རྟེན་འབྲེལ་བཅུ་གཉིས་ཀྱི་སྐོར་རགས་ཙམ་གླེང་བ།

   སྤྱིར་འཁོར་བ་ནི་སྡུག་བསྔལ་གྱི་རང་བཞིན་དང་སྐྱེ་འཆིའི་རང་བཞིན་གལ་སྲིད་མི་ལུས་རིན་པོ་ཆེའི་ལུས་རྟེན་རེ་རྙེད་ཀྱང་ཡུན་རིང་བོར་སྡོད་ལོང་མེད་པར་ཤིས་དགོས་ཤིང་། ཤི་བའི་འོག་ཏུ་མེ་ཤི་ནས་དུ་བ་ཆད་པའམ་ཆུ་སྐམ་ནས་རླན་མེད་པ་ལྟ་བུ་ཞིག་མ་ཡིན། ལུས་ཞིག་ཀྱང་སེམས་མེད་དུ་མི་འགྲོ་བས་ངེས་པར་སྐྱེ་བ་བླང་དགོས། སྐྱེ་བ་ཞིག་བླངས་ཕྱིན་ཆད་མ་དག་པའི་རྟེན་འབྲེལ་གྱི་དབང་གིས་འཁོར་བའི་གནས་ལས་མ་འདས་ཏེ། སྤྱིར་འཁོར་བ་ཞེས་པ་གཅིག་ནས་གཅིག་བརྒྱུད་ཟོ་ཆུའི་རྒྱུད་མ་འདྲ་བ་དང་གཅིག་ནས་གཅིག་འཁོར་ཤིང་རྟའི་འཕང་ལོ་འདྲ་ཞིང་། མ་དག་པའི་སེམས་ཅན་རྣམས་མ་དག་པའི་རྟེན་འབྲེལ་གྱིས་བཅིངས་པའི་རིགས་དྲུག་གི་སྐྱེ་གནས་གཅིག་ལ་གཅིག་ཕོག་པའི་སྒོ་ནས་མཐོང་བ་སྲིད་པའི་རྩེ་ནས་དམའ་དམྱལ་བ་བར་དུ་ཡང་ཡང་ཟག་བཅས་ཀྱི་དགེ་བ་དང་མི་དགེ་བའི་རྒྱུས་གཅིག་ནས་གཅིག་ཏུ་སྐྱེ་ཞིང་འཁོར་བས་ན་འཁོར་བ་ཞེས་བྱ་ལ་མ་དག་པའི་རྟེན་འབྲེལ་ཡང་ཟེར། ཇི་སྐད་ཁྱེའུ་ཆུང་ལ་གདམས་པ་ལས། སྐྱེས་ནས་སྐྱེ་བར་འཁོར་བའི་སྡུག་བསྔལ་གྱིས། །བདག་གི་ཤ་བསགས་དིང་སང་རི་རབ་ཙམ། །བདག་གི་ཁྲག་བསགས་དིང་སང་རྒྱ་མཚོ་ཙམ། །སྐྱེ་རྒ་ན་འཆིའི་སྡུག་བསྔལ་སྤང་རན་མཆི། །ཞེས་གསུངས་པས། སྐྱེ་བ་མེད་པའི་དོན་ཉིད་མ་རྟོགས་ན། སྡུག་བསྔལ་འཁོར་བའི་གནས་སུ་ད་དུང་འཁོར། །ཞེས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོའི་ནང་རྟེན་འབྲེལ་བཅུ་གཉིས་ཀྱིས་འཁོར་ལོ་གྲངས་ཀྱིས་མི་དཔོག་པ་འཁོར། །
    དེ་ཡང་དང་པོ་རྟེན་འབྲེལ་བཅུ་གཉིས་ཀྱི་འདྲ་མཚུངས་ཀྱི་གྲངས་བགྲང་བ། མ་རིག་རྒན་མོ་ལོང་བ་འདྲ། འདུ་བྱེད་རྫ་མཁན་བུ་ཕོ་འདྲ། རྣམ་ཤེས་ཤིང་ཁར་སྤྲེའུ་བྱུང་འདྲ། མིང་དང་གཟུགས་ནི་རྫས་ནོར་འདྲ། སྐྱེ་མཆེད་དྲུག་ནི་བྱད་དང་འདྲ། རེག་པ་སྨྱུག་དོང་སྦྲུལ་སོང་འདྲ། ཚོར་བ་གཏར་ཚན་ཆུ་གཏིག་འདྲ། སྲེད་པ་སྒོ་ནོར་མི་དང་འདྲ། ལེན་པ་རྒྱ་བྱ་ཆུ་འཐུང་འདྲ། སྲིད་པ་ཕོ་མོ་འཁྲིག་ཆགས་འདྲ། སྐྱེ་བ་མཁར་བ་ལུགས་འབྱུང་འདྲ། རྒ་ཤི་དེ་བཞིན་དངོས་པོར་སྟོན་ཅེས་བཅུ་གཉིས་སོ། །༡འདྲ་མཚུངས་ནི་རྒན་མོ་ལོང་བས་ཡུལ་དང་ལམ་མི་གསལ་བ་ལྟར་མ་རིག་པས་ཀྱང་ཡུལ་གྱི་གནས་ལུགས་དང་ལམ་དང་འཇུག་སྒོ་ལ་སོགས་མི་གསལ་བས་མ་རིག་རྒན་མོ་ལོང་བ་འདྲ་ཞེས་བྱའོ། །༢རྫ་མཁན་གྱིས་རྫ་མ་སྣ་ཚོགས་བསགས་པ་བཞིན་འདུ་བྱེད་ཀྱིས་དགེ་སྡིག་ལུང་མ་བསྟན་གྱི་ལས་སྣ་ཚོགས་བསགས་པས་འདུ་བྱེད་རྫ་མཁན་བུ་ཕོ་འདྲ་ཞེས་བྱའོ། །༣ཤིང་ཁའི་སྤྲེའུས་ཡུལ་དང་རྟེན་གྱི་ཤིང་དོར་ལེན་བྱེད་པ་ལྟར་རྣམ་ཤེས་ཀྱིས་ཡུལ་དང་ཕུང་བོ་མདོར་ལེན་བྱེད་པས་རྣམ་ཤེས་ཤིང་ཁའི་སྤྲེའུ་བྱུང་འདྲ་ཞེས་བྱའོ། །༤ རྫས་ནོར་གྱིས་སྡུག་བསྔལ་གྱི་གཞི་བྱེད་པ་བཞིན་མིང་གཟུགས་ཀྱིས་སྡུག་བསྔལ་གྱི་གཞི་བྱེད་པས་མིང་དང་གཟུགས་ནི་རྫས་ནོར་འདྲ་ཞེས་བྱའོ། །༤བྱད་ལ་དབང་བོ་སོ་སོར་དོད་པ་ལྟར་སྐྱེ་མཆེད་དྲུག་ཀྱང་སྒོ་སོ་སོར་དོད་པས་སྐྱེ་མཆེད་དྲུག་ནི་བྱད་དང་འདྲ་ཞེས་བྱའོ། །༥སྙུག་དོང་དུ་སྦྲུལ་ཞུགས་པ་ཡས་མར་གང་རུང་དུ་འབྱུང་བ་བཞིན་རེག་པ་ཡང་བདེ་སྡུག་གང་རུང་དུ་འབྱུང་བས་རེག་པ་སྙུག་དོང་སྦྲུལ་སོང་འདྲ་ཞེས་བྱའོ། །༦གཏར་ཚན་ལ་ཆུ་འཐིག་པ་མྱུར་དུ་ལེན་པའམ་ཚོར་བ་ལྟར་ཚོར་བས་རིག་པ་མྱུར་དུ་ལེན་པའམ་མྱོང་བས་ཚོར་བ་གཏར་ཚན་ཆུ་འཐིག་འདྲ་ཞེས་བྱའོ། །༧གནས་སྒོ་ནོར་བའི་མི་དེས་འཕྲད་པར་འདོད་པ་ལྟར་སྲེད་པས་སྔར་མྱོང་ཐོབ་པར་འདོད་པས་སྲེད་པ་སྒོ་ནོར་མི་དང་འདྲ་ཞེས་བྱའོ། །༨རྒྱ་བྱས་ཆུ་འཐུང་བར་འདོད་པས་ཆུ་ལ་ཉེར་བར་རྒྱུགས་པ་ལྟར་ལེན་པས་འདོད་པ་ལ་ལྷག་པར་འདུན་པས་ལེན་པ་རྒྱ་བྱ་ཆུ་འཐུང་འདྲ་ཞེས་བྱའོ། །༩ཕོ་མོ་འཁྲིག་པས་སྐྱེ་བས་དངོས་རྒྱུ་བྱེད་པ་ལྟར་སྲིད་པས་ཀྱང་ཡང་སྲིད་ཀྱི་ནུས་པ་མཐུ་ཅན་དུ་འགྱུར་བས་སྲིད་པ་ཕོ་མོ་འཁྲིག་ཆགས་འདྲ་ཞེས་བྱའོ། །༡༠འཁོར་བ་ལུགས་ཁུང་ནས་བྱུང་བའི་གཟུགས་བརྙན་སྔར་མེད་གསར་དུ་སྣང་བ་ལྟར་སྐྱེ་བ་ཡང་སྔར་མེད་གསར་དུ་འབྱུང་བས་སྐྱེ་བ་མཁར་བ་ལུགས་འབྱུང་འདྲ་ཞེས་བྱའོ། །གཞན་༡༡རྒས་པ་དང་༡༢ཤི་བ་མངོན་དུ་མཐོང་བ་ལྟར་དེ་བཞིན་དུ་བདག་གཞན་སུ་ཡང་དེའི་རང་བཞིན་དུ་ཤེས་པར་བྱ་དགོས་པས་རྒ་ཤི་དེ་བཞིན་དངོས་པོར་སྟོན་ཅེས་བྱའོ། །
   དང་བོ་མ་རིག་པ་ལ་མདོར་བསྟན་དང་དབྱེ་བ་རྒྱས་བཤད་གསུམ། དང་བོ་ནི་མ་རིག་རྣམ་པ་བཅུ་གཉིས་སྟོན་ཅེས་མ་རིག་པའི་དོན་མི་ཤེས་རྨུགས་པའོ། །
   གཉིས་པ་དེ་ལ་དབྱེ་ན། བཅུ་གཉིས་འོག་ཏུ་འཆད་ཅིང་ཡང་ན་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་དང་། ལས་འབྲས་ལ་རྨོངས་པའི་མ་རིག་པ་གཉིས་ལའང་འདུས།
   གསུམ་པ་རྒྱས་བཤད་ནི། ཡང་དག་བདེན་པ་བོན་ཉིད་ཀྱི་དོན་དང་སེམས་ཉིད་ཀྱི་དོན་མ་རིག་པ་དང་། ངན་སོང་དང་འཁོར་བར་ལྟུང་བའི་རྒྱུ་དུག་ལྔ་ལ་སོགས་ཀྱི་སྐྱོན་དང་། བདེ་སྡུག་མ་སོགས་སུ་སྐྱེ་བའི་རྒྱུ་དང་རྐྱེན་གྱི་སྤང་བླང་དང་། ལམ་མཆོག་དམན་དང་ཐེག་པའི་འཇུག་སྒོ་བཟང་ངན་དང་། འཁོར་ས་ཐེག་ས་འབྲས་ས་ལ་སོགས་གནས་དང་། འཁྲས་པས་ཁྱད་པར་དང་། ལས་དང་སྤྱོད་པ་ལྔ་ལ་འཇུག་པའི་ཐབས་ལ་སོགས་དང་། དགེ་སྡིག་གཉིས་ཀྱི་ནུས་པའི་ཆ་སོགས་དང་། ཐར་བའི་བདེ་བ་དང་འཁོར་བའི་སྡུག་བསྔལ་གྱི་ཁྱད་སོགས་དང་། སྒྱུ་མ་ལྟ་བུའི་སྣང་བ་འདི་བསླུ་བའི་རྐྱེན་སོགས་དང་། རྟག་ཆད་ལ་སོགས་ལྟ་བ་ཕྱིན་ཅི་ལོག་གི་སྐྱོན་དང་། འཁོར་བ་ལྡོག་པའི་ཐབས་ལམ་རྒྱུད་ལ་བསྟེན་པ་དང་། མི་བསླུ་ངེས་པའི་འབྲས་བུ་སྐུ་དང་ཡེ་ཤེས་ལ་སོགས་མ་རིག་པ་རྨོངས་པས་མ་རིག་པ་ཞེས་བྱའོ། །
   གཉིས་པ་འདུ་བྱེད་ལ་མདོར་བསྟན་པ་དང་། དབྱེ་བ། རྒྱས་བཤད་དང་གསུམ།
དང་བོ་ནི་འདུ་བྱེད་རྣམ་པ་བཅུ་གཉིས་སྟོན་ཅེས་འདུ་བྱེད་ཀྱི་དོན་ནི་སེམས་རྣམ་པར་གཡོ་ཞིང་གཡེང་བའོ། །
   གཉིས་པ་དེ་ལ་དབྱེ་ན་རྣམ་པ་བཅུ་གཉིས་སུ་སྟོན་པས་འོག་ཏུ་གསལ་བ་འགྲེལ།
   གསུམ་པ་རྒྱས་བཤད་ནི། རིག་དྲུག་གི་སྲིད་པ་ཅིར་ཡང་མ་ངེས་པ་ལ་བར་མ་དོའི་སྐབས་ཀྱི་འདུ་བྱེད་དང་། ལུས་ཀྱི་རྟེན་མེད་པར་སེམས་འཕྱོ་ཞིང་རྟེན་མེད་ལ་ཡིད་མི་བདེ་བར་བར་དོའི་འདུ་བྱེད་དང་། ཀུན་གྱི་བག་ཆགས་ཕྱིར་དྲན་ཞིང་རྟོགས་པས་འདོད་པའི་དོན་རྗེས་སུ་བསྒྲུབ་པའི་འདུ་བྱེད་དང་། སྐྱེ་སྒོ་ཀུན་ལ་འཇུག་པ་རྗེས་སུ་རྟོགས་པས་སྐྱེ་གནས་ཡིད་ལ་བྱེད་པའི་འདུ་བྱེད་དང་། འཁྲུལ་བའི་བག་ཆགས་ལ་ཞེན་པ་འཁོར་བར་ཕྱིར་དྲང་ཞིང་ཡིད་ཀྱི་བསླུ་བ་དང་། ཕྱིན་ཅི་ལོག་རྟག་ཆད་ལ་སོགས་སྡིག་པའི་རྒྱུན་ཆགས་པའི་རྟོག་པ་ནི་བག་ཆགས་ངན་པ་རྒྱུ་བའི་དང་། ཡུལ་ཀུན་ལ་རྣམ་པར་གཡེང་བའི་རྟོག་པ་ནི་འཁོར་བའི་གནས་སུ་ཕྱིན་ལ་ཡང་ཡང་ལྟ་ཞིང་སྐྱེ་བའི་དང་། འདོད་པ་སོ་སོའི་རྗེས་སུ་ཡིད་འཇུག་པའི་རྟོག་པས་མི་གཟུགས་ཀྱི་ཉིང་མཚམས་ལ་སོགས་སྦྱོར་བའི་ཡིད་དང་། འདུ་ཤེས་མཚན་མར་ཞེན་ཅིང་འཁྲིག་པའི་རྟོག་པ་ནི་མཚན་མའི་ལྷག་མཐོང་གི་ཟེར་ཡུལ་ལ་འཇུག་པ་དང་། ཉེ་རིང་ཀུན་ནས་ཡིད་ཀྱི་འཕྱོ་ཞིང་འཁོར་བའི་རྟོག་པ་ནི་བརྟེན་པའི་གནས་ལ་སོགས་ལ་མི་འབྲལ་བ་དང་། གསལ་ཆ་ཅིར་ཡང་མཚོན་དུ་མེད་པ་ལ་གནས་པའི་རྟོག་པ་ནི་གསལ་བའི་མཁའ་ལ་སྐྱབས་ཚོལ་བ་དང་། ཅིར་ཡང་བརྟེན་པ་མེད་པའི་སྟོང་ཆ་ལ་གནས་པའི་རྟོག་པ་ནི་སྟོང་པ་བ་གའི་ཀློང་ཚོལ་བའི་འདུ་བྱེད་དོ། །
   གསུམ་པ་རྣམ་ཤེས་ལ་མདོར་བསྟན་པ་དང་། དབྱེ་བ། རྒྱས་བཤད་དང་གསུམ།
   དང་བོ་ནི་རྣམ་པར་ཤེས་པར་བཅུ་གཉིས་སྟོན་ཅེས་རྣམ་པར་ཤེས་པའི་དོན་ནི་ཡུལ་སོ་སོར་གཅོད་པའི་རིག་པའོ། །
   གཉིས་པ་དེ་ལ་དབྱེ་ན་རྣམ་པ་བཅུ་གཉིས་སུ་སྟོན་པས་འོག་ཏུ་སོ་སོ་འགྲེལ།
   གསུམ་པ་རྒྱས་བཤད་ནི། གཟུགས་ལ་ཡིད་ཀྱིས་སོ་སོར་གཅོད་པའི་མིག་ཤེས་ནི། དེ་མ་ཐག་རྐྱེན་ཡིད་ཤེས་བཞིན་དུ་གཟུགས་ཀྱི་རྣམ་པ་སོ་སོར་ཤེས་པའོ། །སྒྲ་ལ་ཡིད་ཀྱི་སོ་སོར་གཅོད་པའི་རྣམ་ཤེས་ནི་དེ་མ་ཐག་རྐྱེན་ཡིད་ཤེས་བཞིན་དུ་སྒྲའི་རྣམ་པ་སོ་སོར་ཤེས་པ་དང་། དྲི་ལ་ཡིད་ཀྱིས་སོ་སོར་གཅོད་པའི་སྣ་ཤེས་ནི། དེ་མ་ཐག་རྐྱེན་ཡིད་ཤེས་བཞིན་དུ་དྲིའི་རྣམ་པ་དང་། རོ་ལ་ཡིད་ཀྱིས་སོ་སོར་གཅོད་པའི་ལྕེ་ཤེས་ནི་དེ་མ་ཐག་རྐྱེན་ཡིད་ཤེས་བཞིན་དུ་རོའི་རྣམ་པ་དང་། རེག་ལ་ཡིད་ཀྱིས་སོ་སོར་གཅོད་པའི་ལུས་ཤེས་ནི། དེ་མ་ཐག་རྐྱེན་ཡིད་ཤེས་བཞིན་དུ་རེག་དང་། བོན་ལ་ཡིད་ཀྱིས་སོ་སོར་གཅོད་པའི་ཡིད་ཤེས་ནི། དེ་མ་ཐག་རྐྱེན་ཡིད་ཤེས་སྔ་མ་ལ་སོགས་ཅི་བཞིན་དུ་བོན་གྱི་རྣམ་པ་ཀུན་སོ་སོར་གཅོད་པའི་རྣམ་ཤེས་དང་། ཡང་ན་གཟུགས་ལ་ཡིད་ཀྱིས་སོ་སོར་གཅོད་པའི་ཚུལ་ནི། མིག་ཤེས་ནི་རང་གི་དེ་མ་ཐག་རྐྱེན་ཡིད་ཤེས་བཞིན་དུ་སྐྱེ་ན་གཟུགས་ཀྱི་རྣམ་པར་ཤེས་པའོ། །ཡིད་ལ་བོན་གྱི་རྣམ་པ་ཀུན་འབྱུང་དྲན་ཞིང་གསལ་བའི་རྣམ་ཤེས་ཀྱི་དེ་ཐག་རྐྱེན་ནི། དྲན་པ་ཡིད་ཀྱི་རྣམ་པར་ཤེས་པ་སྔ་མ་ལ་སོགས་སོ། །དེ་བཞིན་དུ་ཡིད་ལ་བདེ་སྡུག་ཀུན་ཚོར་བ་དང་། རོ་རྣམས་ཀུན་མྱོང་བ་དང་། དྲི་ཚོགས་ཀུན་ཚོར་བ་དང་། སྒྲ་ཚོགས་ཀུན་ཐོས་པ་དང་། གཟུགས་ཀུན་གསལ་བའི་རྣམ་ཤེས་ཀྱི་དེ་མ་ཐག་རྐྱེན་ནི་རིམ་པ་བཞིན་དུ། རེག་བྱ་ཚོར་བ་ལུས་ཀྱི་རྣམ་ཤེས་དང་། རོ་རྣམས་མྱོང་བ་ལྕེའི་རྣམ་ཤེས་དང་། དྲི་རྣམས་ཚོར་བ་སྣའི་རྣམ་ཤེས་དང་། སྒྲ་རྣམས་ཐོས་པ་རྣ་བའི་རྣམ་ཤེས་དང་། གཟུགས་ཀུན་གསལ་བ་མིག་གི་རྣམ་ཤེས་སྔ་མ་ལ་སོགས་སོ། །ཞེས་སོགས་དེ་ལྟར་རིག་པར་བྱའོ། །
   བཞི་བ་མིང་གཟུགས་ལ། མདོར་བསྟན་དང་། དབྱེ་བ། རྒྱས་བཤད་དང་གསུམ།
   དང་བོ་ནི། མིང་དང་གཟུགས་ནི་བཅུ་གཉིས་སྟོན་ཅེས་མིང་གཟུགས་ཀྱི་དོན་ནི་བེམ་རིག་འབྲེལ་བའོ། །
   གཉིས་པ་དབྱེ་ན་རྣམ་པ་བཅུ་གཉིས་འོག་ཏུ་འཆད་དོ། །གསུམ་པ་རྒྱས་བཤད་ནི། དྲི་ལ་སོགས་རྗེས་སུ་དྲན་པར་འགྲོ་ཞིང་འདོགས་པ་དང་རྒྱུ་བའི་མིང་གཟུགས་ནི་བྱོལ་སོང་ལ་སོགས་སོ། །ཀུན་གྱི་གཞི་ཏུ་གྱུར་ཅིང་འདོགས་པར་བྱེད་ནི། སོགས་པ་དམྱལ་བ་ལ་སོགས་ཀྱི་མིང་གཟུགས་སོ། །ཡིད་ཀྱི་འདོགས་པ་དང་དབང་བོས་མཐོང་ཞིང་རྩོད་པ་ནི། གཅོད་པ་ཤས་ཆེ་བ་ཡིད་གསལ་སོགས་ཀྱི་མིང་གཟུགས་དང་། ཐར་པའི་མཁའ་ལ་རྟེན་བཅས་ཤིང་ཡུལ་ལ་ཡིད་ཀྱིས་དམིགས་པ་ནི། བརྟེན་པ་ཤས་ཆེ་བའི་མི་ལ་སོགས་ཀྱི་མིང་གཟུགས་དང་། བར་སྣང་མཁའ་ལ་འོད་ལྟར་འདོགས་བྱེད་པ་ནི། བྱུང་ཚོར་ཤས་ཆེ་བའི་ཉི་ཟླ་གཟའ་སྐར་ལ་སོགས་དང་། འདོད་པའི་ཇི་བཞིན་ཡིད་ཀྱིས་བླང་བར་འདོགས་པ་ནི། ལེན་པ་ཤས་ཆེ་བ་འདོད་ལྷ་ལ་སོགས་དང་། ཡིད་ལ་ཏིང་འཛིན་བདེ་ཉམས་འདོགས་བྱེད་པ་ནི་དྲན་པ་ཤས་ཆེ་བ་བསམ་གཏན་དང་བོ་ལ་སོགས་སོ། །དེ་བཞིན་དུ་ཡིད་ཀུན་ཀྱང་དགའ་བདེར་འདོགས་པ་ནི། དགེ་བའི་བྲོད་པ་ཤས་ཆེ་བ་བསམ་གཏན་གཉིས་པ་དང་གསུམ་པ་ལ་སོགས་སོ། །སེམས་དང་ཡིད་ཀྱི་བདེ་བ་ལས་གྱུར་པ་ཀུན་འདོགས་པ་ནི། གདེགས་པ་ཤས་ཆེ་བ་བསམ་གཏན་བཞི་བ་ལ་སོགས་སོ། །ཉོན་མོངས་སྐྱེ་འཕེལ་གྱི་དྲི་མ་ཀུན་སྤང་བ་ནི་དག་པ་ཤས་ཆེ་བ་གཚང་མའི་ལྷ་ལྔ་ལ་སོགས་སོ། །ཚོགས་དྲུག་ཀུན་ཏུ་སྤྱོད་ཅིང་འཛིན་པ་དང་བྲལ་བ་ནི། འགོག་པ་ཤས་ཆེ་བ་འགོག་པ་ལ་གནས་པ་ལ་སོགས་སོ། །ཡུལ་ཀུན་ལ་ཤེས་པ་གསལ་ཞིང་རྒྱས་ཆེ་བ་ནི། གསལ་ཁྱབ་ཤས་ཆེ་བའི་མོས་སྤྱོད་ལ་གནས་པ་ལ་སོགས་ཀྱི་མིང་གཟུགས་སོ། །
   ལྔ་བ་སྐྱེ་མཆེད་ལ་མདོར་བསྟན་དང་། དབྱེ་བ། རྒྱས་བཤད་དང་གསུམ།
   དང་བོ་ནི་སྐྱེ་མཆེད་རྣམ་པ་བཅུ་གཉིས་སྟོན་ཅེས་སྐྱེ་མཆེད་ཀྱི་དོན་ནི་མངོན་རྟོགས་འཕེལ་ཞིང་རྒྱས་པར་བྱེད་པའོ། །
   གཉིས་པ་དབྱེ་ན་རྣམ་པ་བཅུ་གཉིས་འདིའི་འོག་ཏུ་བཤད། གསུམ་པ་རྒྱས་བཤད་ནི། གཟུགས་ཀུན་གསལ་བའི་མཁའ་ལ་མངོན་རྟོགས་སྤྲོ་ཞིང་འདུ་བའི་བདག་རྐྱེན་ནི་གསལ་བ་མིག་གི་སྐྱེ་མཆེད་དང་། ཁ་དོག་ལ་སོགས་སྣང་ཡོར་གྱི་དངོས་བོར་འཛིན་པའི་མངོན་རྟོགས་སྤྲོ་ཞིང་འདུ་བའི་དམིགས་རྐྱེན་ནི་དངོས་འཕེལ་གཟུགས་ཀྱི་སྐྱེ་མཆེད་དང་། སྒྲ་ཀུན་ཐོས་པའི་མཁའ་ལ་དང་། སྣང་ཡོར་གྱི་དངོས་མེད་ཅིར་ཡང་སྤྲོ་འདུ་པ་ལ་སོགས་དང་། དྲི་ཀུན་ཆོད་པའི་མཁའ་ལ་དང་། དྲི་དང་ཡོངས་སུ་འཛིན་པ་ལ་སོགས་དང་། རོ་དང་བརྡ་ཚིག་ལ་རྣམ་པར་གྲོལ་བའི་མཁའ་ལ་དང་། རོ་མཆོག་ཅིར་ཡང་འཛིན་སོགས་དང་། རེག་ཀུན་ཚོར་བའི་མཁའ་ལ་ལུས་བྱུང་བའི་མངོན་རྟོགས་དང་། ཡིད་ལ་རེག་ཀུན་ཚོར་བྱེད་ཀྱི་མངོན་རྟོགས་ལ་སོགས་དང་། བོན་ཀུན་གསལ་བའི་མཁའ་ལ་མངོན་རྟོགས་ཐམས་ཅད་བསྐྱེད་ཅིང་བསྐུལ་བའི་བདག་རྐྱེན་ཡིད་ལ་སྤྲོ་འདུ་བྱེད་པའི་སྐྱེ་མཆེད་དང་། དེ་བཞིན་དུ་བོན་རང་གིས་རང་མྱོང་བས་མངོན་རྟོགས་སྤྲོ་ཞིང་བསྡུ་བའི་དམིགས་རྐྱེན་རང་བཞིན་བོན་གྱི་སྐྱེ་མཆེད་དོ། །དེ་ཡང་ཀུན་གསལ་མཁའ་རྣམས་རིམ་སྒྲིབ་རྣམ་པར་གསལ་བའི་དབང་བོ་རྣམས་སོ། །སྤྲོ་འདུ་ནི་མངོན་རྟོགས་ཡུལ་འཕྲོ་བ་དང་རྣམ་པའི་བག་ཆགས་ནང་དུ་འདུ་བའོ། །
   དྲུག་པ་རེག་པ་ལ་མདོར་བསྟན་དང་། དབྱེ་བ། རྒྱས་བཤད་དང་་གསུམ། དང་བོ་ནི་རེག་པ་རྣམ་པ་བཅུ་གཉིས་སྟོན་ཅེས་རེག་པའི་དོན་ནི་ཡུལ་དབང་རྣམ་ཤེས་གསུམ་འདུས་པས་ཡོངས་སུ་ཆོད་པའོ། །གཉིས་པ་དབྱེ་ན་རྣམ་པ་བཅུ་གཉིས། གསུམ་པ་རྒྱས་བཤད་ནི། གཟུགས་ཀྱི་རྣམ་པ་སྡུག་པས་ཡིད་ལ་རེག་ཅིང་འཕྲད་པས། དེ་བཞིན་དུ་གཟུགས་མཛེས་ཀྱི་རེག་པ་འཛིན་པའི་སེམས་དཔངས་སྤྲོ་ཞིང་མཐོ་བར་སྐྱེའོ། །གཟུགས་ཀྱི་རྣམ་པ་མི་བསྡུག་པས་ཡིད་ཅིང་འཕྲད་པས། དེ་བཞིན་དུ་གཟུགས་མི་སྡུག་པའི་རེག་པ་འཛིན་པས་སེམས་བྱིངས་ཤིང་ཞུམ་པ་སྐྱེའོ། །དེ་བཞིན་སྒྲ་སྙན་པ་དང་མི་སྙན་པ་དང་། དྲི་ཞིམ་པ་དང་མི་ཞིམ་པ་དང་། རོག་མཆོག་བདའ་བ་དང་མི་བདའ་བ་དང་། རེག་བྱ་འཇམ་པ་དང་རྩུབ་པ་དང་། བོན་བདེན་པ་དང་མི་བདེན་པ་ལ་སོགས་འགྲེའོ། །
   བདུན་པ་ཚོར་བ་ལ་མདོར་བསྟན་དང་། དབྱེ་བ། རྒྱས་བཤད་དང་གསུམ།
   དང་བོ་ནི་ཚོར་བ་རྣམ་པ་བཅུ་གཉིས་སྟོན་ཅེས་ཚོར་བའི་དོན་ནི་རེག་པ་ཉམས་སུ་མྱོང་བའོ། །
   གཉིས་པ་དབྱེ་ན། རྣམ་པ་བཅུ་གཉིས། གསུམ་པ་རྒྱས་པར་བཤད་པ་ནི། གཟུགས་ཀུན་དག་པའི་རེག་པ་གསུམ་འདུས་ཡོངས་གཅོད་ལས་ཚོར་བ་བདེ་བ་འགག་ནས་འཕྲད་འདོད་དང་། གཟུགས་ཀུན་མ་དག་པའི་རེག་པ་གསུམ་འདུས་ཡོངས་གཅོད་ལས་ཚོར་བ་མི་བདེ་བ་བྱུང་ན་བྲལ་འདོད་སྐྱེའོ། །དེ་བཞིན་དུ་སྒྲ་དག་པ་དང་། མི་སྙན་པ་དང་། དྲི་དག་པ་དང་། མི་ཞིམ་པ་དང་། རོ་དག་པ་དང་། མི་བདའ་བ་དང་། རེག་དག་པ་དང་། རྩུབ་པ་དང་། བོན་ཀུན་དག་པ་དང་། མ་དག་པ་རྣམས་འགྲེའོ། །གསུམ་འདུས་ནི་ཡུལ་དང་དབང་བོ་དབང་ཤེས་གསུམ་འདུས་པའོ། །ཡོངས་གཅོད་ནི་ཡུལ་གྱི་རྣམ་པ་ཀུན་རིག་པའོ། །
   བརྒྱད་པ་སྲེད་པ་ལ་མདོར་བསྟན་དང་། དབྱེ་བ། རྒྱས་པར་བཤད་པ་དང་གསུམ།
   དང་བོ་ནི་སྲེད་པའི་དོན་ནི་ཚོར་བ་བདེ་བ་ཐོབ་འདོད་དོ། །གཉིས་པ་དབྱེ་ན་རྣམ་པ་བཅུ་གཉིས་སོ། །
   གསུམ་པ་རྒྱས་བཤད་ནི། སྐྱེ་བའི་རྒྱུན་དུ་འཇུག་པའི་ལམ་བར་དོའི་ཁྱད་པར་ལ་རིས་སུ་མ་མཐོང་ཡང་སྲེད་པ་དང་། གནས་པའི་ཕ་མའི་མངལ་ལ་གཞལ་ཡས་ཁང་དུ། ཟིན་རིས་མ་མཐོང་ཡང་སྲེད་པ་དང་། ལེན་པའི་ལུས་ཀྱི་རྒྱུན་ཆགས་པ་ལ་ཟིན་རིས་མཐོང་བའི་སྒོ་ནས་སྲེད་པ་དང་། གསལ་སྟོང་དང་མཁའ་དབྱིངས་ལས་སྤྲུལ་བའི་སྐུ་དང་ཡེ་ཤེས་ལ་སོགས་ཀྱི་ཁྱད་པར་ལ་ཟིན་རིས་མ་མཐོང་ཡང་སྲེད་པ་དང་། ཟིན་རིས་མ་མཐོང་བའི་སྲེད་པ་ནི་འཁྲིགས་ཆགས་མ་མྱོང་ཡང་འདོད་པ་དང་། འདྲེ་མ་མཐོང་ཡང་འཇིགས་པ་ལྟ་བུའོ། །རྒྱུ་རྐྱེན་གྱི་ཐབས་ཀྱིས་འབྲེལ་པའི་འབྲས་བུ་གང་འདོད་ཅིང་རིགས་སུ་ལྟ་བའི་སྲེད་པ་དང་། དེ་ནི་ཞིང་ལས་འབྲས་འགྲུབ་པར་འདོད་པ་ལ་སོགས་སོ། །བྱ་བ་བྱེད་པའི་བདག་ཉིད་ཡིད་ཤེས་ཀྱི་དབང་གིས་སོ་སོའི་ལས་ཀུན་ལ་འཇུག་པའི་སྲེད་པ་དང་། ཡིད་དང་ཐབས་ཀྱི་རྫུ་འཕྲུལ་ལས་གྲུབ་པའི་རྨི་ལམ་དང་སྒྱུ་མའི་རྟ་གླང་ལ་སོགས་ལ་རྟ་དང་གླང་ལ་སོགས་ཀྱི་དངོས་པོར་ཞེན་པའི་སྲེད་པ་དང་། ཀུན་ནས་ཉོན་མོངས་ཀྱི་གཞི་ཚོགས་ཕུང་བོ་དང་འདོད་ཡོན་ལྔ་ལ་ཆགས་པར་འདོད་པ་ཅི་སྙེད་སྐྱེ་བའི་སྲེད་པ་དང་། དོན་མ་ཡིན་ཀྱང་རིགས་མཐུན་དང་བག་ཆགས་ཀྱི་རྣམ་པ་ཤར་བ་ལས། ཞེས་པར་འདོད་པ་ཅི་སྙེད་སྐྱེ་བའི་སྲེད་པ་དང་། དགེ་སྦྱོར་མི་ཁོམ་པ་འཁྲུལ་བའི་མཚན་མ་ལ་སྤྱོད་པའི་ཡོན་ཏན་ནམ་མི་དགེ་བ་སོགས་ལ་སྤྱོད་པ་དང་ཐོབ་པར་འདོད་པ་ཇི་སྙེད་སྐྱེ་བའི་སྲེད་པ་དང་། འདོད་དོན་འདས་པའི་རྗེས་སུ་བག་ཆགས་ལ་སོགས་རྒྱུ་བའི་བྱུང་ཚོར་ལ་བརྟེན་ནས་འདས་པའི་དོན་ལ་འཕྲད་ནས་དགའ་ཞིང་སེམས་གདུང་སྐྱེ་བའི་སྲེད་པ་ད་ང། འདོད་དོན་ད་ལྟ་དངོས་པོ་ཉིད་དུ་སྣང་བ་ལ་ཐབས་སྣ་ཚོགས་ཀྱིས་སོ་སོར་འཇུག་པར་འདོད་པའི་སྲེད་པའོ། །
   དགུ་བ་ལེན་པ་ལ། མདོར་བསྟན་དང་། དབྱེ་བ། རྒྱས་པར་བཤད་པ་དང་་གསུམ།
   དང་བོ་ནི་ལེན་པ་རྣམ་པ་བཅུ་གཉིས་སྟོན་ཅེས་ལེན་པའི་ངོ་བོ་ནི་སྲེད་པའི་ཐོབ་འདོད་ཀྱི་དོན་ལ་ཉེ་བར་འདུན་པའོ། །
   གཉིས་པ་དབྱེ་ན་རྣམ་པ་བཅུ་གཉིས། གསུམ་པ་རྒྱས་པར་བཤད་པ་ནི། རང་བཞིན་སྔ་མ་ལས་ཕྱི་མར་ཅིར་ཡང་འབྱུང་བར་འདོད་ནས་ཡིད་ལ་ཉེ་བར་ལེན་པ་དང་། དེ་བཞིན་དུ་དུས་སྔ་ཕྱི་ལ་སོགས་ཐོབ་བྱའི་རྒྱུར་འདོད་པ་དང་། དབང་ཕྱུག་དང་མངོན་རྫོགས་ལ་སོགས་ཐོབ་བྱའི་རྒྱུ་རུ་འདོད་པ་དང་། ཐོབ་བྱ་རང་གི་ངོ་བོ་ཐོབ་བྱའི་རྒྱུ་རུ་འདོད་པ་དང་། རྫུ་འཕྲུལ་ལ་སོགས་ཐོབ་བྱའི་རྒྱུ་རུ་འདོད་པ་དང་། འབྱུང་བ་བཟང་ངན་ལ་སོགས་ཐོབ་བྱ་དང་། བག་ཆགས་བཟང་ངན་ལ་སོགས་ཐོབ་བྱའི་རྒྱུ་རུ་འདོད་པ་དང་། ཕོ་མོའི་འཁྲིགས་ཆགས་ཐོབ་བྱ་དང་། ཀུན་གཞིའི་བག་ཆགས་ཐོབ་བྱའི་རྒྱུ་རུ་འདོད་པ་དང་། མཐུན་པའི་རྐྱེན་ལ་སོགས་ཐོབ་བྱའི་རྒྱུ་རུ་འདོད་པ་དང་། མི་མཐུན་པའི་རྐྱེན་ལ་སོགས་བརླག་བྱ་བརླག་པ་ལ་སོགས་ཀྱི་ཐོབ་བྱའི་རྒྱུ་རུ་འདོད་པ་རྣམས་ཡིད་ལ་ཉེ་བར་ལེན་པ་དང་བཅུ་གཉིས་སོ། །
   བཅུ་བ་སྲིད་པ་ལ་གོང་ལྟར་དང་བོ་ནི་སྲིད་པ་རྣམ་པ་བཅུ་གཉིས་སྟོན་ཅེས་སྲིད་པའི་ངོ་བོ་ལས་ཀྱི་ནུས་པ་མཐུ་ལྡན་དུ་ཡོད་པའོ། །དབྱེ་ན་གཤམ་ལྟར་བཅུ་གཉིས།
   གསུམ་པ་རྒྱས་བཤད་ནི། ཐབས་དང་རྫུ་འཕྲུལ་གྱི་སྦྱོར་འབྲེལ་ལ་སོགས་ལ་ལྟོས་པ་མེད་པའི་རང་བཞིན་ཡེ་སྲིད་ཀྱི་སྲིད་པ་རྣམས་དང་། རྫུ་འཕྲུལ་གྱི་ཐབས་ཀྱིས་འཁྲིལ་བའི་བྱེད་པ་ལ་སོགས་ལ་ལྟོས་པའི་རྫུ་འཕྲུལ་ཀྱིས་བྱེད་པ་ལ་སོགས་ཀྱི་སྲིད་པ་དང་། ཇི་ལྟར་རྒྱུ་རྐྱེན་དང་འབྱུང་རུང་གི་འབྲས་བུ་འཛོམས་པ་ལས་གྲུབ་པའི་རྒྱུ་མཐུན་འབྱུང་བའི་སྲིད་པ་རྣམས་དང་། ཀུན་ཀྱང་དགེ་བའི་སྟོབས་དང་ལྡན་པའི་བདེ་བ་ལ་སྦྱོར་བའི་རྩལ་ཤུགས་དང་ལྡན་པའི་དབང་གིས་མཐོ་རིས་སུ་སྐྱེ་བའི་སྲིད་པ་རྣམས་ད་ང། མི་དགེ་བའི་ལས་རྣམས་སྤྱད་པའི་དབང་གིས་མཐོ་རིས་སུ་སྐྱེ་བའི་སྲིད་པ་རྣམས་དང་། མི་དགེ་བའི་ལས་རྣམས་སྤྱད་པའི་དབང་གིས་རྣམ་སྨིན་གྱི་འབྲས་བུ་ངན་པ་ངན་འགྲོ་རུ་སྐྱེ་བའི་སྲིད་པ་དང་། འདུ་ཤེས་ཆུང་བ་ལུང་མ་བསྟན་ལ་སོགས་ཀྱི་དབང་གིས་དྲི་ཟ་ཉེར་འཁོར་ལ་སོགས་སུ་སྐྱེ་བའི་སྲིད་པ་དང་། དངོས་པོ་མ་ཡིན་པ་བདུད་སྲིན་ལ་སོགས་ཀྱི་སྤྲུལ་བ་ལས་ཐང་གཅིག་དང་ཡུད་གཅིག་ལ་སོགས་སུ་འབྱུང་ཞིང་སྲིད་པ་དང་། ཅི་ལྟར་མཐུན་པའི་རིགས་སུ་འབྱུང་ཡང་དུས་སོགས་མི་གཅིག་པ་ནི་རང་མཚན་སོ་སོར་ངེས་པའི་སྲིད་པ་དང་། བྱེད་པ་པོ་བདག་ཉིད་ལས་ཀྱི་འཁོར་ལོའི་དབང་གིས་ནི་སྐྱེ་གནས་སུ་འཕེན་ཅིང་སྐྱེ་བར་བྱེད་པའི་སྲིད་པ་དང་། དེ་བཞིན་ལས་ཀྱི་འཁོར་ལོའི་གཞི་བཟུང་ནས་སྐྱེ་གནས་སུ་ཆགས་པར་བྱེད་པའི་སྲིད་པ་དང་། ཡིད་ཀྱིས་འདོད་པ་བཞིན་དུ་སྐྱེ་གནས་ཀུན་ལ་འཇུག་པ་བརྩོན་པའི་དབང་གིས་སྐྱེ་གནས་གང་རུང་དུ་འབྱུང་བར་བྱེད་པའི་སྲིད་པ་དང་། དུས་ངེས་པ་ལ་སོགས་ལ་བརྟེན་པའི་གཞིར་བཞག་ནས་དུས་ངེས་པ་ལ་སོགས་ལ་གནས་པར་བྱེད་པའི་སྲིད་པའོ། །
   བཅུ་གཅིག་པ་སྐྱེ་བ་ལ་མདོར་བསྟན་པ་དང་། དབྱེ་བ། རྒྱས་པར་བཤད་པ་དང་གསུམ།
   དང་བོ་ནི་སྐྱེ་བ་རྣམ་པ་བཅུ་གཉིས་སྟོན་ཅེས་སྐྱེ་བའི་དོན་ནི་མིང་གཟུགས་ཀྱིས་བསྡུས་པ་སྔར་མེད་གསར་དུ་བྱུང་བའོ། །
   གཉིས་པ་དབྱེ་ན་བཅུ་གཉིས་འོག་ཏུ་འགྲེལ་ལོ། །
   གསུམ་པ་རྒྱས་པར་བཤད་པ་ནི། མཁའ་ལ་གསལ་རྫོགས་ཅིར་སྟོན་པ་ཞེས་འོད་ཀྱི་དྲོད་ལ་འབྱུང་སྐྱེ་དང་། ཁྲི་སེག་གསལ་རྫོགས་ཅིར་སྟོན་ས་ཡི་དྲོད་ལས་འབྱུང་སྐྱེ་དང་། ཏི་ཤོ་གསལ་རྫོགས་ཅིར་སྟོན་པ་ཆུ་ཡི་དྲོད་ལས་སྐྱེ་བ་ད་ང། ཐ་ཡུད་མུ་རིས་སྤྲུལ་སྐྱེ་བའི་ཞེས་སྲིད་པའི་སྒོ་ང་ལས་འབྱུང་སྐྱེ་དང་། འདུ་སྦྱོར་དགའ་རིག་བསྐྱེད་སྤྲུལ་བ་འབྱུང་བའི་སྒོ་ང་ལ་འབྱུང་སྐྱེ་དང་། ཁྲི་སེག་སྒང་རིལ་བསྐྱེད་སྤྲུལ་བ་སེམས་ཅན་སྒོ་ང་ལས་སྐྱེ་བ་ད་ང། རྫུ་འཕྲུལ་གསལ་བར་སྐྱེད་སྤྲུལ་བ་རྫུ་འཕྲུལ་མངལ་ནས་སྐྱེ་བ་དང་། ཁྲི་ཙུ་བསྐྱེད་སྤྲུལ་བྱེད་པ་ཡི་ཞེས་འཁྲིག་པའི་མངལ་ནས་སྐྱེ་བ་ད་ང། དགའ་བ་དང་ནི་བདེ་བ་ཡིས་ཞེས་སྤྲུལ་ཅིར་རྫུས་ཏེ་སྐྱེ་བ་ད་ང། ཉེ་ལོ་དེ་བཞིན་ཏིང་འཛིན་ལས་སྤྲུལ་ཅིར་རྫུས་ཏེ་སྐྱེ་བ་ད་ང། ཇི་བཞིན་ལས་དང་ལས་ཀྱིས་ནི་ཞེས་སྤྲུལ་ཅིར་རྫུས་ཏེ་སྐྱེ་བ་དང་བཅུ་གཉིས་སོ། །
   བཅུ་གཉིས་པ་རྒ་ཤི་ལ། མདོར་བསྟན་པ་དང་། དབྱེ་བ་དང་། རྒྱས་པར་བཤད་པ་དང་གསུམ།
   དང་བོ་ནི་རྒ་ཤི་རྣམ་པ་བཅུ་གཉིས་སྟོན་ཞེས་རྒ་ཤིའི་དོན་ནི་འབྲི་ཞིང་འཇིག་པའོ། །
   གཉིས་པ་དབྱེ་ན་བཅུ་གཉིས།
   གསུམ་པ་རྒྱས་བཤད་ནི། ཚེའི་མིག་གིས་དུས་ཐིམ་པ་དང་ཚེ་ཟད་ཀྱིས་དུས་ཀྱི་སྙིང་བྱུང་བའི་དབང་གིས་རྒས་ཤིང་ཤི་བར་གྱུར་པ་དང་། བསོད་ནམས་ཀྱི་ལས་ཟད་པ་དང་སྲོག་གཅོད་ལ་སོགས་ཀྱི་ལས་དབང་བྱུང་བ་ད་ང། འཕྲལ་དང་མོད་ཀྱི་འགལ་རྐྱེན་དགྲ་དང་བགེགས་ཀྱི་བར་ཆད་བྱུང་བ་དང་། ཡུན་རིང་དང་ཡུན་ཐུང་ངུ་བ་སོགས་པའི་སྔོན་གྱི་སྒྲིབ་པའི་དབང་གིས་དང་། ཚེ་དང་བསོད་ནམས་ཀྱི་རྒྱུན་གྱི་རྒྱུན་ནི་དབུགས་དང་དགེ་བའི་རྒྱུན་ཆད་པ་དང་། སྲོག་གི་རྣམ་སྨིན་བག་ཆགས་དང་ལུས་ལང་ཚོའི་དབང་ཞེས་པ་དང་། འདོད་ཡོན་གྱི་བསླུ་བ་ལྷའི་བུའི་བདུད་བྱུང་བ་ད་ང། གཟུགས་ཀྱི་ཕུང་བོ་ལ་སོགས་ཞུམ་པའི་བདུད་བྱུང་དང་། ཉོན་མོངས་ཞེ་སྡང་ལ་སོགས་ལས་གྱུར་བའི་བདུད་བྱུང་དང་། སྲོག་གི་ལན་ཆགས་དབང་བ་འཆི་བདག་གི་བདུད་བྱུང་དང་། འཇིག་རྟེན་གྱི་སྡུག་བསྔལ་དང་འདུ་འཛི་གཉིས་ལས་གྱུར་བའི་བདུད་བྱུང་བ་ད་ང། འདུ་བའི་ནད་དང་རིམས་ལས་གྱུར་པའི་བདུད་བྱུང་རྒས་ཤིང་ཤི་བར་གྱུར་བ་དང་བཅུ་གཉིས་སོ། །ཞེས་རྟེན་འབྲེལ་བཅུ་གཉིས་ཀྱི་དོན་རྫོགས་པར་བསྟན་པའོ། །རྟེན་འབྲེལ་བསྟན་པའི་དགོས་པ་ནི། རྒ་ཤི་སྤང་བའི་ཆེད་དུ་སྐྱེ་བ་སྤང་བ་ལ་འཇུག དེ་བཞིན་དུ་ལེན་པ་དང་སྲེད་པ་དང་ཚོར་བ་དང་རེག་པ་དང་། སྐྱེ་མཆེད་དྲུག་དང་མིང་གཟུགས་དང་རྣམ་ཤེས་དང་། འདུ་བྱེད་ད་ང། མ་རིག་པ་རྣམས་སོ། །མ་རིག་སྤངས་པའི་ཆེད་དུ་བསླབ་གསུམ་ལ་འཇུག་པའི་དོན་སྟེ། མ་རིག་པ་ཉིད་རིག་ཙམ་ན་རིག་པའི་ཡེ་ཤེས་རང་ལ་རང་འཆར་ཞེས་གསུངས་པས་དགོས་པ་དུ་མ་དང་ཡང་དག་པ་བོན་སྒོ་ལ་འཇུག་པའི་ཆེད་དུ་འཁོར་བ་འདི་སྡུག་བསྔལ་གྱི་རང་བཞིན་འདི་ལས་མ་འདས་པས་ངེས་པར་དུ་འབྱུང་བར་འདོད་པས་རྟེན་འབྲེལ་བཅུ་གཉིས་ཀྱི་རྣམ་བཞག་ངེས་ཅན་དུ་བློ་ལ་ངེས་དགོས་པ་མ་ཟད་ཡང་ཡང་ཡིད་ལ་བསྒོམས་ཤིང་། རྟོགས་ཐབས་ཡིད་ལ་འཇགས་ཐབས་དང་དེ་ལྟར་མ་ཡིན་པར་དགེ་སྦྱོར་བ་དང་། སྒོམ་པ་བ་རྣམས་རྟོགས་བློ་དང་ཤེས་བློ་ཙམ་གྱིས་གནད་དུ་མི་འགྲོ་བས་རྟེན་འབྲེལ་བཅུ་གཉིས་འདི་ཞིབ་ཕྲ་རྟོགས་ཚེ་མཐར་མ་རིག་པ་སྤངས་པ་ལ་དགོས་པའི་དགོས་པའོ། །