེས་གཡུང་དྲུང་བོན་གྱི་བཀའ་ཡི་འཁོར་ལོ་རིམ་པ་གསུམ་སྐོར་སྟེ་བཀའ་དང་པོ་ཐེག་པ་རིམ་དགུ་དང་བར་བ་སྒོ་བཞི་མཛོད་ལྔ་ཐ་མ་ཕྱི་ནང་གསང་གསུམ་གྱི་བོན་གྱི་འཁོར་ལོ་རིན་པོ་ཆེ་གསུམ་སྐོར་སྟེ་གཙོ་བོ་འཛམ་གླིང་གི་གདུལ་བྱ་རྣམས་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་ལ་འཁྲིད་པའི་ཕྱིར་ཏུ་བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ལ་སོགས་བཀའ་དུ་མ་གསུང་ཞིང་མཛད་པ་བཅུ་གཉིས་དང་མཛད་པ་དྲུག་ཅུ་དང་བརྒྱ་རྩ་བརྒྱད་དང་སུམ་བརྒྱ་དྲུག་ཅུ་ལ་སོགས་གདུལ་བྱ་རྣམས་ལ་གང་ལ་གང་འདུལ་དུ་མཛད་པ་དུ་མ་བསྟན་ནས་སླར་ཡང་རྟག་ཏུ་རེ་བ་རྣམས་ལ་དཔེར་བསྟན་པའི་ཕྱིར་དུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཅིང༌། དེའི་རྗེས་སུ་གསུང་གི་སྟོན་པ་མུ་ཆོ་སྡེ་དྲུག་གཙོ་བོ་བྱས་ཏེ་བཀའ་བསྡུ་གཙོ་འཁོར་བཅུ་གསུམ་གྱིས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་འཆད་ཉན་གྱི་དབུ་བཙུགས་ཤིང་མུ་ཆོ་སྡེ་དྲུག་གི་སློབ་མ་གཙོ་བོ་འཛམ་གླིང་མཁས་པའི་རྒྱན་དྲུག་སྟེ། སྟག་གཟིག་གི་མཁས་པ་དམུ་ཙ་ཏྲ་ཧེ་དང་ཞང་ཞུང་གི་མཁས་པ་ཁྲི་ཐོག་སྤ་ཚ། སུམ་པའི་མཁས་པ་ཧུ་ལི་སྤ་ཡ། རྒྱ་གར་གྱི་མཁས་པ་ལྷ་བདག་སྔགས་གྲོལ། རྒྱ་ནག་གི་མཁས་པ་ལེགས་ཏང་རྨང་བོ། ཁྲོམ་ལ་མཁས་པ་གསེར་ཐོག་ལྕེ་འབྱམས་དང་དྲུག་གིས་འཛམ་གླིང་ཡུལ་གྲུ་ཀུན་ཏུ་བོན་གྱི་བསྟན་པ་འདི་ཉིད་དར་སྤེལ་གཏོང་སྟེ་བོད་དང་ཞང་ཞུང་རྒྱ་གར་རྒྱ་ནག་ཁ་ཆེ་ཨོ་རྒྱན་ཁྲོམ་ལ་སོགས་ལ་གཡུང་དྲུང་བོན་གྱི་བསྟན་པ་དར་རྒྱས་སུ་སྤེལ་བཞིན། དེ་དག་གི་སློབ་མ་མཁས་པ་མི་བཞི་སྟེ་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་དང་ཤ་རི་དབུ་ཆེན་མི་ཉག་ལྕེ་ཚ་ཁ་བུ་གྱིམ་ཚ་རྨ་ཆུང་དང་བཞི་ཡིས་སྟག་གཟིག་གི་སྐད་དང་ཞང་ཞུང་གི་སྐད་སོགས་ལས་བོན་གྱི་བཀའ་དང་བཀའ་བརྟེན་དུ་མ་ཞིག་བོད་སྐད་དུ་བསྒྱུར་གནང་མཛད་དེ་བོད་སོགས་ཡུལ་གྲུ་གང་མང་ཞིག་ཏུ་བསྒྱུར་སྤེལ་མཛད་ཅིང༌། དེ་ཡང་བོད་ཀྱི་བཙན་པོ་བརྒྱད་པ་གྲི་གུམ་གྱིས་བོན་བསྟན་ཅུང་ནུབ་ཀྱང་སླར་ཡང་བོད་ཀྱི་བཙན་པོ་དགུ་པ་སྤུ་ལྡེ་གུང་རྒྱལ་གྱིས་བོན་བསྟན་སླར་ཡང་དར་རྒྱས་མཛད་དེ་ཞང་ཞུང་གི་ཡུལ་ནས་བོན་གྱི་མཁས་ཆེན་བརྒྱ་དང་རྩ་བརྒྱད་ལ་སོགས་ཞང་ཞུང་གི་མཁས་དབང་དུ་མ་གདན་དྲངས་ཏེ་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་སླར་ཡང་བོད་ཀྱི་ཡུལ་གྲུ་སོགས་ཀུན་ཏུ་དར་རྒྱས་སུ་བྱུང་ཅིང༌།དེ་ནས་བོན་གྱི་མཁས་པ་མཐུ་ཆེན་མི་དགུ་བོན་མཁས་བཞི་བཅུ་སོགས་ཀྱིས་བོན་བསྟན་ཡར་ངོའི་ཟླ་བ་བཞིན་དུ་དར་རྒྱས་སུ་སྤེལ། ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་བཙན་པོ་ཁྲི་སྲོང་གཉིས་ཀྱི་རིང་ལ་ཡང་ཞང་ཞུང་བོན་གྱི་རྒྱལ་ཁབ་དེ་ཉིད་བོད་ཀྱི་མངའ་ཁོངས་སུ་བསྡུས་ཏེ། བོན་བསྟན་ཀྱང་སླར་ཅུང་ནུབ་ཅིང་བོན་གྱི་མཁས་པ་དག་བོད་རུ་བཞི་ལས་བརྒལ་ཏེ་གཡའ་རི་དང་གངས་བྲག་གནས་མཆོག་དུ་མར་ཕེབས་ཤིང་ལ་ལ་མཁའ་སྤྱོད་དུ་གཤེགས་པ་སོགས་བོད་ཡུལ་ལ་བོན་བསྟན་དར་ནུབ་བྱུང་ཅིང་སླར་ཁྲི་སྲོང་སྨད་ནས་སླར་ཡང་བོན་གྱི་མཁས་དབང་དག་གདན་འདྲེན་ཞུས་ཏེ་བོན་བསྟན་དར་སྤེལ་དུ་གཏོང་སྟེ་ཁྲི་སྲོང་གི་ཞལ་ནས་མཁའ་ལ་ཉི་ཟླ་གཉིས་ས་ལ་བོན་བན་གཉིས་གསུངས་ནས་བོན་བན་གཉིས་ཀ་ཉམས་ལེན་མཛད་ཅིང་བཞུགས་ན་ཡང་བོན་གྱི་བཀའ་དང་བཀའ་བརྟེན་མང་པོ་ཞིག་ཁྲི་སྲོང་གི་སྐུ་ཚེ་སྟོད་དང་གྲི་གུམ་གྱི་རིང་ལ་གཏེར་དུ་སྦས་པ་མཛད་ཅིང༌། མཐར་བོད་ཀྱི་བཙན་པོ་ཨུ་དུམ་བཙན་གྱི་སྐུ་ཚེ་སྨད་ནས་སླར་བོན་བསྟན་དང་བན་བསྟན་གཉིས་ཀ་ཉམས་དམས་སུ་གཏོང་པས་བོན་བན་གཉིས་ཀྱི་བསྟན་པ་འདི་ཉིད་ལོ་བཅུ་ཕྲག་ལྷག་ལཅུང་ཉམས་དམས་སུ་གཏོང༌། སླར་ཡང་བོན་བསྟན་འདི་ཉིད་ཨ་ཙ་ར་མི་གསུམ་གྱི་གཙོ་བོ་བྱས་ཏེ་གཏེར་སྟོན་གཤེན་གྱེར་རྨ་སྟོན་ཁུ་ཚ་སོགས་ཀྱི་གཏེར་སྟོན་པ་དག་གིས་སྔོན་གྲི་གུམ་དང་ཁྲི་སྲོང་སོགས་ཀྱི་རིང་ལ་གཏེར་དུ་སྦས་པའི་བོན་གྱི་བཀའ་དང་བཀའ་བརྟེན་ལ་སོགས་དུ་མར་གཏེར་ལས་སླར་ཡང་གདན་དྲངས་ཏེ་བྲུ་ཞུ་སྤ་རྨེའུ་གཤེན་ལ་སོགས་པ་ལ་བཀའ་འབབ་ཏུ་བསྟན་ཏེ་བོན་བསྟན་རིན་པོ་ཆེ་ཉི་འོད་བཞིན་དུ་དར་རྒྱས་སུ་གཏོང་ཅིང༌། ཡང་ཁྱད་དགོངས་མཛོད་རི་ཁྲོད་པ་ཆེན་པོས་བོན་གྱི་བཤད་སྒྲུབ་ཀྱི་དབུ་བཙུགས་ནས་བཀའ་འབབས་ཀྱི་སློབ་མ་བཞི་སྒོམ་ཆེན་འབར་བ་དང་ཡར་མེ་སོགས་ལ་བསྟན་ཏེ་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཡར་ངོའི་ཟླ་ལྟར་ཆེས་དར་རྒྱས་སུ་སྤེལ་ཅིང༌། དེའི་རྗེས་གཡས་རུ་སྟོན་པ་བཅོ་བརྒྱད་ལ་སོགས་ཀྱིས་བོན་གྱི་བསྟན་པ་རིན་པོ་ཆེ་བོད་ཡུལ་མདོ་དབུས་ཁམས་གསུམ་ཀུན་ཏུ་སྤེལ་བ་མཛད། སླར་སློབ་དཔོན་གཙུག་གཤེན་རྒྱལ་བ་དངོས་བྱོན་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་གྱིས་བོན་གྱི་གྲྭ་ས་ཆེན་མོ་དཔལ་གཤེན་བསྟན་བཀྲ་ཤིས་སྨན་རི་དགོན་ཕྱག་བཏབ་སྟེ་བོན་གྱི་བསྟན་པ་བཤད་སྒྲུབ་ཀྱི་དར་ཆེན་སྲིད་པ་གསུམ་ལ་བསྒྲེང་སྟེ་བོན་བསྟན་ཉི་འོད་བཞིན་དུ་ཕྱོགས་ཀུན་ཁྱབ་པར་མཛད་དེ་ཁོང་གི་བཀའ་འབུམ་དུ་མར་སྩལ་ཏེ་ཕྱོགས་ཀུན་ཏུ་རྒྱས་པར་མཛད་དོ། །

༢༠༡༠ལོའི་ཟླ་ཚེས་བཟང་པོའི་ཉིན་རིན་སྤུངས་ཚུལ་བསྟན་གྱིས་བྲིས་པའོ། །