སྔགས་དངོས་བསྐྱེད་པའི་བཀོར་བདུན་1ལྷུན་གྱིས་གྲུབ་པའི་དོན་དམ་སྐོར་ལས་འཕྲོས་པའི་གཏམ་ཀེ་ཏ་ཀ།

UNADJUSTEDNONRAW_thumb_490.jpg
 བླ་མ་དང་ཤེས་རབ་སྨྲ་བའི་སེང་གེ་དབྱེ་མ་མཆིས་པར་འགྲོ་བའི་མགོན་པོར་ཕྱག་འཚལ་ལོ། །

སྐབས་འདིར་གླེང་བར་བྱ་བ་ནི་སྔགས་ནང་མ་དངོས་བསྐྱེད་པའི་ལུགས་ཀྱི་དོན་དམ་ཡིན་ལ། དངོས་བསྐྱེད་པའི་ལུགས་ཀྱི་དོན་དམ་ནི་བཀོར་བདུན་ལྷུན་གྱིས་གྲུབ་པའི་ཆ་ནས་བཞག་པ་ཐེག་འགྲེལ་མེ་ལོང་དགུ་སྐོར་གྱི་དགོངས་པ་ཡིན་ཡང་། ཕྱིས་སུ་བཀོར་བདུན་གྱི་གྲངས་ཀ་བགྲང་ཚུལ་ལ་མི་མཐུན་པ་གསུམ་ཙམ་བྱུང་ཡོད། བཀོར་འདུན་ལྷུན་གྲུབ་བསྟན་པའི་གཞུང་ནི་ཐེག་འགྲེལ་མེ་ལོང་དགུ་སྐོར་དང་དབུས་གཏེར་ལུགས་ཀྱི་ཐེག་འགྲེལ་ཁག་ཡིན། ཐེག་འགྲེལ་མེ་ལོང་དགུ་སྐོར་གཞུང་གི་དངོས་བསྟན་གྱི་དགོངས་པ་ལ་དཔྱད་ན་གཉིས་སུ་མེད་པའི་བདག་ཉིད་ཆེན་མོ་ནི་དངོས་བསྐྱེད་པའི་ལྟ་བ་རུ་བསྟན་ཡོད་ཀྱང་། བཀོར་བདུན་གྱི་དོན་དམ་ནི་བདག་ཉིད་ཆེན་པོའི་ཆ་ཤས་ཤིག་ལས་དངོས་སུ་ལྟ་བ་རུ་བཞག་མེད། འོན་ཀྱང་ཕྱིས་སུ་མཚན་ཉིད་པའི་ཁྲོད་དུ་བཀོར་བདུན་ལྷུན་གྱིས་གྲུབ་པའི་དོན་དམ་ནི་དངོས་བསྐྱེད་པའི་ལྟ་བ་རུ་གྲགས་པ་དེའི་ཁུངས་ནི་སྒ་སྟོན་དང་རྗེའི་ཐེག་འགྲེལ་གཉིས་ཡིན་པར་མངོན་ཏེ། ཐེག་རིམ་གྱི་རྣམ་བཤད་གསལ་བའི་མེ་ལོང་ལས། དང་པོ་ལྟ་བ་ལ། དོན་དམ་ཀུན་རྫོབ་གཉིས་མེད་ཀྱི། །ལྷག་པའི་བདག་ཉིད་ཆེན་པོ་མཉམ་པ་ཉིད། །ཅེས་པ་དེ་ལ་གཉིས་ཏེ། བཀོར་བདུན་ལྷུན་གྲུབ་དང་། དོན་དམ་རྣམ་གསུམ། ལྷག་པའི་བདེན་གསུམ་མོ། །ཞེས་དང་། རྗེའི་ཐེག་འགྲེལ་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག་ལས། གཉིས་པ་ལ་བདུན་གྱི་དང་པོ་ལྟ་བ་ནི། དོན་དམ་ཀུན་རྫོབ་གཉིས་མེད་ཀྱི། །ལྷག་པའི་བདག་ཉིད་ཆེན་པོ་མཉམ་པ་ཉིད། །ཅེས་པ་ལ་གསུམ་སྟེ། བཀོར་བདུན་ལྷུན་གྲུབ་དང་། དོན་དམ་རྣམ་གསུམ་དང་། ལྷག་པའི་བདེན་གསུམ་མོ། །ཞེས་པས་སོ། །འདིར་བཀོར་བདུན་ལྷུན་གྲུབ་ཀྱི་དོན་དམ་ནི་དངོས་བསྐྱེད་པའི་ ལྟ་བ་རུ་བཞག་ན་འགྲིག་གམ་སྙམ་ན། མི་འགྲིག་པར་སེམས་ཏེ་གང་ཞེ་ན། ཐེག་རིམ་མངོན་དུ་བཤད་པའི་མདོ་རྒྱུད་ལས། དོན་དམ་ཀུན་རྫོབ་གཉིས་མེད་ཀྱི། །ལྷག་པའི་བདག་ཉིད་ཆེན་པོ་མཉམ་པ་ཉིད། །ཞེས་དང་། ཐེག་འགྲེལ་མེ་ལོང་དགུ་སྐོར་ལས། དེ་ལ་ལྟ་བ་ནི། ཐབས་དང་ཤེས་རབ། དབྱིངས་དང་ཡེ་ཤེས། དོན་དམ་དང་ཀུན་རྫོབ། གཉིས་སུ་མེད་པའི་བདག་ཉིད་ཆེན་པོར་འདོད་དེ། ཞེས་གསུངས་པས། གཉིས་སུ་མེད་པའི་བདག་ཉིད་ཆེན་པོ་ནི་སྔགས་དངོས་བསྐྱེད་པའི་ལྟ་བ་རུ་བསྟན་པ་དང་། གཉིས་སུ་མེད་པའི་བདག་ཉིད་ཆེན་པོ་ཞེས་པའི་དོན་ཡང་ཐབས་དང་ཤེས་རབ་གཉིས་མེད། དབྱིངས་དང་ཡེ་ཤེས་གཉིས་མེད། དོན་དམ་དང་ཀུན་རྫོབ་གཉིས་མེད་ཀྱི་ཆ་ནས་བདག་ཉིད་ཆེན་པོ་བཞག་པའི་ཕྱིར།
བཀོར་བདུན་བཤད་ཚུལ་མི་འདྲ་བ་གསུམ་གྱི་ཁུངས་ནི། ཡེ་ཁྲི་མཐའ་སེལ་དང་ཐེག་འགྲེལ་མེ་ལོང་དགུ་སྐོར་གཉིས་ཡིན་ཏེ། ཡེ་ཁྲི་གཞི་ཡི་བམ་པོ་ལས། སྐུ་དང་གསུང་དང་ཐུགས་དང་ནི། །ཡོན་ཏན་དང་ནི་ཕྲིན་ལས་དང་། །གཉིས་སུ་མེད་པའི་བདག་ཉིད་ཆེ། །དེ་བདུན་རྟོགས་པའི་འབྲས་བུ་ཆེ། །ཞེས་དང་། ཐེག་འགྲེལ་མེ་ལོང་དགུ་སྐོར་ལས། ཐབས་དང་ཤེས་རབ། དབྱིངས་དང་ཡེ་ཤེས། དོན་དམ་དང་ཀུན་རྫོབ། གཉིས་སུ་མེད་པའི་བདག་ཉིད་ཆེན་པོར་འདོད་དོ། །ཞེས་དང་། ཡང་དེ་ཉིད་ལས། གསང་སྔགས་འདིའི་ལུགས་ཀྱི་དོན་དམ་པ་ནི་སེམས་ཉིད་རང་བཞིན་མ་བཅོས་པའི་ཅིར་ཡང་མ་གྲུབ་མི་སྣང་བ་མ་ཡིན། ཅི་ཡང་མ་ཡིན་པ་ཉིད་བོན་ཉིད་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་རང་སྣང་བ། དཔེར་ན་ཉི་མ་ལ་ཉི་མའི་འོད་ཟེར་དུ་བྱུང་བ་བཞིན་ནོ། །དེའི་ཆ་ནས་དཀོར་བདུན་ལྷུན་གྱིས་གྲུབ་པ་ཉིད་དོ། །ཞེས་གསུངས་པའི་དེ་གསུམ་ཡིན་ལ། ཡེ་ཁྲི་མཐའ་སེལ་གྱི་ལུང་དང་ཐེག་འགྲེལ་མེ་ལོང་དགུ་སྐོར་གྱི་ལུང་དང་པོ་དེ་གཉིས་ཀ་བཀོར་བདུན་འཇོག་པར་སྒ་སྟོན་དང་རྗེ་རིན་པོ་ཆེ་རྣམ་གཉིས་ཞལ་མཐུན་པར་སྣང་ལ། ཐེག་འགྲེལ་མེ་ལོང་གི་ལུང་ཕྱི་མ་དེ་བཀོར་བདུན་ཡིན་པར་ཤར་རྫ་རིན་པོ་ཆེ་ལུང་རིགས་མཛོད་དུ་གསུངས་ཡོད་ལ་ཐེག་འགྲེལ་མེ་ལོང་དགུ་སྐོར་གྱི་དགོངས་པ་དངོས་ཡང་ཡིན་ནོ། །ཡོངས་འཛིན་སྨྲ་བའི་དབང་པོ་དཔོན་སློབ་བསྟན་འཛིན་རྣམ་དག་གིས་མཛད་པའི་གསང་བ་སྔགས་ཀྱི་མཆན་བཀའ་འགྲེལ་གསལ་བྱེད་ལས། ཐེག་འགྲེལ་མེ་ལོང་དུ་གསུངས་པའི་ཐབས་དང་ཤེས་རབ། དབྱིངས་དང་ཡེ་ཤེས་སོགས་བདུན་པོ་ནི་སྔགས་དངོས་བསྐྱེད་པའི་ལྟ་བའི་དབང་དུ་བྱས་པ་དང་། ཡེ་ཁྲི་མཐའ་སེལ་ལས་གསུངས་པའི་སྐུ་གསུང་ཐུགས་སོགས་བདུན་པོ་ནི་དོན་དམ་གྱི་དབང་དུ་བྱས་པ་ཡིན་ཞེས་གསུངས།
མདོ་རྒྱུད་དང་ཐེག་འགྲེལ་མེ་ལོང་དགུ་སྐོར་གྱི་དགོངས་པ་དངོས་ནི་འདི་ལྟར་ཏེ། ཐེག་རིམ་མངོན་དུ་བཤད་པའི་མདོ་རྒྱུད་ལས། དོན་དམ་ཀུན་རྫོབ་གཉིས་མེད་ཀྱི། །ལྷག་པའི་བདག་ཉིད་ཆེན་པོ་མཉམ་པ་ཉིད། །ཞེས་དང་། ཐེག་འགྲེལ་མེ་ལོང་དགུ་སྐོར་ལས། དེ་ལ་ལྟ་བ་ནི་ཐབས་དང་ཤེས་རབ། དབྱིངས་དང་ཡེ་ཤེས། དོན་དམ་དང་ཀུན་རྫོབ། གཉིས་སུ་མེད་པའི་བདག་ཉིད་ཆེན་པོར་འདོད་དེ། སེམས་ཉིད་རང་རིག་པ་ཐམས་ཅད་རྩལ་མ་འགག་པར་སྣང་བ་ནི་ཐབས། དེ་ཉིད་ངོས་སམ་ཕྱོགས་ཀྱིས་སྟོང་པ་ནི་ཤེས་རབ། དེ་ལས་བོན་སྣ་ཚོགས་པ་ཐམས་ཅད་ཀྱི་གཞི་གྲུབ་སྟེ་འབྱུང་བས་ན་དབྱིངས། དེས་བོན་ཐམས་ཅད་ཡེ་ནས་ཉིད་དུ་ཤེས་ཤིང་སྒྲིབ་པ་ཡེ་ནས་བྲལ་བས་ན་ཡེ་ཤེས། བཀོར་བདུན་ལྷུན་གྱིས་གྲུབ་པས་དོན་དམ། ཡེ་ཤེས་ཀྱི་སྣང་བ་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་ཤར་བས་ཀུན་རྫོབ། དེ་ལྟར་ཐ་སྙད་དུ་བཏགས་པ་ཐམས་ཅད་རང་གི་སེམས་ཉིད་ལས་མི་གཞན་པས་བདག་ཉིད་ཆེན་པོ་ཞེས་བྱའོ། །ཞེས་པས་བདག་ཉིད་ཆེན་པོ་ནི་སྔགས་དངོས་བསྐྱེད་པའི་ལྟ་བ་དང་དོན་དམ་ནི་བདག་ཉིད་ཆེན་པོའི་ཆ་ཤས་ཤིག་ཡིན་པ་བསྟན་པས། མདོར་ན་ཐབས་དང་ཤེས་རབ། དབྱིངས་དང་ཡེ་ཤེས། དོན་དམ་དང་ཀུན་རྫོབ་སོགས་ནི་བདག་ཉིད་ཆེན་པོའི་ཁྱད་བོན་ཡིན་པ་དང་། བཀོར་བདུན་ནི་དོན་དམ་གྱི་ཆ་ཤས་སམ་ཁྱད་བོན་ཡིན་ལ། ཡེ་ཁྲི་མཐའ་སེལ་ལས་བསྟན་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་སོགས་ནི་འབྲས་བུ་བསྟན་པའི་སྐབས་སུ་བསྟན་པ་ཡིན་པས་ཅི་ལྟར་བཀོར་བདུན་གྱི་དོན་ཡིན་ནམ་དཀའ་འོ་སྙམ།
དེས་ན་བཀོར་བདུན་རྩི་ཚུལ་གསུམ་ཡོད་པ་ལས། ཐབས་དང་ཤེས་རབ་སོགས་ནི་བཀོར་བདུན་གྱི་དོན་མིན་པར་བདག་ཉིད་ཆེན་པོའི་དོན་དང་། ཡེ་ཁྲི་ལས་བསྟན་པའི་སྐུ་གསུང་སོགས་བདུན་པོ་ནི་འབྲས་བུ་ཐོབ་པའི་དུས་ཀྱི་ཡོན་ཏན་དང་། སེམས་ཉིད་རང་བཞིན་མ་བཅོས་པའི་ཅིར་ཡང་མ་གྲུབ་མི་སྣང་བ་མ་ཡིན། ཞེས་སོགས་གསུངས་པ་དེ་བཀོར་བདུན་གྱི་གྲངས་དངོས་ཡིན་པར་སྣང་ངོ་། །འདིའི་གྲངས་ཡང་། ལུང་རིགས་མཛོད་ལས། སེམས་ཉིད་རང་བཞིན་མ་བཅོས་པ། ཅིར་ཡང་མ་གྲུབ་པ། མི་སྣང་བ་མ་ཡིན་པ། ཅི་ཡང་མ་ཡིན་པ་ཉིད། བོན་ཉིད་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་རང་སྣང་། ཇིར་ཡང་བསམ་ན་ཇིར་ཡང་སྣང་བ། གང་དུ་བསྒྲུབ་ན་དེ་ལྟར་འགྲུབ། ཞེས་གསུངས་པ་ཡང་ཐེག་འགྲེལ་གྱི་དགོངས་པ་དང་མཐུན་པ་ཡིན་ནོ། །

1བཀོར་བདུན་གྱི་བཀོར་ལ། དཀོར་དང་བཀོར་ཞེས་འབྲི་ཚུལ་གཉིས་མཆིས་ཀྱང་འདིར་ཐེག་འགྲེལ་མེ་ལོང་དང་སྒ་སྟོན་ཐེག་འགྲེལ། རོང་སྟོན་ཤེས་བྱ་ཀུན་རིག་གིས་མདོ་རྒྱུད་ཀྱི་འགྲེལ་ཆུང་ཞལ་མཐུན་པ་ལྟར་བཀོད་ཡོད། རྗེས་ཐེག་འགྲེལ་དང་ཀུན་མཁྱེན་ཤར་རྫ་པས་ལུང་རིགས་མཛོད་ལས་ད་དཀོར་འཁོད་ཡོད།