མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཕྲིན་ལས་བཅོ་བརྒྱད་ངོ་སྤྲོད་མདོར་བསྡུས།

IMG_5962.JPG 

   དང་བོ་ཞི་བ་བསླང་བའི་ཕྲིན་ལས་ཀྱི་དོན་བསྟན་པ་ལ། ཏིང་ངེ་འཛིན་གྱིས་བསླང་བ་དང་། སྙིང་བོས་བསླང་བ་དང་། ཕྱག་རྒྱས་བསླང་བ་དང་། ཚིག་བཤད་ཀྱིས་བསླང་བ་དང་། ཡོད་བྱད་རྫས་ཀྱིས་བསླང་བ་དང་ལྔ། ༡ ཏིང་ངེ་འཛིན་གྱིས་བསླང་བ་ནི། སྟོང་གསུམ་འཇིག་རྟེན་མཉམ་ཆགས་མཉམ་འཇིག་རྣམས། ཇི་ལྟར་ཡིན་པ་སལེ་གསལ་བར་བསྒོམ་པ་ཏིང་ངེ་འཛིན་གྱིས་བཟུང་ངོ་། སྟོང་གསུམ་ནང་ན་གནས་པའི་རིགས་དྲུག་སེམས་ཅན་མཐའ་ཡས་ཀུན། ལུས་སེམས་འབྲེལ་ནས་སྡུག་བསྔལ་ཅི་ཡོད་དང་། ཅི་ལྟར་གནས་པ་སལེ་གསལ་བར་བསྒོམ་པ་ཏིང་ངེ་འཛིན་གྱིས་བཟུང་ངོ་། ༢ སྙིང་བོས་བསླང་བ་ནི། ཨ་དཀར་་་་་་བདལ་བདལ་ཞེས་པའི་བར་གྱི་སྙིང་བོ་དེ་ཚར་བཞི་བཟླ་བའོ། ། ༣ ཕྱག་རྒྱས་བསླང་བ་ནི། འབྱུང་བ་ཁ་གནོན་གྱི་ཕྱག་རྒྱ་ཞེས་བྱ་བ་བཅའ་སྟེ། ལག་པ་གཉིས་མདུན་དུ་སྙིང་གི་ཐད་ཀར་ཕར་བརྐྱང་། མཐེ་བོང་གཉིས་ཀྱི་སེན་མོ་སྦྲེལ། ཕྱི་མའི་སོར་མོ་བཞི་བཞི་གཤིབས་ནས་ཐལ་མོ་ས་ལ་བསྟན་པས་འབྱུང་བ་རྣམས་ཀྱང་མཛེས་ཤིང་སྙོམས་པ་གྱུར་ཏོ། །༤ ཚིགས་བཤད་ཀྱིས་བསླང་སྟེ། ཚིགས་སུ་བཅད་དེ་བརྗོད་པ། སྟོན་པ་གཤེན་རབ་ཐུགས་རྗེ་ཡིས། །་་་་ཞེས་པ་ནས། བརྟེན་པའི་གཞི་བྱིན་མཆོད་པའི་ཡོ་བྱད་གསོག་ཞེས་པའི་བར་དུའོ། །༥ རྫས་ཀྱིས་བསླང་སྟེ། བསྐྱེད་པ་རྩིའི་འོ་མ་དང་། གསོ་བ་རྒྱུན་གྱི་ཆུ་སྦྱར་ནས་ནང་དུ་འབྲུ་དང་སྨན་དང་རིན་པོ་ཆེ་བླུགས་པའོ། །

   གཉིས་པ་བྱིན་གྱིས་བརླབས་པའི་ཕྲིན་ལས་ཀྱི་དོན་བསྟན་པ་ལ། ཕྱག་རྒྱས་བྱིན་གྱིས་བརླབ་པ་དང་། སྙིང་བོས་བྱིན་གྱིས་བརླབ་པ་དང་། རྫས་ཀྱིས་བྱིན་གྱིས་བརླབ་པ་དང་། ཚིགས་བཤད་ཀྱིས་བྱིན་གྱིས་བརླབ་པ་དང་། ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབ་པ་དང་ལྔ། ༡ ཕྱག་རྒྱས་བྱིན་གྱིས་བརླབ་པ་ནི། བཀྲ་ཤིས་བཟེད་ལུགས་ཀྱི་ཕྱག་རྒྱ་བྱ་སྟེ། གཡོན་པ་ཁྱོར་བ་གྱེན་ལ་བཟེད། གཡས་པའི་སྤར་མོ་སྟེང་དུ་སྦུབས་པའོ། །༢ སྙིང་བོས་བྱིན་གྱིས་བརླབ་པ་ནི། ཀློང་དྲུང་་་ཡོངས་ཁྱབ་བྲུང་ཞེས་པའི་སྙིང་བོ་ལན་བཞིར་བརྗོད། ། ༣ རྫས་ཀྱིས་བྱིན་གྱིས་བརླབ་པ་ནི། ཆང་ཕུད་དུ་གསེར་བདར། རིན་པོ་ཆེའི་ཞལ་བུར་བླུགས་ནས་ཀུན་ཏུ་གཏོར་རོ། ། ༤ ཚིགས་བཤད་ཀྱིས་བྱིན་གྱིས་བརླབ་པ་ནི། འགྲོ་བའི་དོན་མཛད་དུས་གསུམ་བདེར་གཤེགས་ཐུགས་རྗེ་དང་། །ཞེས་པ་ནས་ཡོངས་སུ་བཀྲ་ཤིས་བྱིན་གྱིས་རློབས་ཞེས་པའི་བར་དུའོ། །༥ ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབ་པ་ནི། ཐམས་ཅད་མ་ལུས་དཀྱིལ་འཁོར་གསུམ་དུ་བསྒོམས་ཏེ། རང་བཞིན་དཀྱིལ་འཁོར་དབྱིངས་ནས་ལྷུན་གྱིས་གྲུབ་པས་ཕྱོགས་བཅུའི་འཇིག་རྟེན་མཐའ་ཡས་ཐམས་ཅད་ཀུན་དག་པ་རྣམ་པ་དྲུག་གི་ཏིང་ངེ་འཛིན་དུ་བྱིན་གྱིས་བརླབས། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་མཁའ་ལ་ཡིད་ཀྱིས་བསྒོམ་པར་གཤེན་རབ་ཀྱིས་འདུལ་བའི་མི་འཇེད་པའི་སྟོང་གསུམ་གྱི་འཇིག་རྟེན་སེམས་ཅན་གྱི་ལས་ཀྱིས་མཉམ་དུ་ཆགས་ཀྱིན་མཉམ་དུ་འཇིག་པ་འདི་ཉིད་ཀྱང་། དག་པ་རྣམ་པ་དྲུག་གི་ཏིང་ངེ་འཛིན་དུ་བྱིན་གྱིས་རློབས། རྡུལ་ཚོན་གྱི་དཀྱིལ་འཁོར་ས་ལ་ལག་གིས་བྲིས་པ་ནི། གང་ཟག་བློ་དམན་པ་རྣམས་ལ། དངོས་པོས་དངོས་མེད་བཙལ་བ་དང་། མཚན་མས་དོན་ལ་མཚོན་ཕྱིར་དུ་ཏིང་ངེ་འཛིན་གྱིས་བཟུང་ངོ་། །

   གསུམ་པ་ཕྱོགས་བཅུར་མཚམས་བཅད་པའི་ཕྲིན་ལས་ཀྱི་དོན་ལ། ཕྱག་རྒྱས་མཚམས་གཅོད་པ་དང་། སྙིང་བོས་མཚམས་གཅོད་པ་དང་། རྫས་ཀྱིས་མཚམས་བཅད་པ་དང་། ཚིགས་བཤད་ཀྱིས་མཚམས་གཅོད་པ་དང་། ཏིང་ངེ་འཛིན་གྱིས་མཚམས་གཅོད་པ་དང་ལྔ། ༡ ཕྱག་རྒྱས་མཚམས་གཅོད་པ་ནི། ཕྱག་རྒྱ་དབལ་ཟེར་སྤར་ཤད་ཀྱི་ཕྱག་རྒྱ་བཅའ་སྟེ། ལག་པ་གཡས་གཡོན་གཉིས་ཀའི་སྤར་མོ་ཡུད་ཙམ་བཀུག་ནས། གཡས་པ་གནམ་ལ་བསྐྲད། གཡོན་པ་ས་ལ་བཅུམ་མོ། ༢ སྙིང་བོས་མཚམས་བཅད་པ་ནི། ཁྲི་དུར་་་བྷྱོ་བྷྱོ་ཞེས་པའི་སྔགས་ལན་ལྔ་བརྗོད། ༣ རྫས་ཀྱིས་མཚམས་གཅོད་པ་ནི། རལ་གྲི་བཞི་ཕྱོགས་བཞིར་གདེངས། མདའ་བཞི་མཚམས་བཞིར་བཀང་། རྒྱལ་མཚན་གཉིས་སྟེང་འོག་གཉིས་སུ་ཕྱར་རོ། ། ༤ ཚིགས་བཤད་ཀྱིས་མཚམས་བཅད་པ་ནི། སེམས་ཅན་ཉོན་མོངས་སྒྲིབ་སྦྱོང་ཕྱིར།་་་དྲག་མ་རག་ཤ་གཞོབ་ཏུ་གཏོང་། ཞེས་པའི་བར་དུའོ། ། ༥ ཏིང་ངེ་འཛིན་གྱིས་མཚམས་བཅད་པ་ནི། རྫས་ཀྱིས་མཚམས་བཅད་པ་སྐབས་ཀྱི་རྫས་བཅུ་དེ་སྒོ་སྲུང་གི་ཁྲོ་བོ་བཅུར་བསམ་ལ། རྔ་བརྡུང་གཤང་དཀྲོལ་སྒྲ་ཕྱུང་མཚེ་ཉུངས་འཕངས། སྟག་སེང་གི་ཚོམ་ཚོམ་བྱས་ནས་སྔགས་བརྗོད་པས་འདིའི་མཚམས་སུ་ཀ་ཡ་ཀ་པར་་་་ཞེས་པའི་སྔགས་བརྗོད་པ་བྱའོ། །

   བཞི་བ་ཕོ་བྲང་དཀྱིལ་འཁོར་བརྩིག་པའི་ཕྲིན་ལས་ཀྱི་དོན་བསྟན་པ་ལ། ཕྱག་རྒྱས་བརྩིག་པ་དང་། སྙིང་བོས་བརྩིག་པ་དང་། རྫས་ཀྱིས་བརྩིག་པ་དང་། ཚིགས་བཤད་ཀྱིས་བརྩིག་པ་དང་། ཏིང་ངེ་འཛིན་གྱིས་བརྩིག་པ་དང་ལྔའོ། ། ༡ ཕྱག་རྒྱས་བརྩིག་པ་ནི། ཕྱག་རྒྱ་མྱུར་མགྱོགས་བར་སྣང་གློག་གི་ཕྱག་རྒྱ་བྱ་སྟེ། ལག་པ་གཉིས་ཀ་མདུན་དུ་ཕྱེད་བརྐྱང་ཙམ་བྱས་ནས། སོར་མོ་གཟིངས་ཀྱིན་ཡར་མར་མགྱོགས་པར་བསྐོར་རོ། ། ༢ སྙིང་བོས་བརྩིག་པ་ནི། མུ་རྒྱས་་་བྲུང་བྲུང་ཞེས་པའི་སྔགས་ལན་བཞི་བརྗོད་དོ། ། ༣ རྫས་ཀྱིས་བརྩིག་པ་ནི། གསེར་གྱི་ཆག་ཤིང་དང་། ཐུགས་རྗེའི་ཐིག་ཐག་དང་། གནམ་ལྕགས་ངར་སོ་དང་། ས་ཕག་ཟུར་གསུམ་དང་། གནམ་ལྕགས་ཀྱི་འཇོར་ཆེན་དང་། བསེའི་ཡག་པ་དང་། དུང་གི་བྲེ་བ་དང་། གཙང་མའི་མཛེས་ཆབ་དང་། པད་ཟངས་ཀྱི་ཆབ་སྣོད་དང་། དངུལ་དཀར་གྱི་ཆབ་སྐྱོགས་དང་། རས་དཀར་གྱི་ཞལ་ཕྱིས་སོགས་བསག་གོ ། ༤ ཚིགས་བཤད་ཀྱིས་བརྩིག་པ། རྒྱུ་སྦྱོར་ཡོན་བདག་གཤེན་མཆེད་དང་།་་་ཞེས་པ་ནས་དགའ་བདེ་བསོད་ནམས་འཕེལ་བར་འགྱུར། ཞེས་པའི་བར་དུའོ། ། ༥ ཏིང་ངེ་འཛིན་གྱིས་བརྩིག་པ་ནི། ཆག་ཤིང་དབུས་སུ་བཙུགས་པ་དེ། ཉི་མ་དང་འདྲ་སྟེ་སྟོན་པའི་སྐུ་ཉིད་ལྷང་ངེར་གསལ། དེ་ལས་ཐིག་ཐག་དྲངས་པ་ནི། འོད་ཟེར་གསལ་ནས་སྟོང་གསུམ་དྭངས། ལྷ་དང་ཀླུ་དང་མི་ལ་སོགས་མཐའ་ཡས་སེམས་ཅན་མང་བོ་རྣམས། ངར་སོས་བསྐོར་བའི་དཀྱིལ་འཁོར་ལ་དཔངས་སུ་བསྟོད་ཀྱིན་ཆག་ཆག་འདེབས་པར་བསམ།

    ལྔ་བ་ཐིག་གདབ་པའི་ཕྲིན་ལས་ཀྱི་དོན་བསྟན་པ་ལ། ཕྱག་རྒྱས་ཐིག་གདབ་པ་དང་། སྙིང་བོས་ཐིག་གདབ་པ་དང་། ཡོ་བྱད་ཀྱིས་ཐིག་གདབ་པ། ཚིགས་བཤད་ཀྱིས་ཐིག་གདབ་པ་དང་། ཏིང་ངེ་འཛིན་གྱིས་ཐིག་གདབ་པ་དང་ལྔ། ༡ ཕྱག་རྒྱས་ཐིག་གདབ་པ་ལ། རྫུ་འཕྲུལ་བརྟན་འཛུགས་ཀྱི་ཕྱག་རྒྱ་བྱ་སྟེ། གཡོན་པས་ཐིག་ཐག་བཅངས་ནས་ཐུགས་ཀར་གཏད། གཡས་པས་ཐིག་ཐག་བཅང་ནས་མདུན་གྱི་ཐད་ཀར་བརྐྱངས། ༢ སྙིང་བོས་ཐིག་གདབ་པ་ནི། མུ་སྤྲོས་ཟེར་སྤར་་་་་་་་་་རྩེ་འབར་གསལ་ཅེས་པའི་བར་གྱི་སྔགས་ལན་བཞི་བརྗོད་དོ། །༣ རྫས་ཀྱིས་ཐིག་གདབ་པ་ནི། ཐིག་ཆལ་དམར་པོ་ཡུམ་གྱི་དབྱིངས། ཐིག་ཆལ་དཀར་པོ་ཡབ་ཀྱི་མཁའ། རིན་ཆེན་ཕོར་པར་བྱང་བར་སྦྱངས། པད་ཤུན་ཐིག་སྐུད་གྲིམས་དང་སྦྱར། ༤ ཚིགས་བཤད་ཀྱིས་ཐིག་གདབ་པ་ནི། ཐིག་འདི་དབྱིངས་ཀྱི་ཡུམ་གྱི་ཐིག་་་་ཞེས་པ་ནས་ཡུན་དུ་རྟག་ཅིང་བརྟན་གྱུར་ཅིག་ཞེས་པའི་བར་དེ་ས་ཏྲིག་ཨེར་སངས་བྱིན་བརླབས་ཐིག་དང་གཤེན་ལྷ་འོད་ཟེར་ཐུགས་རྗེའི་ཐིག་དང་སངས་པོ་འབུམ་ཁྲི་སྤྲུལ་པའི་ཐིག་དང་སྟོན་པ་གཤེན་རབ་འོད་ཟེར་ཐིག་ཞེས་པའི་ཐིག་གདབ་བཞི་བོའི་ཚིགས་བཤད་བརྗོད་པ་བྱའོ། ། ༥ ཏིང་ངེ་འཛིན་གྱིས་ཐིག་གདབ་པ་ནི། དབྱིངས་ནས་ཁྱབ་གདལ་པ་ནི་ནམ་མཁའ་སྟོང་བའི་ངོགས། མཁའ་ལས་ཟེར་འཕྲོས་པས་ནི་མ་རིག་མུན་པ་བཅོམ། དཀར་དམར་འོད་ཟེར་ཐིག་གིས་སྟོང་གསུམ་ཁྱབ་པར་བསྒོམ།

   དྲུག་པ་སྟ་གོན་ལ་གནས་པའི་ཕྲིན་ལས་ཀྱི་དོན་བསྟན་པ་ལ། ཕྱག་རྒྱས་སྟ་གོན་ལ་གནས་པ་དང་། སྙིང་བོས་སྟན་གོན་ལ་གནས་པ་དང་། རྫས་ཀྱིས་སྟ་གོན་ལ་གནས་པ་དང་། ཚིགས་བཤད་ཀྱིས་སྟ་གོན་ལ་གནས་པ་དང་། ཏིང་ངེ་འཛིན་གྱིས་སྟ་གོན་ལ་གནས་པ་དང་ལྔའོ། ། ༡ ཕྱག་རྒྱས་སྟ་གོན་ལ་གནས་པ་ནི། དབྱིངས་བདལ་མཁའ་ཁྱབ་ཀྱི་ཕྱག་རྒྱ་བྱ་སྟེ། གཡས་པའི་ཐལ་མོ་དཔྲལ་བར་གཏད། གཡོན་པའི་ཐལ་མོ་སྙིང་ཀར་གཏད། ༢ སྙིང་བོས་སྟ་གོན་ལ་གནས་པ་ནི། ཨ་ཧེ་ཧོ་་་་གདལ་ཁྱབ་གསལ་ཅེས་པའི་སྔགས་ལན་བཞི་བརྗོད། ༣ རྫས་ཀྱིས་སྟ་གོན་ལ་གནས་པ་ནི། སྤོས་ཀྱི་དུད་པ་སྤྲིན་བཞིན་དུ་གཏིབས། མཛེས་པའི་ཕོར་པ་གཙང་མ་རུ་གཙང་ཆུ་བླུགས་ནས་གཡས་སུ་བཟུང་། མཚེ་ཉུངས་བླུགས་ནས་གཡོན་དུ་བཟུང་། རིན་ཆེན་བུམ་པ་དབང་དུ་བཞག ༤ ཚིགས་བཤད་ཀྱིས་སྟ་གོན་ལ་གནས་པ་ནི། མི་འགྱུར་དབྱིངས་ཆེན་འབྱམས་ཡས་བོན་གྱི་དབྱིངས་དཀྱིལ་ཏེ།་་་་འཁོར་བཅས་སྟ་གོན་ལ་ནི་གདལ་ཁྱབ་བཞུགས་སུ་གསོལ། ཞེས་པའི་བར་དང་། དེ་ནས་བུམ་པའི་འཛབ་བགྲང་སྟེ་ཨ་ཨ་ཨད་་་་ནས་་་་མཉམ་སྟེ་གདལ་གདལ་ཞེས་པའི་སྔགས་ལན་གྲངས་བཅུ་བསྒྲངས་ནས་བུམ་པར་བླུགས་སོ། །ཡང་ཚིགས་སུ་བཅད་དེ་སྙིང་རྗེའི་མགྲོན་སྟ་གོན་ལ་གནས་པ་སྟེ། ལྷ་དང་ལྷ་མིན་མི་དང་མཐོ་རིས་གསུམ།་་་་་སྟ་གོན་ལ་ནི་གནས་པར་བགྱིའོ། །ཞེས་པའི་བར་དང་། ངན་སོང་གི་དོང་སྤྲུག་གི་སྙིང་བོ་སྟེ། ཨ་དཀར་ཨ་རྨད་དུ་ཏྲི་སུ་་་་་ལན་བདུན་གྲངས་ཏེ་མཚེ་ཉུངས་དང་གཙང་ཆུ་ལ་སྔགས་ཏེ་བུམ་པར་བླུགས། དེ་ནས་དཔོན་གསས་ཉིད་སྟ་གོན་ལ་གནས་པ་ལ། ཚིགས་སུ་བཅད་དེ། གཙང་གོས་གཟི་བརྗིད་གཞའ་ཚོན་འོད།་་་་་་སྟ་གོན་ལ་ནི་གནས་པར་བགྱི། ཞེས་པའི་བར་དང་། དེ་ནས་ཡང་དུག་ལྔས་དབང་བྱས་ཕུང་བོ་ལྔ།་་་་ཉམས་དགའ་རྨི་ལྟས་བཟང་བར་ཤོག་་་ཞེས་པའི་བར་དུའོ། ། ༥ ཏིང་ངེ་འཛིན་གྱིས་སྟ་གོན་ལ་གནས་པ་ནི། གསེར་རྟ་གཡུ་ཡི་མཛེས་པ་བསམ་དུ་མེད་པ་ཡིས། མཆོད་སྦྱིན་མགྲོན་རྣམས་སྤྱན་འདྲེན་སྙན་གསན་འབེབས་པར་ཏིང་ངེ་འཛིན་གྱིས་བཟུང་ངོ་། །

   བདུན་པ་རྒྱན་དགོད་པའི་ཕྲིན་ལས་ཀྱི་དོན་བསྟན་པ་ལ། ཕྱག་རྒྱས་རྒྱན་དགོད་པ་དང་། སྙིང་བོས་རྒྱན་དགོད་པ་དང་། རྫས་ཀྱིས་རྒྱན་དགོད་པ་དང་། ཚིགས་བཤད་ཀྱིས་རྒྱན་དགོད་པ་དང་། ཏིང་ངེ་འཛིན་གྱིས་རྒྱན་དགོད་པ་དང་ལྔ། ༡ ཕྱག་རྒྱས་རྒྱན་དགོད་པ་ནི། རྫུ་འཕྲུལ་འོད་ཟེར་གྱི་ཕྱག་རྒྱ་བྱ་སྟེ། སོར་མོ་གདེངས་ནས་གཡས་པ་གནམ་དུ་བསྟན། གཡོན་པ་ས་ལ་བསྟན། ༢ སྙིང་བོས་རྒྱན་དགོད་པ་ནི། ཨ་པར་མུ་རྒྱན་་་་་་་་འོད་རུམ་ཐིམ། ཞེས་པའི་སྔགས་ལན་བཞི་བརྗོད་དོ། ། ༣ རྫས་ཀྱིས་རྒྱན་དགོད་པ་ནི། མདའ་དར་བཞི་དང་རལ་གྲི་བཞི། མེ་ལོང་བཞི་དང་རྒྱལ་མཚན་གཉིས་རིམས་པས་མ་ནོར་བར་དགོད་པའོ། ། ༤ ཚིགས་བཤད་ཀྱིས་རྒྱན་དགོད་པ་ནི། བུམ་པ་ལྷ་ཡི་གཞལ་ཡས་ཁང་།་་་་བདེར་གཤེགས་མཆོད་པའི་རྟེན་དུ་དུས་མཐར་བཞུགས་སུ་གསོལ། ༥ ཏིང་ངེ་འཛིན་གྱིས་རྒྱན་དགོད་པ་ནི། སྟོང་གསུམ་གྱི་སྟོང་ཡིད་འོང་ལྷའི་གཞལ་ཡས་ཁང་དུ་གྱུར་པ་དང་། རྒྱན་སྣ་ཚོགས་མེ་ཏོག་གི་གླིང་ངམ། རིན་པོ་ཆེའི་གཡུང་དྲུང་དང་། གཞའ་ཚོན་གྱི་འོད་དུ་ལམ་གྱིས་སོང་བར་བསམ་པ་ཏིང་ངེ་འཛིན་གྱིས་བཟུང་ངོ་། །

   བརྒྱད་པ་སྤྱན་དྲངས་རྟེན་ལ་བསྟིམ་གྱིན་གདན་ལ་བཞུགས་པའི་ཕྲིན་ལས་ཀྱི་དོན་བསྟན་པ་ལ། ཕྱག་རྒྱས་སྤྱན་དྲངས་པ་དང་། སྙིང་བོས་སྤྱན་དྲངས་པ་དང་། རྫས་ཀྱིས་སྤྱན་དྲངས་པ་དང་། ཚིགས་བཤད་ཀྱིས་སྤྱན་དྲངས་པ། ཏིང་ངེ་འཛིན་གྱིས་སྤྱན་དྲངས་པ་དང་ལྔ། ༡ ཕྱག་རྒྱས་སྤྱན་དྲངས་པ་ནི། བརྡ་སྤྲོད་དག་པའི་ཕྱག་རྒྱ་བྱ་སྟེ། གཡས་གཡོན་གཉིས་ཀ་ནམ་མཁའ་ལ་རེ་མོས་འདེགས་ཀྱིན། གར་ཐབས་སུ་སྔུན་ཀ་ལོག་ཏུ་བཏེག་གོ ། ༢ སྙིང་བོས་སྤྱན་དྲངས་པ་ནི། ཨ་སྤྲོ་མུ་དག་་་་་འོད་དཔག་གདལ་གདལ་ཞེས་པའི་སྙིང་བོ་ལན་བཞི་བརྗོད། ༣ རྫས་ཀྱིས་སྤྱན་དྲངས་པ་ནི། དཔོན་གསས་འཁོར་དང་ཡོན་བདག་རྣམས་གཙང་ཞིང་མཛེས་པའི་ཆས་སུ་ཞུགས། རྔ་དང་དུང་དང་གཤང་དང་དར་འཕན་ལ་སོགས་རྣམས། སྙན་པར་བསྒྲགས་ཤིང་མཛེས་པར་འཕྱར། སྨན་དང་སྤོས་དང་མཁན་གྱི་དུད་པ་སྤྲིན་བཞིན་གཏིབས། ༤ ཚིགས་བཤད་ཀྱིས་སྤྱན་དྲངས་པ་ནི། མི་འགྱུར་དབྱིངས་ཆེན་འབྱམས་ཡས་བོན་གྱི་དབྱིངས་དཀྱིལ་ཏེ།་་་་རྟེན་ལ་ཐིམ་གྱིན་གདན་ལ་བཞུགས་སུ་གསོལ། ཞེས་པའི་བར་གྱིའོ། །༥ ཏིང་ངེ་འཛིན་གྱིས་སྤྱན་དྲངས་བཞུགས་སུ་གསོལ་བ་ནི། ཚིགས་བཤད་ལྟར་བདེ་བར་གཤེགས་པའི་སྐུ་མདོག་དང་རྒྱན་ཆ་མ་ནོར་བར། ནམ་མཁའི་ཁམས་ནས་བསམ་གྱིས་མི་ཁྱབ་པར་བྱོན་ནས་སྐུ་གདུང་སྐུ་གཟུགས་གསུང་རབ་དང་། དཀྱིལ་འཁོར་བུམ་པ་དག་ལ་ཐིམ་གྱིན་གདན་ལ་བཞུགས་པར་བསམ་པ་ཏིང་ངེ་འཛིན་གྱིས་བཟུང་ངོ་། །

   དགུ་བ་གཙང་ཆུས་ཁྲུས་གསོལ་བ་དང་རྡུལ་ཕྱི་བའི་འཕྲིན་ལས་ཀྱི་དོན་བསྟན་པ་ལ། ཕྱག་རྒྱས་གཙང་བ་དང་། སྙིང་བོས་གཙང་བ་དང་། རྫས་ཀྱིས་གཙང་བ། ཚིགས་བཤད་ཀྱིས་གཙང་བ། ཏིང་ངེ་འཛིན་གྱིས་གཙང་བ་དང་ལྔ། ༡ ཕྱག་རྒྱས་གཙང་བར་བྱ་བ་ནི། གུས་པ་དད་ལྡན་གྱི་ཕྱག་རྒྱ་བྱ་སྟེ། གཡོན་པ་འཁྱོར་བ་གནམ་ལ་བསྟན་ནས་ཕར་ལ་བསྟབ། གཡས་པས་སྤར་མོ་ས་ལ་བཀུག་ནས་ཚུར་ལ་དྲངས་པའོ། ། ༢ སྙིང་བོས་གཙང་བར་མཛད་པ་ནི། མཁའ་ཀློང་འགྱུར་ཨ་འོད་་་་ཁྱབ་པར་གདང་། ཞེས་ལན་བཞི་བརྗོད་དོ། །༣ རྫས་ཀྱིས་གཙང་བར་མཛད་པ་ནི། དངུལ་གྱི་ཕོ་སྙུངས་དང་། དུང་གི་སོ་མངས་དང་། གསེར་གྱི་སྦུར་ལེན་དང་། རིན་པོ་ཆེའི་གཙག་པད་དང་། གཡུའི་པད་ལོ་དང་། ལྕགས་ཀྱི་སྤུ་གྲི་ཆན་གྲི་དང་། པད་ཤུན་གྱི་རས་དཀར་དང་། གཙང་མའི་ཆབ་ལྔ་དང་། རིན་པོ་ཆེའི་སྐྱོགས་ལྔ་དང་། ཟངས་ཁུགས་ཀྱི་འཁོར་ལོ་དང་། ཙྡན་གྱི་སྨན་སྣ་དང་། རིན་པོ་ཆེ་ཡིད་བཞིན་གྱི་གསལ་སྒོང་དང་། དེ་རྣམས་ཚངས་པར་བསགས་སོ། ། ༤ ཚིགས་བཤད་ཀྱིས་གཙང་བར་བྱ་བ་ནི། རིན་ཆེན་གསལ་སྒོང་ཕྱི་བལྟས་ནང་གསལ་ནང་བལྟས་ཕྱི་གསལ་འདི།་་་་་སྐྱེ་བ་སྔ་ཕྱི་ད་ལྟ་གསུམ་ཀའི་རྒྱུ་འགྱུར་རྒྱུ་འབྲས་སོ་སོར་ཕྱེད། ཞེས་པའི་བར་གྱིའོ། ། ༥ ཏིང་ངེ་འཛིན་གྱིས་གཙང་བར་མཛད་པ་ནི། སྐུ་གདུང་སྐུ་གཟུགས་གསུང་རབ་དང་། བུམ་པ་དཔོན་གསས་དཀྱིལ་འཁོར་དང་། མཐའ་ཡས་སེམས་ཅན་མང་བོ་རྣམས། གཉིས་སུ་མེད་པར་རྣམ་པར་དག་གིན་བདེ་བར་གཤེགས་པའི་འོད་ཀྱིས་ཁེབས་པར་གཡོགས་ནས། དེའི་ནང་ན་བསྐོར་བ་དང་ལྷ་ཕྱག་གིས་མཚོན་ནས། སྐུ་གཟུགས་སྐུ་གདུང་གསུང་རབ་དཀྱིལ་འཁོར་བུམ་པ་རྣམས་ཀྱང་། མངའ་ཐོབ་འོད་གསལ་འགྲོ་བའི་དོན་རྒྱ་ལག་ཕྱད་པར་ནུས་པར་ཏིང་ངེ་འཛིན་གྱིས་བཟུང་ངོ་། །

   བཅུ་བ་ཕྱག་འཚལ་མཚན་བསྟོད་མཆོད་པ་འབུལ་བའི་ཕྲིན་ལས་ཀྱི་དོན་བསྟན་པ་ལ། ཕྱག་རྒྱ་དང་། སྙིང་བོ། རྫས། ཚིགས་བཤད་དང་། ཏིང་ངེ་འཛིན་གྱིས་ཕྱག་རྒྱས་ཕྱག་འཚལ་མཚན་བསྟོད་མཆོད་པ་འབུལ་བ་དང་ལྔ། ༡ ཕྱག་རྒྱས་ཕྱག་འཚལ་མཚན་བསྟོད་མཆོད་པ་འབུལ་བ་ནི། བདུད་རྩི་རྒྱུན་སྦྲིང་གི་ཕྱག་རྒྱ་བྱ་སྟེ། གཡོན་པའི་ཁྱོར་བ་གནམ་ལ་བཟེད་ནས་མདུན་གྱི་ཐད་ཀར་ཕར་བརྐྱང་། གཡས་པའི་ལག་མགོ་བཀུགས། སོར་མོ་ཕྲ་ལེ་ཕྱེད་བརྐྱང་ཙམ་མདུན་དུ་མཛད་དོ། ། ༢ སྙིང་བོས་ཕྱག་འཚལ་མཚན་བསྟོད་མཆོད་པ་འབུལ་བ་ནི། མུ་རྒྱས་མུ་གདལ་་་་ཨ་ཧེ་ཧོ། ཞེས་ལན་བཞི་བརྗོད་དོ། ། ༣ རྫས་ཀྱིས་ཕྱག་འཚལ་མཚན་བསྟོད་མཆོད་པ་འབུལ་བ་ནི། མངའ་བདག་གིས་ཤར་ཕྱོགས་ནས་ལས་རྣམ་པ་གསུམ་གྱི་སྒོར་ཞུགས་ཏེ། སྐུ་ཡི་ལས་སུ་ཕྱག་རྒྱ་དང་། གསུང་གི་ལས་སུ་སྙིང་བོ། ཐུགས་ཀྱི་ལས་སུ་ཏིང་ངེ་འཛིན་བསྒོམ། འཁོར་ཡིད་ཀྱི་ཁྱེའུ་ཆུང་ལ་སོགས་པ་རྣམས་ཀྱིས། ལྷོ་ཕྱོགས་ནས་ཡོན་ཏན་གྱི་ལས་སུ་ཡོ་བྱད་བསྔོ། ལྡན་པ་ལྔ་དང་འདོད་པ་ལྔ་ཡང་མཆོད་པ་དང་། མར་སྦྱིན་རྒྱས་པར་བཤམས་སོ། །བྱང་ཕྱོགས་ནས་ཀོང་ཙེ་ལ་སོགས་པའི་ཡོན་བདག་རྣམས། པུས་བཙུགས་ཐལ་སྦྱོར་གུས་པའི་ཚུལ་ཕྱུང་ངོ་། །གསེར་གྱི་གཞོང་བ་མདུན་གྱི་དཀྱིལ་འཁོར་རྩར་བཟེད་དོ། །བ་དཀར་འོ་མ་ལ་སོགས་ཏེ་ཆས་གཙང་རྣམ་པ་ལྔ་དང་། སྨན་དང་། འབྲུ་དང་། མེ་ཏོག་དང་། རིན་པོ་ཆེ་དང་། ལྡན་པ་ལྔ་སྣ་ལྔ་ནས་བསྲེས་ཏེ། ཟངས་ཀྱི་གཞོང་བར་བླུག་གོ །ཡིད་ཀྱི་ཁྱེའུ་ཆུང་གིས་ཟངས་ཀྱི་གཞོང་བ་ནས་དངུལ་གྱི་གཟར་བུས་བཅུས་ཀྱིན་གསེར་གྱི་གཞོང་བར་བླུས། ཕྱག་འཚལ་མཚན་བསྟོད་མཆོད་པ་འབུལ་ཞེས་བརྗོད་ཙམ་ན། བྱང་ཕྱོགས་ནས་ཡོན་བདག་རྣམས་ཀྱིས་ཀྱང་བདེར་གཤེགས་མཚན་དེ་ལ་མཚན་ཕྱག་རེ་འཚལ་གྱིན། མེ་ཏོག་གཏོར་ཞིང་མཆོད་པ་ཕུལ་ཏོ། །༤ ཚིགས་བཤད་ཀྱིས་ཕྱག་འཚལ་མཚན་བསྟོད་མཆོད་པ་འབུལ་བར་མཛད་པ་ནི། བདེར་གཤེགས་སྟོང་རྩ་བརྒྱད་ལ་ཚིགས་བཞི་ཚིགས་སུ་བཅད་དེ་ཕུལ་བའོ། །ཚིགས་སུ་བཅད་དེ་སྐུ་བསྟོད་པ་ནི། སྣོད་བཅུད་འཇིག་རྟེན་མཐའ་ཡས་ལ།་་ནས་་་་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། ཞེས་པའི་བར་དེ་ལྷ་མོ་དང་ལྷ་ཆེན་སྲིད་པ་གཤེན་རབ་བཅས་ལ་སྐུ་བསྟོད་དོ། །དེ་ནས་བདེ་བར་གཤེགས་པ་གཙོ་བོ་བཞིའི་འཁོར་བདེར་གཤེགས་སྟོང་ལ་ཕྱོགས་བཅུར་ཕྱག་འཚལ་མཚན་བསྟོད་མཆོད་པ་འབུལ་བ་ནི། སྟོང་གསུམ་འཇིག་རྟེན་་་་་་ནས་་་་་ཕྱག་འཚལ་མཚན་བསྟོད་མཆོད་པ་འབུལ། ཞེས་པའི་བར་དེ་ཕྱོགས་བཅུའི་ལྷ་མོ་ཉིས་བརྒྱ་ལྔ་བཅུ་དང་། ཕྱོགས་བཅུའི་ལྷ་ཆེན་ཉིས་བརྒྱ་ལྔ་བཅུ་དང་། ཕྱོགས་བཅུའི་སྲིད་པ་ཉིས་བརྒྱ་ལྔ་བཅུ། ཕྱོགས་བཅུའི་གཤེན་རབ་ཉིས་བརྒྱ་ལྔ་བཅུ་དང་བཅས་ཏེ་བདེར་གཤེགས་སྟོང་ལ་ཕྱག་འཚལ་མཚན་བསྟོད་པ་བྱའོ། །དེ་ནས་ཡང་ཡར་བདེ་བར་གཤེགས་པ་ལ་མཆོད་པ་འབུལ་བ་སྟེ། ཕྱོགས་བཅུ་སྟོང་གསུམ་འཇིག་རྟེན་དང་།་་་ནས་་་་ཕྱག་མཚལ་མཚན་བསྟོད་མཆོད་པ་འབུལ། ཞེས་པའི་བར་དུའོ། །དེ་ནས་མར་སེམས་ཅན་ལ་སྦྱིན་པའི་བསྔོ་བ་ལ། ཕྱག་རྒྱ་ཐལ་སྦྱོར་ཐུགས་ཀར་གཏད་དེ། ངན་སོང་དོང་སྤྲུག་གི་སྙིང་བོ་བརྗོད། ཨ་དཀར་ཨ་རྨད་དུ་ཏྲི་སུ་ནག་པོ་ཞི་ཞི་མལ་མལ། ཡར་སྟགས་རྫས་ཀྱི་གཏོར་མ་བཏེགས་ལ། ཚིགས་བཤད་ཚིགས་སུ་བཅད་དེ་བརྗོད་པ། ཨཱོྃ་བདག་གི་ཏིང་འཛིན་སྟོབས་མཆོག་དང་།་་་་ནས་་་བླ་མེད་གོ་འཕང་ཐོབ་པར་ཤོག །ཞེས་པའི་བར་དུའོ། ། ༥ཏིང་ངེ་འཛིན་གྱིས་ཕྱག་འཚལ་མཚན་བསྟོད་མཆོད་པ་འབུལ་བ་ནི། བདེ་གཤེགས་སེམས་ཅན་གཉིས་ཀ་མཆོད་པས་མཉེས་ཤིང་སྦྱིན་པས་ཚིམ་པར་གྱུར་ནས། གཉིས་མེད་གཅིག་ལ་མཉམ་པར་ཏིང་ངེ་འཛིན་གྱིས་བཟུང་ངོ་། །

   བཅུ་གཅིག་པ་ལྷ་ཕྱག་འཚལ་ནས་སྡིག་པ་བཤགས་པར་མཛད་པའི་ཕྲིན་ལས་ཀྱི་དོན་བསྟན་པ་ལ། ཕྱག་རྒྱས་སྡིག་པ་བཤགས་པ་དང་། སྙིང་བོས་སྡིག་པ་བཤགས་པ་དང་། རྫས་ཀྱིས་སྡིག་པ་བཤགས་པ། ཚིགས་བཤད་ཀྱིས་སྡིག་པ་བཤགས་པ། ཏིང་ངེ་འཛིན་གྱིས་སྡིག་པ་བཤགས་པ་ལྔ། ༡ ཕྱག་རྒྱས་སྡིག་པ་བཤགས་པ་ནི། གུས་པས་མོས་བཏུད་ཀྱི་ཕྱག་རྒྱ་བྱ་སྟེ། ཐལ་མོ་སྦྱར་ནས་དཔྲལ་བར་གཏོད་དོ། ། ༢ སྙིང་བོས་སྡིག་པ་བཤགས་པར་མཛད་པ་ནི། ཨ་དཀར་ཨ་རྨད་དུ་ཏྲི་སུ་ནག་པོ་ཞི་ཞི་མལ་མལ། ཞེས་ངན་སོང་དོང་སྤྲུག་གི་སྙིང་བོ་ལན་བཞི་བརྗོད། ༣ རྫས་ཀྱི་སྡིག་པ་བཤགས་པ་ནི། ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། ། ༤ ཚིགས་བཤད་ཀྱིས་ཚིགས་སུ་བཅད་དེ་སྡིག་པ་བཤགས་པ་ནི། སྐྱེ་བ་དང་བོ་དཔག་ཏུ་མེད་པ་ནས།་་་་་་མཁའ་འགྱིང་དཀར་པོའི་དབྱིངས་སུ་ཐིམ་གྱུར་ཅིག །ཞེས་པའི་བར་དུའོ། ། ༥ ཏིང་ངེ་འཛིན་གྱིས་སྡིག་པ་བཤགས་པར་མཛད་པ་ནི། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་སྤྲུལ་པའི་སྐུ་ལྟར་གཟུགས་ཀྱི་ཕུང་བོ་རྡུལ་ཕྲ་རབ་ཀྱི་ཆར་བྱེ་བ་ཙམ་དུ་གྱེས་ནས། ཕྱོགས་བཅུའི་བདེ་བར་གཤེགས་པ་རྣམས་ཀྱི་སྤྱན་ལམ་ན། ལྷ་ཕྱག་འཚལ་ཞིང་སྡིག་པ་བཤགས་པར་ཏིང་ངེ་འཛིན་གྱིས་བཟུང་ངོ་། །

   བཅུ་གཉིས་པ་དཀྱིལ་འཁོར་གྱི་སྒོ་དབྱེ་བའི་ཕྲིན་ལས་ཀྱི་དོན་བསྟན་པ་ལ། ཕྱག་རྒྱས་སྒོ་དབྱེ་བ་དང་། སྙིང་བོས་སྒོ་དབྱེ་བ། རྫས་ཀྱིས་སྒོ་དབྱེ་བ། ཚིགས་བཤད་ཀྱིས་སྒོ་དབྱེ་བ། ཏིང་ངེ་འཛིན་གྱིས་སྒོ་དབྱེ་བ་དང་ལྔ། ༡ ཕྱག་རྒྱས་སྒོ་དབྱེ་བ་ནི། སྒྲོན་མེ་འོད་ཟེར་གྱི་ཕྱག་རྒྱ་བྱ་སྟེ། གུང་མོ་གཉིས་མདུན་གྱི་རྩེ་མོ་སྤྲད་ནས་གནམ་དུ་བསྟན། ཕྱི་མ་རྣམས་ཐུར་དུ་ས་ལ་ཕྲ་ལེ་བསྟན་ནོ། ། ༢ སྙིང་བོས་སྒོ་དབྱེ་བ་ནི། ཨཱོྃ་ཨ་ལོ་སྤྲོ་་་་སྤྲོས་འབར་ལོ་གསལ། ཞེས་ལན་བཞི་གར་ཐབས་ཀྱིས་བརྗོད་དོ། ། ༣ རྫས་ཀྱིས་སྒོ་དབྱེ་བ་ནི། ཡོན་བདག་ཐམས་ཅད་ཐལ་མོ་སྦྱར་བའི་བར་དུ་མར་མེ་ཐོགས་ཏེ། མདངས་ཕྱུངས་འཛུམ་བསྟན་ནས་ཤར་ཕྱོགས་སུ་བསྒྲིགས། དཔོན་གསས་ཀྱིས་ནུབ་ཕྱོགས་ནས་བཞེངས་ལ་བར་དུ་དར་དཀར་ས་གཞི་ལ་གདན་དུ་བརྐྱང་ནས་ནམ་མཁའ་ལ་ཡང་གུར་དུ་བརྐྱང་ངོ་། ༤ ཚིགས་བཤད་ཀྱིས་སྒོ་དབྱེ་བ་ནི། ཤར་ཕྱོགས་ཀྱི་སྒོ་དབྱེ་བའི་ཚིགས་བཤད་དེ། འཁོར་བའི་སེམས་ཅན་མ་རིག་པ།་་་་ནས་་་་བྱང་ཕྱོགས་དང་ནུབ་ཕྱོགས་ལྷོ་ཕྱོགས་བཅས་ཀྱི་སྒོ་དབྱེ་བའི་ཚིགས་བཤད་བཅས་ཀྱི་བར་དུ་དེ་ལྷོ་ཕྱོགས་ཀྱི་སྒོ་དབྱེ་བའི་ཚིགས་བཤད་ཀྱི་གཞུག་སྟེ་སེམས་ལ་རིག་པ་ཤར་བར་འགྱུར། ཞེས་པའི་བར་དུའོ། ། ༥ ཏིང་ངེ་འཛིན་གྱིས་མར་མེ་བཏེགས་ནས་སྒོ་དབྱེ་བར་མཛད་པ་ནི། བདག་ལྟར་མཐའ་ཡས་པའི་སེམས་ཅན་གྱིས་ཀྱང་། མ་རིག་པའི་སྒོ་རིག་པའི་ལྡེ་མིག་གིས་དེ་ལྟར་བས་ས་ལེ་མ་རྨོངས་ཡོངས་སུ་གསལ་བར་ཏིང་ངེ་འཛིན་གྱིས་བཟུང་ངོ་། །

   བཅུ་གསུམ་པ་མེ་ཏོག་གཏོར་ནས་སྨོན་ལམ་གདབ་པའི་ཕྲིན་ལས་ཀྱི་དོན་བསྟན་པ་ལ། ཕྱག་རྒྱས་སྨོན་ལམ་གདབ་པ་དང་། སྙིང་བོས་སྨོན་ལམ་གདབ་པ། རྫས་ཀྱིས་སྨོན་ལམ་གདབ་པ། ཚིགས་བཤད་ཀྱིས་སྨོན་ལམ་གདབ་པ། ཏིང་ངེ་འཛིན་གྱིས་སྨོན་ལམ་གདབ་པ་དང་ལྔ། ༡ ཕྱག་རྒྱས་སྨོན་ལམ་གདབ་པ་ནི། སེམས་དག་དད་ལྡན་གྱི་ཕྱག་རྒྱ་བྱ་སྟེ། ལུས་པོ་ཙོག་ཙོག་པོར་ཡོན་བདག་རྣམས་འདུག་ནས། ཐལ་མོ་སྦྱར་ནས་དཔྲལ་བར་གཏད་དོ། ། ༢ སྙིང་བོས་སྨོན་ལམ་གདབ་པ་ནི། ཨཱོྃ་མཁའ་དབྱིངས་དག་པར་་་་་ནས་་་་་ཨ་ཧེ་ཧོ་མུ་ལ་རྒྱས། ཞེས་པའི་སྔགས་ལན་བཞི་བརྗོད། ༣ རྫས་ཀྱིས་སྨོན་ལམ་གདབ་པ་ནི། མེ་ཏོག་སྣ་ཚོགས་བཅད་ཀྱིན་གཏོར་རོ། ། ༤ ཚིགས་བཤད་ཀྱིས་ཚིགས་སུ་བཅད་དེ་སྨོན་ལམ་གདབ་པ་ནི། འཇིག་རྟེན་གཟུགས་ནི་སྒྱུ་མ་སྟེ།་་་ནས་་་་བདག་གིས་བདེ་བར་འདྲོངས་པར་ཤོག །ཞེས་པའི་བར་དུའོ། ། ༥ ཏིང་ངེ་འཛིན་གྱིས་མེ་ཏོག་ཕུལ་ནས་སྨོན་ལམ་གདབ་པ་ནི། བདག་དང་མཐའ་ཡས་པའི་སེམས་ཅན་རྣམས། དུས་གཅིག་ལ་བདེ་བར་གཤེགས་པ་རྣམས་ཀྱི་སྤྱན་ལམ་ན་མེ་ཏོག་གཏོར་གྱིན་སྨོན་ལམ་འདེབས་པར་ཏིང་ངེ་འཛིན་གྱིས་བཟུང་ངོ་། །

   བཅུ་བཞི་བ་བུམ་ཁྲུས་བྱས་ནས་དབང་བསྐུར་བའི་ཕྲིན་ལས་ཀྱི་དོན་བསྟན་པ་ལ། ཕྱག་རྒྱས་དབང་བསྐུར་བ། སྙིང་བོས་དབང་བསྐུར་བ། རྫས་ཀྱིས་དབང་བསྐུར་བ། ཚིགས་བཤད་ཀྱིས་དབང་བསྐུར་བ། ཏིང་ངེ་འཛིན་གྱིས་དབང་བསྐུར་བ་དང་ལྔ། ༡ ཕྱག་རྒྱས་དབང་བསྐུར་བ་ནི། མཉམ་གདལ་འོད་འགྱེད་ཀྱི་ཕྱག་རྒྱ་བྱ་སྟེ། གཡོན་པའི་ཐལ་མོ་ཐུགས་ཀར་གཏད། གཡས་པའི་ཐལ་མོ་གནམ་ལ་བཏེགས་གིན་ས་ལ་ཕབ་པའོ། ། ༢ སྙིང་བོས་དབང་བསྐུར་བ་ནི། བསྭོ་ལིང་མུ་ཟེར་་་་ནས་ཡོངས་སུ་ཡངས་ཡངས། ཞེས་པའི་སྔགས་ལན་བཞི་བརྗོད། ༣ རྫས་ཀྱིས་དབང་བསྐུར་བ་ནི། དབུས་ཀྱི་བུམ་པ་ཕྱག་ཏུ་བཞེས་ནས། རྩི་སྨན་གྱི་ཆུ་རྒྱུན་གྱིས་ཡོན་བདག་རྣམས་བཀྲུས་སོ། ། ༤ ཚིགས་བཤད་ཀྱིས་དབང་བསྐུར་བ་ནི། དབྱིངས་ལས་ཡེ་ཤེས་བསྐྱེད་པའི་བདུད་རྩིའི་ཆུ་རྒྱུན་འདིས།་་་ནས་་་་སྲིད་པའི་རྩེ་མོ་མན་ཆད་དུ་སྐྱེ་རྒ་ན་འཆི་བཞི་ལས་གཏན་དུ་ཐར་པར་གྱུར་ཅིག །ཞེས་པའི་བར་དུའོ། ། ༥ ཏིང་ངེ་འཛིན་གྱིས་དབང་བསྐུར་བ་ནི། དབང་བསྐུར་བ་མཐའ་དག་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་གྲུབ་པར་ཏིང་ངེ་འཛིན་གྱིས་བཟུང་ངོ་། །

   བཅོ་ལྔ་བ་དབང་རྫས་གཏད་ནས་དངོས་གྲུབ་སྦྱིན་པའི་འཕྲིན་ལས་ཀྱི་དོན་བསྟན་པ་ལ། ཕྱག་རྒྱས་དངོས་གྲུབ་སྦྱིན་པ་དང་། སྙིང་བོས་དངོས་གྲུབ་སྦྱིན་པ། རྫས་ཀྱིས་དངོས་གྲུབ་སྦྱིན་པ། ཚིགས་བཤད་ཀྱིས་དངོས་གྲུབ་སྦྱིན་པ། ཏིང་ངེ་འཛིན་གྱིས་དངོས་གྲུབ་སྦྱིན་པ་དང་ལྔ། ༡ ཕྱག་རྒྱས་དངོས་གྲུབ་སྦྱིན་པ་ནི། བདུད་རྩིའི་རྒྱུན་སྤྲོའི་ཕྱག་རྒྱ་བྱ་སྟེ། གཡོན་པའི་ཁྱོར་བ་གྱེན་ལ་བཟེད། དེ་ལ་གཡས་པས་བཅུས་ཀྱིན་གཏོར་རོ། ། ༢ སྙིང་བོས་དངོས་གྲུབ་སྦྱིན་པ་ནི། རྩེ་མུ་ཧ་ལིངས་པ་་་་ནས་་་་་་གསལ་འདེབས་སྤར། ཞེས་ལན་བཞི་བརྗོད། ༣ རྫས་ཀྱིས་དངོས་གྲུབ་སྦྱིན་པ་ནི། ཕྱག་རྒྱའི་དབང་རྫས། སྙིང་བོའི་དབང་རྫས། ཡི་གེའི་དབང་རྫས། ཚིགས་བཤད་བཀའ་བསྒྲགས་ཀྱི་དབང་རྫས། ནམ་མཁའི་བ་དན་གྱི་དབང་རྫས། ཁྱུང་གི་རུ་མཚོན་གྱི་དབང་རྫས། རྒོད་ཀྱི་འཕར་འདབ་ཀྱི་དབང་རྫས། རྨ་བྱའི་ལྡེམ་རྒྱང་གི་དབང་རྫས། ཟོ་བོ་སྤར་ཤད་ཀྱི་དབང་རྫས། དབལ་སོ་མདུང་རྩེའི་དབང་རྫས། གསས་མདའ་དུང་བྱུག་གི་དབང་རྫས། རྔ་སྟོང་རི་ཆེམ་པའི་དབང་རྫས། གཤང་ཁྲི་ལོ་གནམ་གྲགས་ཀྱི་དབང་རྫས། དུང་འཕར་པོ་འཕར་ཆུང་གི་དབང་རྫས། བདག་དང་དབྱིངས་དང་དབྱེར་མེད་པའི་དབང་རྫས།༼ཆེ་རྒྱལ་རྒོད་ཞུ་ཅན་གྱི་དབང་རྫས༽བདག་དང་མཁའ་དང་དབྱེར་མེད་པའི་དབང་རྫས།༼ཡང་རྒྱལ་འབྲུག་སླག་ཅན་གྱི་དབང་རྫས༽བདག་དང་ཀློང་དང་དབྱེར་མེད་པའི་དབང་རྫས།༼གཅོད་པའི་ཁྲ་སླག་ཅན་གྱི་དབང་རྫས༽བུམ་པ་འབྱུང་བའི་ཡུམ་དང་དབྱེར་མེད་པའི་དབང་རྫས། བུམ་པ་བསྐྱེད་པའི་ཡབ་དང་དབྱེར་མེད་པའི་དབང་རྫས། བུམ་པའི་འབྲུ་ལྔ་སྨན་ལྔ་ནི་ལྷ་ལྔ་དྲལ་ལྔ་ལྕམ་ལྔ་དང་དབྱེར་མེད་པའི་དབང་རྫས། བུམ་པའི་སྙིང་བོ་ལྔ་དང་ཡིག་འབྲུ་ལྔ་ནི་ལམ་ལྔ་ཡེ་ཤེས་ལྔ་དང་དབྱེར་མེད་པའི་དབང་རྫས། བུམ་པའི་རིན་ཆེན་ལྔ་དང་ཆབ་གཙང་ལྔ་ནི་སྒོ་བཞི་མཛོད་དང་ལྔའི་བོན་དང་དབྱེར་མེད་པའི་དབང་རྫས། བུམ་པའི་དབྱིབས་ཟླུམ་ཞིང་སྟོང་བར་འདུག་པ་ནི་བོན་ཉིད་དང་དབྱེར་མེད་པའི་དབང་རྫས་སོགས་བསགས་སོ། ། ༤ ཚིགས་བཤད་ཀྱིས་དངོས་གྲུབ་སྦྱིན་པ་ནི། ཕྱག་རྒྱའི་དབང་རྫས་ཀྱི་དངོས་གྲུབ་འདི། །ལུང་རྒྱུད་འདྲེན་པའི་དཔོན་གསས་བདག་གིས།་་་ནས་་་་ངང་ཉིད་ཀྱི་དོན་ལྷུན་གྱིས་གྲུབ་ནས་གདལ་བ་ཆེན་པོ་ཁོ་ནར་གྱུར་ཅིག །ཞེས་པའི་བར་དུའོ། ། ༥ ཏིང་ངེ་འཛིན་གྱིས་དབང་རྫས་གཏད་ནས་དངོས་གྲུབ་སྦྱིན་པ་ནི། ཀོང་ཙེ་ལ་སོགས་སེམས་ཅན་བསམ་དག་རྣམས། གཟུགས་ཀྱི་ཕུང་བོ་གདོས་པ་ཅན་རྡུལ་ཕྲ་རབ་ཏུ་ལྷགས་ནས། ནམ་མཁའ་ལ་གཞའ་ཚོན་གྱི་འོད་དུ་འཕྲོས་ཏེ། སྣང་ལ་རང་བཞིན་མེད་པར་སངས་རྒྱས་པར་ཏིང་ངེ་འཛིན་གྱིས་བཟུང་ངོ་། །

   བཅུ་དྲུག་པ་མགྲོན་དབྱིངས་སུ་བསྐྱོད་པའི་འཕྲིན་ལས་ཀྱི་དོན་བསྟན་པ་ལ། ཕྱག་རྒྱས་མགྲོན་དབྱིངས་སུ་བསྐྱོད་པ་དང་། སྙིང་བོས་མགྲོན་དབྱིངས་སུ་བསྐྱོད་པ། རྫས་ཀྱིས་མགྲོན་དབྱིངས་སུ་བསྐྱོད་པ། ཚིགས་བཤད་ཀྱིས་མགྲོན་དབྱིངས་སུ་བསྐྱོད་པ། ཏིང་ངེ་འཛིན་གྱིས་མགྲོན་དབྱིངས་སུ་བསྐྱོད་པ་དང་ལྔ། ༡ ཕྱག་རྒྱས་མགྲོན་དབྱིངས་སུ་བསྐྱོད་པ་ནི། མཁའ་ལྡིང་འཕུར་ཐབས་ཀྱི་ཕྱག་རྒྱ་བྱ་སྟེ། ཕྱག་གཡས་གཡོན་གཉིས་བརྐྱང་ནས། སྤྲུགས་ཀྱིན་ལུས་ཀྱང་བཞེངས་ནས་ཕོག་གསུམ་སྤྲུག་གོ ། ༢ སྙིང་བོས་མགྲོན་དབྱིངས་སུ་བསྐྱོད་པ་ནི། མུ་སྤར་ཧ་ལིང་ཨ་འབར་་་་་་་ནས་་་་་་མཁའ་ལྡིང་ཕྱད་ཕྱོད། ལན་བཞི་བརྗོད། ༣ རྫས་ཀྱིས་མགྲོན་དབྱིངས་སུ་བསྐྱོད་པ་ནི། རྔ་གཤང་དུང་གླིང་ལ་སོགས་ཏེ། སྙན་པའི་སྒྲ་བསྒྲགས་ཀྱིན། རོལ་མོ་སྣ་ཚོགས་པས་བསྐྱལ་པའི་ཚུལ་ཕྱུང་ངོ་། ། ༤ ཚིགས་བཤད་ཀྱིས་ཚིགས་སུ་བཅད་པ་ནི། ཐུགས་རྗེ་ཐབས་ཀྱིས་འགྲོ་བའི་དོན་མཛད་པ།་་་་་ནས་་་་་་བདེར་གཤེགས་སྐུ་དང་གཉིས་མེད་ངང་ལ་བསྐྱོད། ཞེས་པའི་བར་དུའོ། ། ༥ ཏིང་ངེ་འཛིན་གྱིས་དབྱིངས་སུ་མགྲོན་བསྐྱོད་པ་ནི། མགྲོན་རིགས་རྣམ་པ་གཉིས་ཀྱང་། ཀུན་རྫོབ་ཏུ་དངོས་སུ་གྲུབ་པ་རྣམས་དོན་དམ་པར་སྟོང་ལ་དངོས་པོ་མ་གྲུབ་པར་ཏིང་ངེ་འཛིན་གྱིས་བཟུང་ངོ་། །

   བཅུ་བདུན་པ་གཞལ་ཡས་ཁང་དང་གདན་བསྐྱོད་པའི་འཕྲིན་ལས་དོན་བསྟན་པ་ལ། ཕྱག་རྒྱས་གཞལ་ཡས་ཁང་དང་གདན་བསྐྱོད་པ་དང་། སྙིང་བོ་དང་། རྫས་དང་། ཚིགས་བཤད་དང་། ཏིང་ངེ་འཛིན་དང་ལྔའོ། ། ༡ ཕྱག་རྒྱས་གཞལ་ཡས་ཁང་དང་གདན་བསྐྱོད་པ་ནི། གདལ་འོད་འབར་བའི་ཕྱག་རྒྱ་བྱ་སྟེ། གཡོན་པའི་ཁུ་ཚུར་ལྟེ་བར་གཏད། གཡས་པའི་སྤར་མོ་གནམ་དུ་བཏེགས། ༢ སྙིང་བོས་གཞལ་ཡས་དང་གདན་བསྐྱོད་པ་ནི། ཨཱོྃ་མཁའ་ལྡིང་དབྱིངས་་་་ནས་་་་་་ཕྱོད་ལམ་གསལ། ལན་བཞི་བརྗོད། ༣ རྫས་ཀྱིས་གཞལ་ཡས་དང་གདན་བསྐྱོད་པ་ནི། གཡས་སུ་པད་ཤུན་གྱི་རས་དཀར་ཐོགས། གཡོན་དུ་དྲུང་ཤིང་གི་པད་ལོ་ཐོགས། ༤ ཚིགས་བཤད་ཀྱིས་གཞལ་ཡས་དང་གདན་བསྐྱོད་པ་ནི། ཕྱིའི་སྣོད་སྟོང་སྟེ་འབྱུང་བ་རྣམ་བཞི་ཡང་།་་་་་་ནས་་་་་་ནམ་མཁའི་མུ་ལ་གཅིག་པས་གཉིས་མེད་དོན་ལ་བསྟིམ། ཞེས་པའི་བར་དུའོ། ། ༥ ཏིང་ངེ་འཛིན་གྱིས་གཞལ་ཡས་དང་གདན་བསྐྱོད་པ་ནི། སྤྱིར་བསྡུས་པའི་སྣོད་བཅུད་ཀྱི་བོན་དང་། སྒོས་སུ་འབྲེལ་བ་ལུས་སེམས་ཀྱི་བོན་ནི། སྣང་ལ་རང་བཞིན་མེད་པར་ནམ་མཁའི་ངོགས་ལྟར་ཏིང་ངེ་འཛིན་གྱིས་བཟུང་ངོ་། །

    བཅོ་བརྒྱད་པ་བརྟན་པའི་བཀྲ་ཤིས་གསོལ་བ་ལ། ཕྱག་རྒྱས་གཞི་བརྟན་པའི་བཀྲ་ཤིས་གསོལ་བ་དང་། སྙིང་བོས་གཞི་བརྟན་པའི་བཀྲ་ཤིས་གསོལ་བ། རྫས་ཀྱིས་གཞི་བརྟན་པའི་བཀྲ་ཤིས་གསོལ་བ། ཚིགས་བཤད། ཏིང་ངེ་འཛིན་དང་ལྔའོ། ། ༡ ཕྱག་རྒྱས་གཞི་བརྟན་པའི་བཀྲ་ཤིས་གསོལ་བ་ནི། ཡོངས་ཁྱབ་བརྟན་པའི་ཕྱག་རྒྱ་བྱ་སྟེ། གཡོན་གྱི་ཐལ་མོ་གཤིབས་ནས་ས་ལ་བསྟན་པའི་སྟེང་དུ། གཡས་ཀྱི་ཐལ་མོ་གཤིབས་ནས་སྟེང་དུ་སྦུབས་པའོ། ། ༢ སྙིང་བོས་གཞི་བརྟན་པའི་བཀྲ་ཤིས་གསོལ་བ་ནི། ཨཱོྃ་གསལ་ཟེར་འོད་དཔག་་་་ནས་་་་་མུ་རྒྱས་གདལ་ཁྱབ་གསལ། ལན་བཞི་བརྗོད། ༣ རྫས་ཀྱིས་གཞི་བརྟན་པའི་བཀྲ་ཤིས་གསོལ་བ་ནི། རིན་པོ་ཆེ་སྣ་ལྔའི་ས་བོན་བཏབ་བོ། ། ༤ ཚིགས་བཤད་ཀྱིས་གཞི་བརྟན་པའི་བཀྲ་ཤིས་གསོལ་བ་ནི། དཀར་ནག་བཀྲ་གསལ་སྐུ་གཟུགས་དང་།་་་་་ནས་་་་་སེམས་ཅན་དོན་དུ་རྒྱས་པར་ཤོག །ཞེས་པའི་བར་དུའོ། ། ༥ ཏིང་ངེ་འཛིན་གྱིས་གཞི་བརྟན་པའི་བཀྲ་ཤིས་གསོལ་བ་ནི། བསྟན་པ་རྣམ་གསུམ་རྗེས་བཞག་པ། ས་ཡི་རྡུལ་བཞིན་གྲངས་འཕེལ་ནས། འགྲོ་བའི་དོན་དུ་རྒྱ་ལག་ཕྱད་པར་ཏིང་ངེ་འཛིན་གྱིས་བཟུང་ངོ་། །ཞེས་པའི་ཀློང་རྒྱས་ཀྱི་འཕྲིན་ལས་བཅོ་བརྒྱད་ཀྱི་ངོ་སྤྲོད་འདི་ཉིད་ཕ་ཡུལ་གྱི་ཁྱིམ་མཚེས་ཀྱི་རྒན་པོ་ཞིག་འདས་གྲོངས་སུ་སོང་སྐབས་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་མཆོད་གཞི་བཟུང་བའི་སྐབས་སུ་ཟུར་བཀོད་བྱས་པ་ཡིན། ཉེས་སྐྱོན་གང་མཆིས་ཀློང་རྒྱས་ལྷ་ཚོགས་རྣམས་ཀྱི་སྤྱན་སྔར་མཐོལ་ཞིང་བཤགས་སོ། །

༢༠༡༠ལོའི་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་མུ་ཁྲི་བཙན་པོའི་སྤྱི་དེབ་བཞི་བ་ལས་བཤུས།