ཐེག་ཆེན་ལམ་གྱི་འཇུག་སྒོ་སེམས་བསྐྱེད་ལ་དཔྱད་པ།

555.jpg

 བདེ་ལེགས་ཀུན་འབྱུང་དུས་གསུམ་རྒྱལ་བ་དང་།།
འཁོར་བའི་མུན་སེལ་འཕྲུལ་ངག་གཡུང་དྲུང་བོན།།
གཞན་ཕན་བྱང་སེམས་བདག་ཉིད་སེམས་དཔའི་ཚོགས།།
བསླུ་མེད་སྐྱབས་མཆོག་རྣམས་ལ་སྙིང་ནས་འདུད།།
དེ་ཡང་ཚེ་ལོ་བརྒྱ་བའི་མགོན་པོ་རྣམ་མཁྱེན་རྒྱལ་བ་གཤེན་རབ་མི་བོ་མཆོག་གི་རྣམ་ཐར་འབྲིང་པོས་མདོ་གཟེར་མིག་ལས། སེམས་བསྐྱེད་སྐྱབས་འགྲོ་འབྲེལ་བ་བོན་གྱི་གཞི་མ་ཡིན། ཞེས་སོ། ནང་པའི་འཇུག་སྒོ་སྐྱབས་འགྲོ། ཐེག་ཆེན་ལམ་གྱི་འཇུག་སྒོ་སེམས་བསྐྱེད། གསང་སྔགས་འཇུག་སྒོ་དབང་། ཞེས་པ་ལྟར། སྤྱིར་སེམས་བསྐྱེད་བཟང་པོ་ནི། རྣམ་དཀར་ཡོན་ཏན་ཐམས་ཅད་གྱི་གཞི་དང་རྩ་བ་ཡིན་པས་སྔོན་དུ་འགྲོ་དགོས་ཞིང་། ཁྱད་པར་དུ། ཐེག་པ་རང་རང་གི་ལམ་གྱི་སེམས་བསྐྱེད་དང་བསམ་པ་བཟང་པོ་ནི། ཐེག་པ་རང་ལུགས་ཀྱི་ལམ་གྱི་སྔོན་དུ་འགྲོ་དགོས་པ་ཡིན་ཏེ། དཔེ་ན་ཞིང་ས་སོ་ནམ་པའི་རྒྱུ་ས་བོན་དང་འདྲ་བའི་ཕྱིར་ཏེ། སེམས་ལུང་ལས། སེམས་བསྐྱེད་སྔོན་དུ་མ་སྐྱེལ་ཞིང་པས་རྒྱུ་བརྗེད་འདྲ། ཞེས་དང་། སྟོན་པ་སངས་རྒྱས་ཀྱི་རྣམ་ཐར་རྒྱས་པ་དྲི་མེད་གཟི་བརྗིད་ལས། སྤྱིར་ཡང་བོན་རྣམས་ཐམས་ཅད་ལ། སེམས་བསྐྱེད་གཞི་མ་མ་ལྡན་ན། ཞིང་ས་ངན་པའི་ས་བོན་ལྟར། སྐམ་ལ་བབ་ནས་འབྲས་བུ་འཚིག །སྨྱུ་གུ་འཁྲུང་པར་ག་ལ་འགྱུར། ཞེས་གསུངས་པར་བཞིན། འཇིག་རྟེན་འདིར་འགྲོ་བ་གང་ཞིག་ཡིན་རུང་བྱ་བར་ཕན་བདེ་ལེགས་པོར་ཞིག་སྒྲུབ་པར་དང་ཐོག་ཀུན་སློང་བཟང་པོའམ་སེམས་བཟང་ནི་སྔོན་དུ་འགྲོ་དགོས་ངེས་རེད། ཀུན་སློང་བཟང་པོ་སྔོན་དུ་སོང་བའི་ལས་དེའི་འབྲས་བུ་ལེགས་པོར་ཞིག་འབྱུང་བ་ནི་རྒྱུ་འབྲས་རྟེན་འབྲེལ་གྱི་རང་བཞིན་རེད། ཐེག་ཆེན་སེམས་བསྐྱེད་ནི་རྣམ་གྲོལ་དོན་གཉེར་གྱི་སྐྱེས་བུ་རྣམས་ཀྱི་ཉམས་སུ་བླང་བྱ་མེད་དུ་མི་རུང་བ་ཞིག་ཡིན་ནོ། སྔོན་གྱི་གཡུང་དྲུང་སེམས་དཔའ་ཐམས་ཅད་ཀྱང་། ལམ་འདི་བསྟེན་ནས་སྐུ་གསུམ་གྱི་གོ་འཕང་མངོན་དུ་གྱུར་བ་ཡིན་པ། སྙིགས་དུས་ཀྱི་འདྲེན་མཆོག་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་མཛད་པའི་འཕྲུལ་སྒྲོན་རྣམ་ལྔའི་ནང་ཚན་ས་ལམ་འཕྲུལ་སྒྲོན་ལས། སེམས་བསྐྱེད་མ་སྐྱེས་ལམ་མི་སྐྱེ། དེ་མེད་འབྲས་བུ་མི་ཐོབ་པས། སེམས་བསྐྱེད་ལམ་གྱི་སྔོན་དུ་དགོས། ཞེས་སོ། སེམས་བསྐྱེད་ལམ་ཐམས་ཅད་ཀྱི་སྔོན་དུ་འགྲོ་དགོས་པ། རང་ལུགས་ཀྱི་བཀའ་ལུང་་དུ་མར་ནས་གསུངས་སོ། ཐེག་པ་རང་རང་གི་སེམས་བསྐྱེད་དེ་རང་རང་གི་ལམ་གྱི་སྔོན་དུ་མ་སོང་བར་རང་ལུགས་ཀྱི་ལམ་འབྲས་ཐོབ་མི་ནུབ་པས་ཕྱིར། དེ་ལ་ཡང་ཐེག་ཆེན་གྱི་ལམ་དུ་མ་འཇུག་པར་སྐུ་གསུམ་གྱི་གོ་འཕང་ཐོབ་པའི་ཐབས་མེད། དེ་ཡང་ཐེག་ཆེན་ལམ་གྱི་འཇུག་སྒོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདི་ཡིན་ཏེ། ཁྱོད་ཐོབ་པས་གང་ཟག་ཡིན་ན་ཐེག་ཆེན་གྱི་གྲལ་དུ་ཚུད་པ་དང་། ཁྱོད་མ་ཐོབ་པས་གང་ཟག་ཡིན་ན་ཐེག་ཆེན་གྱི་གྲལ་དུ་མི་ཚུད་པའི་འཇོག་བྱེད་དེ་ཡིན་པའི་ཕྱིར།
སྐབས་འདིར་གླེང་བྱ་སེམས་བསྐྱེད་ཀྱི་རྟེན་དང་བརྟེན་པ་སེམས་བསྐྱེད་རང་བཞིན་དང་གཉིས་ལས། དང་པོ་སེམས་བསྐྱེད་ཀྱི་རྟེན་ལ་ལུས་རྟེན་དང་སེམས་རྟེན་གཉིས། དང་པོར་རང་སྟོབས་ཀྱིས་གསར་དུ་སྐྱེ་བའི་ལུས་རྟེན་ནི། མི་དང་ལྷ་ཡི་ལུས་རྟེན་ཁྱད་པར་ཅན་རྣམས་ལ་སྐྱེ་བ་ཡིན་ཏེ། དེ་རྣམས་ཀྱི་རྟེན་ལ་སེམས་བསྐྱེད་གསར་དུ་སྐྱེ་བའི་མཐུན་རྐྱེན་ཚང་བཞིན་འགལ་རྐྱེན་དང་བྲལ་བའི་ཕྱིར། དེ་ཡང་རྗེ་རིན་པོ་ཆེས་མཛད་པའི་ས་ལམ་འཕྲུལ་སྒྲོན་ལས། མ་སྐྱེས་སྐྱེས་པ་ཕལ་ཆེར་ནི། མི་དང་ལྷ་ཡི་རྟེན་ཡིན་ཏེ། མི་ལུས་དལ་འབྱོར་ལྡན་པ་དང་། ལྷ་ལུས་གཡེང་བ་མེད་པའོ། ཞེས་སོ། །གཞན་སྟོབས་ཀྱིས་སྐྱེ་བ་ནི། འདུ་ཤེས་མེད་པའི་སེམས་ཅན་དང་། གཟུགས་མེད་སྐྱེ་མཆེད་མུ་བཞིའི་ལྷ་ཙམ་མ་གཏོགས་གཞན་འགྲོ་བ་ཐ་དག་གི་རྒྱུད་ལ་སྐྱེ་བར་ཡོད་པ་འདོད་དེ། རྗེ་རིན་པོ་ཆེས་མཛད་པའི་ས་ལམ་འཕྲུལ་སྒྲོན་ལས། རྒྱལ་བའི་ཐུགས་རྗེ་ལ་བརྟེན་ནས། འགྲོ་བ་གང་ཡང་རུང་བ་སྟེ། གཏོ་བུ་དང་ནི་ཀླུ་མོ་བཞིན། ཞེས་གསུངས་པའི་ཕྱིར། འདུ་ཤེས་མེད་པའི་སེམས་ཅན་དང་གཟུགས་མེད་ཀྱི་ལྷ་ལ་དངོས་སུ་མི་སྐྱེ་སྟེ། ཡིད་ཀྱི་རྣམ་ཤེས་གསལ་པོ་མངོན་གྱུར་རྒྱུན་ཆགས་སུ་མེད་པ་དང་། ཕན་ཚུན་གཅིག་དམིགས་ཡུལ་དུ་མི་འགྱུར་བའི་ཕྱིར་ན། གཞན་གྱི་སྡུག་བསྔལ་མཐོང་སྟེ། དེ་དང་བྲལ་འདོད་ཀྱི་བློ་དངོས་སུ་མི་སྐྱེ་བའི་ཕྱིར། དེ་ཡང་གཞན་སྟོབས་ཙམ་ལས་ཐོབ་པ་དང་། ཐོབ་ཟིན་གནས་པའི་རྟེན་དུ་རིགས་སད་པའི་འགྲོ་བ་ཐ་དག་རུང་བ་ཡིན་ཏེ། རྣམ་མཁྱེན་རྒྱལ་བ་གཤེན་རབ་མི་བོ་མཆོག་གི་མཛད་པའི། སྡུད་པ་ལས། གཟུགས་མེད་གཟུགས་ཁམས་འདོད་པའི་ཁམས་ཀྱི་ལྷ། འཕྲུལ་ངག་བདེན་པའི་ཁམས་བརྒྱད་འདི་ལ་ཉོན། ཞེས་དང་། བྱོལ་སོང་ཡི་དྭགས་དམྱལ་བ་འདི་ཉོན་ཅིག ། ངན་འགྲོས་ཉན་ན་སྒྲ་ཐོས་ཐར་བར་འགྱུར། ཞེས་གསུངས་སོ། གཉིས་པ་སེམས་རྟེན་ལ་མདོ་ཙམ་ཞུས་ན། ཉེར་བར་ལེན་པའི་རྒྱུ་དང་། ལྷན་གཅིག་བྱེད་པའི་རྐྱེན་གཉིས། རང་ལུགས་སེམས་བསྐྱེད་ཀྱི་རྟེན་དང་བརྟེན་པ་སེམས་བསྐྱེད་གཉིས་རྒྱུ་འབྲས་སུ་འདོད་པའི། དད་པ་དང་སྙིང་རྗེ་གཉིས་ནི་སེམས་བསྐྱེད་གསར་དུ་སྐྱེ་བའི་ཉེར་ལེན་གྱི་རྒྱུ་དང་། ཡོངས་འཛིན་དཔོན་གསས་དང་། ཐོབ་བྱེད་ཐབས་ཀྱི་གདམས་ངག རྟེན་དུ་རུང་བར་བྱེད་པ་སྐྱབས་འགྲོའི་སྡོམ་པ་དང་གསུམ་ནི་སེམས་བསྐྱེད་གསར་དུ་སྐྱེ་བའི་ལྷན་ཅིག་བྱེད་རྐྱེན་དོ། དྲང་དོན་མུན་སེལ་སྒྲོན་མ་ལས། དད་པས་བོན་གྱི་སྒོ་རྣམས་མ་ལུས་འབྱེད། ཅེས་གསུངས་པ་ལྟར། སྤྱིར་རྣམ་དཀར་གྱི་བོན་ཐམས་ཅད་ཀྱི་སྒོ་དད་པས་དབྱེ་དགོས་ཤིང་། ཁྱད་པར་སྐྱབས་འགྲོའི་སྒོ་དད་པས་མ་དབྱེ་ན་ཐབས་མེད་པས། སྐྱབས་སུ་འགྲོ་བའི་ཐོག་མར་རྒྱུད་ལ་དད་པ་བརྟན་པོ་ཡོད་དགོས། དད་པ་དེ་ཡང་ཡིད་དཔྱོད་ཙམ་་མ་ཡིན་པ་ཤེས་རབ་དང་ཟུང་དུ་འབྲེལ་བའི་དད་པ་གཤའ་མ་ཞིག་ཡིན་དགོས། དད་པ་ལ། ངོ་བོ་དང་། ངེས་ཚིག ། དབྱེ་བ། སྐྱོན་ཡོན་དང་བཞི་ལས། དང་པོ་དད་པའི་ངོ་བོ་འམ་མཚན་ཉིད་ནི། ཡུལ་ཁྱད་པར་ཅན་ལ་མོས་པས་བློ་གཏད་པ། སྐབས་འདིར་བསྟན་གྱི་དད་པའི་ངོ་བོ་ཡིན་ཏེ། རྗེ་རིན་པོ་ཆེས་ས་ལམ་ལས། ཡུལ་ལ་མོས་པས་བློ་གཏད་པ། དད་པ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། གཉིས་པ་ནི། ཡུལ་ལ་ཉེ་བར་འདུད་ཅིང་གུས་པའི་ཕྱིར་ན་དད་པ་ཞེས་བྱ་སྟེ། རྗེ་རིན་པོ་ཆེས་ས་ལམ་ལས། ཡུལ་ལ་ཉེ་བར་གུས་ཕྱིར་དད། ཅེས་གསུངས་པའི་ཕྱིར། གསུམ་པ་དབྱེ་བ་ལ། རྫོགས་པ་ཆེན་པོ་ལས། མོས་པའི་དད་པ། དྭངས་པའི་དད་པ། ཡིད་ཆེས་པའི་དད་པ། མཐར་ཕྱིན་པའི་དད་པ་དང་བཞིར་གསུངས། དེ་ལ་སངས་རྒྱས་དཀོན་མཆོག་དང་བླ་མ་དགེ་བའི་བཤེས་གཉེན་ནམ་སྐྱེས་བུ་དམ་པ་དག་གི་ཞལ་མཇལ་བའམ། མིན་ཀྱང་དེ་དག་གི་ཡོན་ཏན་དང་རྣམ་ཐར་ཐོས་པ་ལྟ་བུའི་རྐྱེན་གྱིས་འཕྲལ་ལ་ཐུགས་རྗེ་མ་ཆུང་སྙམ་དུ་རྒྱུད་ལ་དད་པ་ལྷངས་ཀྱིས་སྐྱེས་ཏེ། དཔེར་ན་མའི་ཕྱི་ནས་བུ་འབྲངས་པ་ལྟ་བུ། དེའི་རྗེས་སུ་འཇུག་པར་འདོད་པའི་སེམས་དགའ་ཡལ་ལེ་བ་དེ་ལ་མོས་པའི་དད་པ་ཞེས་བྱ་སྟེ། མེ་སྟོན་ཤེས་རབ་འོད་ཟེར་གྱིས་མཛད་པའི་ལམ་རིམ་སུམ་བརྒྱ་པ་ལས། མ་ཡི་ཕྱི་བཞིན་བུ་གཞོན་འབྲང་བ་ལྟར། ། མོས་པའི་དད་པས་བསྟན་པ་ལ་འཇུག་འགྱུར། ། ཞེས་གསུངས། མོས་པའི་དད་པས་བླ་མ་དགེ་བའི་བཤེས་གཉེན་ཚུལ་བཞིན་བསྟེན་ནས་ཐོས་བསམ་གྱི་ཤེས་རབ་རྒྱས་པའི་སྐབས་སུ་དེས་རྐྱེན་བྱས་ནས། འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་མཐོང་ནས་དེ་དང་བྲལ་འདོད། མྱ་ངན་ལས་འདས་པ་བདེ་བའི་རང་བཞིན་དུ་མཐོང་ནས་དེ་ལ་ཐོབ་འདོད། སྡིག་པའི་ཉེས་དམིགས་ཤེས་ནས་དེ་ལ་སྤང་འདོད། དགེ་བའི་ཕན་ཡོན་ཤེས་ནས་དེ་ལ་བསྒྲུབ་འདོད་སྐྱེས་ཏེ། དཔེར་ན་ནོར་བུ་ཆུ་འདང་ཞེས་བྱ་བས་ཆུའི་དྭངས་སྙིགས་འབྱེད་པ་བཞིན་དུ། ཡིད་དགེ་བ་ལ་སྤྲོ་ཞིང་དགེ་སྡིག་གི་སྐྱོན་ཡོན་འབྱེད་ཤེས་པ་དེ་ལ་དྭངས་པའི་དད་པ་ཞེས་བྱ་སྟེ། མེ་སྟོན་རིན་པོ་ཆེས་ལམ་རིམ་སུམ་བརྒྱ་པ་ལས། ནོར་བུ་ཆུ་འདང་རྫས་ཀྱིས་ཆུ་རྙོག་སེལ། ། དྭངས་པའི་དད་པས་སྤྲོས་འགྱུར་དགེ་སྡིག་འབྱེད། ། ཅེས་གསུངས། དྭངས་པའི་དད་པ་དེས་སྣ་དྲངས་ནས་འཁོར་བར་འཁྱམས་པའི་རྒྱུ་སྡིག་པ་ཡིན་པར་ཤེས་གནས་ སྡིག་པ་ལས་འབྲས་བུ་སྡུག་བསྔལ་སྨིན་པར་ཡིད་ཆེས། མྱ་ངན་ལས་འདས་པའི་རྒྱུ་དགེ་བ་ཡིན་པར་ཤེས་གནས། དགེ་བ་ལས་འབྲས་བུ་བདེ་བ་སྨིན་པར་ཡིད་ཆེས་ནས་ཡིད་གཉིས་སེལ་ཏེ། དཔེར་ན་རྒུན་གཞུའི་རྒྱུད་བཞིན་དུ་འགྱུར་ལྡོག་མེད་པར་ཤེས་པའི་གཞུང་ཚུགས་ནས་དགེ་སྒྲུབ་སྡིག་སྤང་ལ་འབད་པ་དེ་ལ་ཡིད་ཆེས་པའི་དད་པ་ཞེས་བྱ་སྟེ། ལམ་རིམ་སུམ་བརྒྱ་པ་ལས། རྒུན་གཞུའི་རྒྱུད་བཞིན་ཡིད་ཆེས་དད་པ་ཡིས། ། ཐེ་ཚོམ་སེལ་ཏེ་ཤེས་པ་གཞུང་ཚུགས་འགྱུར། ། ཞེས་གསུངས། ཡིད་ཆེས་པའི་དད་པས་སྡིག་པ་སྤངས་ནས་དགེ་བ་ལག་ཏུ་བླངས་པ་སྟེ། དཔེར་ན་སྲོག་ཆད་པའི་མི་སླར་སྔར་གྱི་ལུས་ལ་ཞུགས་ནས་མི་འོངས་པ་བཞིན་དུ། གང་ལ་འཇུག་པའི་དགེ་བ་ཐམས་ཅད་མཐར་མ་ཕྱིན་བར་དུ་ཕྱིར་མི་ལྡོག་པ་དེ་ལ་མཐར་ཕྱིན་པའི་དད་པ་ཞེས་བྱ་སྟེ། ཡང་ལམ་རིམ་སུམ་བརྒྱ་པ་ལས། སྲོག་ཆད་མི་གང་ལོག་པ་མེད་པ་བཞིན། ། ཕྱིར་མི་ལྡོག་པའི་དད་པས་མཐར་རུ་ཕྱིན།། ཞེས་གསུངས་སོ། བཞི་པ་ལ་གཉིས་ལས། དང་པོ། དད་པ་མེད་པའི་སྐྱོན་ནི། ཐར་བའི་སྐམ་ས་དང་བྲལ་བ་མཚོ་གཏིང་གི་རྡོ་ལྟ་བུ་དང་། འཁོར་བའི་རྒྱ་མཚོ་ལས་མི་ཐར་བ་ཆུ་བོ་ཆེན་པོ་ལ་གྲུ་གཟིངས་མེད་པ་ལྟ་བུ་དང་། བྱང་ཆུབ་ཀྱི་མྱུ་གུ་མི་སྨིན་པ་ས་བོན་མེས་ཚིག་ལྟ་བུ་དང་། རྣམ་དཀར་ཀྱི་ཡོན་ཏན་སྣ་གཅིག་མི་ཐོབ་པ་ལག་ཟླུམ་གསེར་གླིང་དུ་ཕྱིན་པར་ལྟར། རང་རྒྱུད་གྲོལ་བའི་གདམས་ངག་སོགས་གང་ཡང་མི་འཆར་ཏེ། དྲང་དོན་ལས། དད་པ་མེད་པའི་སྐྱོན་དྲུག་དཔེར་བསྟན་འདི་ལྟར་རོ། ། རྒྱ་མཚོ་གཏིང་གི་ཕ་བོང་གཉན་པ་མེད་པའི་གྲུ་དང་འདྲ། ། ལོང་བ་ལྷ་ཁང་ཕྱིན་འདྲ་ས་བོན་མེས་ཚིག་འདྲ། ། སྤྱང་མོ་འཁོར་དོང་ཚུད་དང་ལག་རྡུམ་གསེར་གླིང་ཕྱིན་དང་འདྲ། ། ཞེས་སོ། གཉིས་པ་དད་པའི་ཡོན་ཏན་ནི། དགེ་སྦྱོར་གྱི་རྟེན་བྱེད་པ་དང་། བརྩོན་འགྲུས་ཀྱི་ལས་མྱུར་བ་དང་། གདམས་ངག་གི་སྣོད་བྱེད་པ་དང་། ཤེས་རབ་ཀྱི་འཛིན་བྱེད་པ་སྟེ། མ་རྒྱུད་ཐུགས་རྗེ་ཉི་མ་ལས། དད་པའི་ས་བོན་སངས་རྒྱས་ཡོན་ཏན་བསྐྱེད། ། ཞིང་ས་གཤིན་པོ་བཞིན་དུ་སྐྱེ་བའི་གཞི། ། ལྗོན་པའི་རྩ་བ་བཞིན་དུ་བརྟན་པའི་གནས། ། མིག་བཞིན་སངས་རྒྱས་བླ་མའི་ཡོན་ཏན་མཐོང་། ། རྐང་ལག་བཞིན་དུ་དགེ་བ་ལེན་དང་སྡུད། ། རིན་ཆེན་བཞིན་དུ་དགོས་འདོད་ཉམས་པ་མེད། ། ཅེས་དད་པ་གཤའ་མ་དེ་ནི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་བསྐྱེད་པའི་རྩ་བ། བླ་མ་དང་སངས་རྒྱས་ཀྱི་ཡོན་ཏན་མཐོང་བའི་མིག ཐར་བའི་ལམ་ལ་བགྲོད་པའི་རྐང་བ། དགེ་བ་ཐམས་ཅད་རང་རྒྱུད་ལ་སྡུད་པའི་ལག་པ། ཡོན་ཏན་མི་ཟད་པའི་འབྱུང་གནས་སུ་གྱུར་བ་རིན་པོ་ཆེ་ལྟ་བུ་ཡིན་ནོ། ། དེ་བཞིན་དུ་རང་ལ་དད་པ་གཤའ་མ་དང་མོས་གུས་ཡོད་ན། རྒྱལ་བའི་ཐུགས་རྗེ་ལ་ཉེ་རིང་མེད་དེ། རྣམ་རྒྱལ་གཟུངས་ཆེན་ལས། གང་ལ་མོས་པ་ཡིད་བྱེད་པ། དེ་ཡིས་མདུན་དུ་གཤེན་རབ་ཞུགས། ། ཞེས་གསུངས་པར་ལྟར། སྔར་ཀོང་རྩེ་འཕྲུལ་གྱི་རྒྱལ་པོས་མུ་ཁྱུད་བདལ་བའི་མཚོ་གླིང་ལ་གསས་ཁང་དཀར་ནག་བཀྲ་གསལ་བཞེངས་སུ་གསོལ་བས། དགེ་བའི་ལས་ལ་བར་ཆད་བྱེད་པའི་བདུད་སྲིན་དང་ཀླུ་དང་ཆུ་སྲིན་རྣམས་ཀྱིས་གསས་ཁང་བཤིག་པར་བརྩམ་ནས་དམག་ཚོགས་ཀྱིས་བསྐོར་བའི་ཚེ། ཀོང་རྩེ་འཕྲུལ་གྱི་རྒྱལ་པོ་ཡིད་མུག་ག་ཆད་དེ་ཁ་གནམ་དུ་བལྟས་ནས། འཇིག་རྟེན་གྱི་ཁམས་ན་འགྲོ་བའི་དོན་མཛད་པ་ཐུགས་རྗེ་ཆེ་ལ་ཐབས་ལ་མཁས་པ་སུ་ཞིག་བཞུགས། བདག་གིས་འཆི་བའི་རྒྱགས་སུ་དགོངས་ནས་དཀའ་བ་ཉམས་སུ་བླངས་པའི་གསས་ཁང་ནི་རྒྱ་མཚོའི་གཏིང་དུ་བརླག་སྟེ་འགྲོ་བར་སྣང་། གནོད་པ་བྱེད་པའི་བདུད་དང་སྲིན་པོའི་དམག་ཚོགས་ནི་ཤིན་ཏུ་མང་གིན་རབ་ཏུ་དར་ཏེ་བྱུང་། དགེ་བའི་གྲོགས་དང་བསྟན་པ་བསྲུང་བ་ཡོད་ན་ང་ལ་སྙིང་རྗེའི་དུས་ལ་བབ་བོ། དེ་སྐད་ཅེས་བོས་པའི་ཚེ། དེ་སངས་རྒྱས་ཀྱི་སྙན་དུ་ལྷངས་ཀྱིས་གསན་ནས་རྒྱལ་བ་ཉིད་འཁོར་གཡུང་དྲུང་སེམས་དཔའ་ལྔ་སྟོང་ལྔ་བརྒྱས་བསྐོར་ཏེ་ཀོང་རྩེའི་མདུན་གྱི་ནམ་མཁའ་ནས་གསས་ཁང་གི་ལྕགས་རིའི་ནང་དུ་ཕེབས། བདུད་སྲིན་དང་དགེ་བའི་བར་ཆད་ཀུན་ཞི་ནས་དགེ་བ་མཐར་ཕྱིན་པར་མཛད། ཀོང་རྩེ་འཕྲུལ་གྱི་རྒྱལ་པོ་ཡང་དུས་དེ་ཉིད་དུ་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་ལྟ་བུའོ།། གཉིས་པ་སྙིང་རྗེ་ལ། གང་ལ་སྐྱེད་པའི་ཡུལ་དང་། ངོ་བོ། དབྱེ་བ་དང་གསུམ། དང་པོ་ནི། དྲང་དོན་མུན་སེལ་སྒྲོན་མ་ལས། བདག་གིས་གནས་ངན་སྣ་ཚོགས་བརྒྱུད་པ་ཡིས། ། འགྲོ་དྲུག་ཕ་དང་མ་རུ་མ་གྱུར་ཅིག་མ་མཆིས། ། སེམས་ཅན་སྐྱེ་འགུལ་ཐམས་ཅད་ཕ་མའི་རང་བཞིན་ལ། ། སྙིང་རྗེ་བྱམས་དགའ་བཏང་སྙོམས་རྩེ་གཅིག་སྒོམ། ། ཞེས་པ། རང་རེ་ནི་འཁོར་བ་ཐོག་མེད་ནས་གནས་མཐོ་དམན་ཀུན་ཏུ་འཁྱམས་པས་ལུས་སྣ་ཚོགས་པ་བླངས་ཕྱིར། དགྲ་དང་གཉེན་དུ་མ་དབྱེ་བ་པར། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་རང་གི་ད་ལྟའི་དྲིན་ཆེན་ཕ་མའི་རང་བཞིན་ཡིན་པར་ཤེས་ནས་སེམས་ཅན་ཐམས་ཅད་བདེ་བ་དང་འཕྲད་པར་བྱའོ་བསམ་པའི་བྱམས་པ་བསྒོམ་པས་སེམས་ཅན་ལ་བརྟགས་པས་ཐམས་ཅད་སྡུག་བསྔལ་བར་འདུག་པས་སྡུག་བསྔལ་དང་བྲལ་བའི་སྙིང་རྗེ་བསྒོམ་པ། དེའི་ཡུན་ཅི་རིང་དུ་དགའ་བའི་དགའ་བ་དང་། ཕྱོགས་རིས་སུ་མ་དམིགས་པའི་བཏང་སྙོམས་ཏེ་ཚད་མེད་བཞི་ལ་བློ་སྦྱོང་བ་བརྟེན་སེམས་ཅན་ཐམས་ཅད་མཐུན་ཕྱོགས་སུ་ཤེས་པ་དང་། རང་ལ་སྦྱར་ནས་གཞན་ལ་ཤེས་པ་སྤྱི་དང་མཐུན་ནོ། དེ་ལྟར་ཕྱོགས་རིས་མེད་པའི་ཤེས་པ་རང་བས་གཞན་གཅེས་ཀྱིས་བློ་ཡང་སྐྱེ་བར་འགྱུར་རོ། གཉིས་པ་ངོ་བོ་ནི། སེམས་ཅན་གྱི་སྡུག་བསྔལ་ལ་སོགས་ལ་དམིགས་ནས་དེ་ལ་སེམས་རབ་ཏུ་བརྩེ་བའི་རིག་པ། སྐབས་འདི་བསྟན་གྱི་སྙིང་རྗེ་ངོ་བོ་ཡིན་ཏེ། རྗེ་རིན་པོ་ཆེས་ས་ལམ་ལས། སྙིང་རྗེ་འགྲོ་ལ་སེམས་བརྩེ་བ། ཞེས་སོ། གསུམ་པ་དབྱེ་ན་གསུམ་སྟེ། དང་པོ་ནི་རིགས་དྲུག་གི་སྡུག་བསྔལ་ལ་དམིགས་ནས་སྙིང་རྗེ་བསྐྱེད་པའོ། །གཉིས་པ་ནི་སེམས་ཅན་ཐམས་ཅད་ཕ་མ་བུ་གཉེན་དུ་འབྲེལ་བར་མ་གྱུར་བ་མེད་པར་མ་ཤེས་ནས་གཅིག་གིས་གཅིག་ལ་གནོད་པ་བྱེད་པ་ལ་དམིགས་ནས་སྙིང་རྗེ་བསྐྱེད་པའོ། །གསུམ་པ་ནི་སེམས་ཅན་ཐམས་ཅད་གཞི་གཅིག་ལ་ངོ་བོ་མ་རྟོགས་པས། རང་རང་སོ་སོའི་འཁྲུལ་བར་སྤྱད་པ་ལ་དམིགས་ནས་སྙིང་རྗེ་བསྐྱེད་པའོ། ། སྐབས་འདིར་སྙིང་རྗེ་ནི་སྙིང་རྗེ་སྤྱིར་ཙམ་པ་ལ་མི་བྱེད་པར་སྙིང་རྗེ་ཆེན་པོ་དགོས་པ་ཡིན་ཏེ། མདོ་ལས། གཞི་སྙིང་རྗེ་ཆེན་པོ་ལ་ལོངས་ཤིག ། ཞེས་སོ། གཉིས་པ་ལྷན་ཅིག་བྱེད་རྐྱེན་ལ། ཡོངས་འཛིན་དཔོན་གསས་དང་། ཐོབ་བྱེད་ཐབས་ཀྱི་གདམས་ངག རྟེན་དུ་རུང་བར་བྱེད་པ་སྐྱབས་འགྲོའི་དང་གསུམ་མོ། ། དང་པོ་ལ། ངོ་བོ་དང་། དབྱེ་བ། བྱེད་ལས་སོ། ། དང་པོ་ལ། སྐབས་འདིར་རྗེ་བཙུན་ཡར་མེ་བ་ཆེན་པོས་གསུངས་པ་ལྟར། རབ་ཏུ་བསྟེན་པར་འོས་པའི་ཡོན་ཏན་བཅུ་དང་ལྡན་པའི་གང་ཟག་གོ ། ཡོན་ཏན་བཅུ་ནི། རང་ཉིད་གྲོལ་བར་བྱེད་པའི་ཡོན་ཏན་ལྔ་དང་། གཞན་རྒྱུད་སྨིན་་པར་བྱེད་པའི་ཡོན་ཏན་ལྔའོ། དང་པོ་ནི། སྡེ་སྣོད་གསུམ་གྱི་ཚིག་དོན་ལ་མཁས་པ། ཚུལ་ཁྲིམས་ཀྱི་བསླབ་པ་དང་། ཏིང་ངེ་འཛིན་གྱི་བསླབ་པ་དང་། ཤེས་རབ་ཀྱི་བསླབ་པ་དང་གསུམ་ལྡན་པ། ཚེ་འདི་ཡི་ཟས་ནོར་སྙན་གྲགས་བཀུར་བསྟིའི་ཆེད་ཆེར་དོན་དུ་གཉེར་བ་སྤངས་བ་དང་ལྔའོ།། གཉིས་པ་ནི། གཞན་སློབ་བུ་ལ་བརྩེ་བའི་ཐུགས་དང་ལྡན་པ། ཤེས་རབ་ཆེ་ཆུང་གི་ཚོད་ཟིན་ནས་དེ་དང་འཚམ་པའི་བོན་སྟོན་མཁས་པ། ཇི་ཙམ་བཤད་ཀྱང་སྐྱོ་བ་དང་ངལ་དུབ་མེད་པ། འཆད་པ་ལ་མི་སྤྲོ་བའི་གཡེང་བ་མེད་པ། ལེ་ལོ་མེད་པས་བརྩོན་འགྲུས་ཀྱིས་བསྐུལ་གདབ་དང་བཅས་པ་སྟེ། མེ་སྟོན་རིན་པོ་ཆེས་ལམ་རིམ་སུམ་བརྒྱ་པ་ལས། སྡེ་སྣོད་ལ་མཁས་བསླབ་པ་གསུམ་དང་ལྡན།། འདི་དོན་སྤང་ཞིང་གཞན་ལ་བརྩེ་བ་ཅན།། ཚོད་ཟིན་སྟོན་མཁས་སྐྱོ་མེད་བརྩོན་དང་བཅས།། ཞེས་སོ། དེ་ལྟར་མཚན་ཉིད་དང་ལྡན་པའི་བླ་མའམ་དཔོན་གསས་ཡོངས་འཛིན་ནི་བཤེས་གཉེན་མཆོག་ཡིན་པས་རྣམ་གྲོལ་དོན་གཉེར་རྣམས་ཀྱི་བསྟེན་ཏུ་རུང་བ་ཡིན་ནོ། གཉིས་པ་ལ། བརྗོད་བྱའི་དོན་ཕྱོགས་རེ་སྟོན་པ་དང་། ཕལ་ཆེར་སྟོན་པ་དང་། རྣམ་པ་ཐམས་ཅད་སྟོན་པ་དང་གསུམ་ལས། དང་པོ་བསླབ་པར་གསུམ་དང་ལྡན་པའི་ས་སྐྱེས་དཔོན་གསས་ཡོངས་འཛིན་དང་། གཉིས་པ་འཕགས་ལམ་ལ་གནས་པའི་དཔོན་གསས་ཡོངས་འཛིན། གསུམ་པ་རྒྱལ་སྲས་རྣམས་ཀྱི་ཡོངས་འཛིན་སངས་རྒྱས་འཕགས་པ་དང་གསུམ་དུ་ཡོད་དེ། ས་ལམ་ལས། སོ་སྐྱེས་འཕགས་པ་མཆོག་ཐོབ་གསུམ། ། ཕྱོགས་རེ་ཕལ་ཆེར་ཐམས་ཅད་སྟོན། ། ཞེས་སོ། ། གསུམ་པ་བྱེད་ལས་ནི། སྡིག་པའི་གྲོགས་དང་འགྲོགས་པ་དང་། མ་དག་པའི་སྤྱོད་པ་ལ་སྤྱོད་པ་དང་། བྱང་ཆུབ་གྱི་སེམས་དང་ཐེག་ཆེན་གྱི་ལྟ་བར་སྒོམ་པ་ལ་སེམས་ཞུམ་པ་ལ་སོགས་སྤོང་བར་བྱེད་ཅིང་། ། ཤེས་རབ་ཀྱིས་སྟོང་ཉིད་ཀྱི་དོན་རྟོགས་པར་བྱེད་ཅིང་། ཐབས་ཀྱིས་སྔོན་འགྲོ་སེམས་བསྐྱེད་དང་། དངོས་གཞི་དགེ་ཚོགས་དང་། རྗེས་བསྔོ་བས་ཟིན་པར་བྱེད་དོ།། གཉིས་པ་གདམས་ངག་ལ། མཚན་ཉིད། དབྱེ་བ། དགོས་པ་དང་གསུམ། དང་པོ་ལ། སྤྱི་གདམས་ངག་ངོ་བོར་མི་འདྲ་བ་དུ་མར་ཡོད་ཀྱང་། རང་ལུགས་རྗེ་རིན་པོ་ཆེ་དང་མཁན་ཆེན་ཉི་མའི་རྗེས་སུ་འབྲང་ནས་བཀོད་པ་བྱའོ། དོན་དུ་གཉེར་བྱའི་ཐབས་སྟོན་པའི་ངག་གང་ཞིག ཡིད་ཆེས་པའི་གནས་ལས་བྱུང་བ། དེ་ཡིས་ངོ་བོ་ཡིན་ཏེ། རྗེ་རིན་པོ་ཆེས་ས་ལམ་ལས། དོན་དུ་གཉེར་བྱའི་ཐབས་སྟོན་ངག ། ཡིད་ཆེས་གནས་ལས་བྱུང་བ་གདམས། ཞེས་སོ། གཉིས་པ་ངོ་བོ་སྒོ་ནས་དབྱེ་ན། ཐེག་ཆེན་གྱི་གདམས་ངག་དང་། ཐེག་དམན་གྱི་གདམས་ངག་གཉིས། དང་པོ་ནི། ཁམས་ཆེན་སྟོང་ཕྲག་བརྒྱ་པ་སོགས་ཐེག་ཆེན་གྱི་བཀའ་དང་བཀའ་བརྟེན་ཐ་དག་གོ ། གཉིས་པ་ནི། རྣམ་རྩོད་གཤེན་རབ་པ་དང་རང་རྟོགས་གཤེན་རབ་པའི་བཞེད་གཞུང་རྣམས་སོ། དེ་ཡང་བཀའ་དང་བཀའ་བརྟེན་ཡང་དག་གང་རུང་ཡིན་ན་གདམས་ངག་ཡིན་པས་ཁྱབ་པའི་ཕྱིར་རོ། གསུམ་པ་ནི། གདམས་ངག་མེད་ན་ཐར་ལམ་དང་མྱང་འདས་སོགས་རྒྱུད་ལ་མི་སྐྱེ། དེ་མ་སྐྱེ་ན་སངས་རྒྱས་ཀྱི་འབྲས་བུ་ཐོབ་པ་མི་སྲིད་པ་ལྟར། གདམས་ངག་ནི་རང་གཞན་ཀུན་གྱི་སེམས་རྒྱུད་མ་སྨིན་པ་རྣམས་སྨིན། སྨིན་པ་གྲོལ་བར་བྱེད་པ་སོགས་དགོས་པ་ཁྱད་པར་ཅན་ཡོད་པ་ཡིན་ཏེ། ས་ལམ་འཕྲུལ་སྒྲོན་ལས། གདམས་པ་མེད་ན་དོན་མི་འབྱུང་། ། དེ་ཕྱིར་གདམས་ངག་དགོས་པའི་མཆོག ། ཅེས་སོ། གསུམ་པ་སྐྱབས་འགྲོ་ལ། རྒྱུ་དང་། ངོ་བོ། དབྱེ་བ། རང་བཞིན། ཕན་ཡོན། བསླབ་བྱ་དང་དྲུག ། དང་པོ་ནི། མ་རྒྱུད་ཐུགས་རྗེ་ཉི་མ་ལས། སྐྱབས་བློ་ངེས་པ་གསུམ་དང་ལྡན་པ་ཡིས། ། སྐྱབས་འོག་དམ་པར་རང་གཞན་ཚུད་པར་བྱ། ། ཞེས་པ་ལྟར། འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་ངེས་པ། དཀོན་མཆོག་ལ་སྡུག་བསྔལ་དེ་ལས་སྐྱོབ་པའི་ནུས་པ་ཡོད་ངེས་པ། སྐྱབས་སུ་སོང་ན་འཇིགས་པ་ལས་སྐྱོབ་པར་མི་བསླུ་ངེས་པར་ཤེས་པ་སྟེ། ངེས་ཤེས་དེ་གསུམ་དང་ལྡན་པས་རང་གཞན་ཐམས་ཅད་དཀོན་མཆོག་གི་སྐྱབས་འོག་ཏུ་ཚུད་པའི་ཆེད་དུ་ཡུལ་ཁྱད་པར་ཅན་ལ་དད་པས་སྐྱབས་སུ་འགྲོ་འདོད་ཀྱི་བློ་ནི་སྐབས་འདིའི་སྐྱབས་སུ་འགྲོ་བའི་རྒྱུ་མ་ནོར་བ་ཡིན་པར་གསུངས་སོ། ། གཉིས་པ་ངོ་བོ་ནི། ཀུན་མཁྱེན་ཤར་རྫ་རིན་པོ་ཆེས་མཛད་པའི་སྡེ་སྣོད་མཛོད་ལས། ཡུལ་གྱིས་ཟིན་པས་འཇིགས་སེལ་ཐབས་ལ་འཇུག ། སྐྱབས་སོང་ཙམ་དང་དེ་ལས་ཁྱད་པར་ཅན། ། ཞེས་པ་ལྟར། འཇིགས་པ་ཙམ་དང་འཇིགས་པ་ཆེན་པོ་དང་བཅས་པ་གང་གིས་ཡུལ་དེ་དང་དེ་ལས་ཁྱད་པར་ཅན་ལ་སྐྱབས་སུ་སོང་བའི་དོན་མི་བསླུ་བར་འཇིགས་པ་དེ་དག་སེལ་བའི་གཉེན་དུ་གྱུར་བ་སྟེ། དེའང་གནས་སྐབས་ཙམ་དང་མཐར་ཐུག་ཏུ་དེའི་སྐྱབས་འོག་ཏུ་ཚུད་པའི་ཐབས་ལ་འཇུག་པ་དེ་སྐྱབས་འགྲོ་ཙམ་དང་དེ་ལས་ཁྱད་པར་ཅན་གྱི་སྐྱབས་འགྲོའི་ངོ་བོ་ཡིན་ཏེ། ས་ལམ་འཕྲུལ་སྒྲོན་ལས། ཡུལ་གྱིས་ཟིན་པས་འཇིགས་པ་སེལ། །སྐྱབས་སོང་ཙམ་དང་ཁྱད་པར་ཅན། ། ཞེས་སོ། ཡང་ན་ཡུལ་ཁྱད་པར་ཅན་གྱིས་ཟིན་པས་འཇིགས་པ་མཐའ་དག་སེལ་བའི་ཐབས་ལ་འཇུག་པ་དེ་སྐབས་འདིར་བསྟན་གྱི་སྐྱབས་འགྲོའི་མཚན་ཉིད་ཡིན་ནོ། །གསུམ་པ་ལ། མཚན་གཞིའི་སྒོ་ནས་དབྱེ་ན། སྐྱབས་འགྲོ་ཙམ་དང་། ཁྱད་པར་ཅན་གཉིས། དང་པོ་ནི། ལམ་མ་ཞུགས་པའི་སོ་སྐྱེའི་རྒྱུད་ཀྱི་སྐྱབས་འགྲོའི་སྡོམ་པ་ལྟ་བུའོ། དེར་སྐྱབས་འགྲོའི་སྡོམ་པ་ཡོད་དེ། སེམས་བསྐྱེད་ཀྱི་སྡོམ་པ་སྐྱབས་འགྲོའི་སྡོམ་པ་ལ་བརྟེན་ནས་སྐྱེ་དགོས་པའི་ཕྱིར་ཏེ། དེ་དེ་ཡིས་ལྷན་གཅིག་བྱེད་རྐྱེན་ཡིན་པའི་ཕྱིར། གཉིས་པ་ནི། ལམ་ཞུགས་སྐྱེས་བུའི་རྒྱུད་ཀྱི་སྐྱབས་སྡོམ་ལྟ་བུའོ། ཡུལ་གྱི་སྒོ་ནས་དབྱེ་ན། ཡུལ་མཆོག་གནས་བཞི་ལ་སྐྱབས་སུ་འགྲོ་བའམ། སངས་རྒྱས་བོན་དང་སེམས་དཔའ་གསུམ་ལ་སྐྱབས་སུ་འགྲོ་བ་གསུམ་དུ་དབྱེ་བའོ། ཡང་ན་རང་ལུགས་ཐུན་མོང་མ་ཡིན་པར་མདོ་སྔགས་རྫོགས་གསུམ་གྱི་དབང་དུ་བྱས་ན། དྲང་དོན་མུན་སེལ་སྒྲོན་མ་ལས། ཕྱི་ནི་སངས་རྒྱས་བོན་དང་གཤེན་རབ་ལ། ལུས་ངག་ཡིད་གསུམ་མོས་བྱས་སྐྱབས་ཀྱི་རབ། ནང་གི་བླ་མ་ཡི་དམ་མཁའ་འགྲོ་ལ། གུས་འཇུག་མཉེས་པར་བྱ་བ་སྐྱབས་ཀྱི་རབ། གསང་བ་རྩ་དང་རླུང་དང་ཐིག་ལེ་ལ། རིག་པ་བྱང་ཆུབ་སེམས་ཀྱི་འགྲོ་ལྡོག་སྐྱབས་ཀྱི་རབ། ཅེས་གསུངས་པ་ལྟར། ཕྱི་ནང་གསང་གསུམ་དུ་དབྱེའོ། ། བཞི་པ་ནི། རྣམ་གྲོལ་དོན་གཉེར་གྱི་གང་ཟག་གི་སྐྱབས་འགྲོའི་ཡུལ་ནི། ཡུལ་མཆོག་གནས་བཞིའམ། དཀོན་མཆོག་གསུམ་ལ་སྐྱབས་དགོས་པ་ཡིན་ཏེ། ལམ་རིམ་ལས། ཁས་དམན་པོ་ལ་དགྲ་བྱུང་ན། །རྗེ་དཔོན་མྱུར་དུ་ཚོལ་བ་ལྟར། །འཁོར་བའི་འཇིགས་ལས་སྐྱོབས་འདོད་ན། །རིན་ཆེན་གསུམ་ལ་སྐྱབས་ཚོལ་ཞིག ། ཅེས་སོ། དེ་ཡང་སངས་རྒྱས་དཀོན་མཆོག་ནི་རང་འཇིགས་པ་ཐམས་ཅད་དང་བྲལ་ཞིང་། གཞན་འཇིགས་པ་ཀུན་ལས་སྐྱོབ་པའི་ཐབས་ལ་མཁས་པ། ཐུགས་རྗེ་ཆེན་པོ་ཉེ་རིང་མེད་པ་ཀུན་ལ་འཇུག་པ། ཕན་བཏགས་མ་བཏགས་ཐམས་ཅད་ཀྱི་དོན་མཛད་པ། སྔོན་གྱི་གཤེན་རབ་རྣམས་ཀྱིས་ཀྱང་སྐྱབས་ཡུལ་དུ་གྱུར་པ་དང་། བོན་དཀོན་མཆོག་ནི། དེའི་ཐུགས་ཀྱི་ཉིང་ཁུ། མགུལ་དུ་དྲིལ། ལྗགས་ལ་བཀྲམ། གསུང་ལ་བསྒྲགས་པ། བཀའ་དར་ཤོག་ལ་བྲིས་ཏེ་ཕྱི་རབས་ཀྱི་སྟོན་པ་བྱོན་གྱི་བར་དུ་འགྲོ་དོན་མཛད་པའི་བོན་སྒོ་བརྒྱད་ཁྲི་བཞི་སྟོང་དང་། གཤེན་རབ་སེམས་དཔའ་དཀོན་མཆོག་ནི་དེ་ཉམས་སུ་ལེན་པའི་ས་ཐོབ་ཀྱི་སེམས་དཔའ་དང་། ས་མ་ཐོབ་ཀྱང་ད་ལྟའི་སྐྱེས་བུ་ལམ་ལ་ཞུགས་པ་ཡན་ཆད་སྐྱབས་གནས་སུ་བསྟེན་པར་འོས་པ་རྣམས་ཡིན། སྐབས་འདིར་བསྟན་གྱི་ཐེག་པ་ཆེན་པོའི་ལུགས་ནི། དངོས་རྒྱུད་གང་རུང་གི་སྒོ་ནས་གདུལ་བྱ་ཐེག་ཆེན་གྱི་ལམ་དུ་བཀྲིད་པར་བྱེད་པའི་བཀའ་དྲིན་ཅན་དེ། བླ་མ་དཀོན་མཆོག་གི་མཚན་ཉིད། མཚན་གཞི་ནི། ཐེག་ཆེན་སེམས་བསྐྱེད་དང་བྱང་སེམས་སྟོན་པའི་བླ་མ་ལྟ་བུ། དོན་གཉིས་ཕུལ་ཕྱིན་གྱི་སྐྱབས་གནས་མཐར་ཐུག་དེ། སངས་རྒྱས་དཀོན་མཆོག་གི་མཚན་ཉིད། མཚན་གཞི་ནི། སྐུ་གསུམ་ལྟ་བུ། ཐེག་པ་ཆེན་པོའི་ལུང་རྟོགས་གང་རུང་གིས་བསྡུས་པའི་རྣམ་དཀར་ཀྱི་ཡོན་ཏན་དེ། བོན་དཀོན་མཆོག་གི་མཚན་ཉིད། མཚན་གཞི་ནི། ཐེག་ཆེན་གྱི་འགོག་ལམ་གང་རུང་གིས་བསྡུས་པའི་བོན་ལྟ་བུ། འཁོར་བར་འཆིང་བྱེད་ཀྱི་ཉོན་མོངས་སྤངས་པའི་རྒྱལ་སྲས་འཕགས་པ་དེ། སེམས་དཔའ་དཀོན་མཆོག་གི་མཚན་ཉིད། མཚན་གཞི་ནི། ས་བཅུ་གང་རུང་ལ་གནས་པའི་གཡུང་དྲུང་སེམས་དཔའ་ལྟ་བུའོ། སྐྱེ་བོ་ཕལ་བ་རྣམས་ནི། རི་དང་ནགས་ཚལ་སོགས་ལ་གནས་པའི་འཇིག་རྟེན་པའི་ལྷ་ལ་སྐྱབས་སུ་འགྲོ་མཁན་ཡོད་ཀྱང་། རྣམ་གྲོལ་དོན་གཉེར་གྱི་སྐྱབས་ཡུལ་མ་ཡིན་ཏེ། འཁོར་བའི་འཇིགས་ལས་སྐྱབས་མི་ནུས་པའི་ཕྱིར། ལོ་པན་ཤ་རི་དབུ་ཆེན་གྱིས་མཛད་པའི་གཏན་ཚིག་ངེས་པའི་གལ་མདོ་ལས། གཡུང་དྲུང་གནས་བཞི་མོས་འདུན་སྐྱབས་ཡུལ་མཆོག །འཇིག་རྟེན་དབང་ཕྱུག་མོས་འདུན་སྐྱབས་ཡུལ་མིན། ། ཞེས་གསུངས་པའི་ཕྱིར། ལྔ་བ་ནི། ཀུན་མཁྱེན་ཤར་རྫ་རིན་པོ་ཆེས་མཛད་པའི་སྡེ་སྣོད་མཛོད་ལས། ནང་བའི་ཁྱུར་འགྲོ་སྡོམ་པའི་གཞི་རྟེན་བྱེད། །སྔོན་བསགས་སྡིག་སྒྲིབ་འཛད་ཅིང་ཕྱིས་མི་འཕྲད། །གནོད་པས་མི་ཚུགས་ཐར་བའི་ས་བོན་ཐེབས། །ངན་འགྲོའི་གཡང་བསྲུང་ཡོན་ཏན་གོང་འཕེལ་འགྲོ། ། ཞེས་གསུངས་པ་ལྟར། དཀོན་མཆོག་རིན་པོ་ཆེ་གསུམ་ལ་སྐྱབས་སུ་སོང་བའི་ཕན་ཡོན་ནི། ནང་པ་སངས་རྒྱས་པའི་ཁྱུར་ཚུད་པ་དང་། སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་འགྱུར་བ་དང་། ཐར་བའི་ས་བོན་འདེབས་པ་དང་། མི་དང་མི་མ་ཡིན་པའི་བར་ཆད་ཀྱིས་མི་ཚུགས་པ་དང་། སྔོན་བསགས་ཀྱི་ལས་སྒྲིབ་རྣམས་སྲབ་ཅིང་ཟད་པ་དང་། ཕྱིན་ཆད་མི་དགེ་བའི་ཚོགས་ལས་རིང་དུ་བྱེད་པ་དང་། གནས་སྐབས་སུ་ངན་སོང་གི་འཇིགས་པ་ལས་སྐྱོབ་པ་དང་། ལམ་གྱི་ཡོན་ཏན་ཐམས་ཅད་གོང་དུ་འཕེལ་ཞིང་མཐར་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་ལ་སོགས་ཡོན་ཏན་དཔག་ཏུ་མེད་པ་ཡོད་ཅེས། རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་དང་འཇའ་ལུས་པ་ཀུན་མཁྱེན་ཤར་རྫ་རིན་པོ་ཆེ་སོགས་ཀྱིས་གསུངས་པའི་ཕྱིར། དེ་ཡང་ནང་པ་སངས་རྒྱས་པའི་ཁྱུར་ཚུད་པ་ཡིན་ཏེ། ལམ་རིམ་སུམ་བརྒྱ་བ་ལས། སྐྱབས་གནས་སྟོན་པ་ལྟ་སྤྱོད་འབྲས་བུ་ཡིས། །ཕྱི་རོལ་ནང་བའི་ཁྱད་པར་འབྱེད་པར་བྱེད། །ཞེས་པ་ལྟར ཕྱི་པ་མི་སྟེགས་པ་དང་ནང་བ་གཤེན་རབ་པ་གཉིས་ཀྱི་ཁྱད་པར་སྐྱབས་འགྲོ་དང་ལྟ་བ་སོགས་ཀྱིས་སྒོ་ནས་བྱེད་དགོས་པ་གསུངས་སོ། དེ་བས་ན་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ཕྱིན་ཆད་གང་ཡིན་ཀྱང་ནང་བ་གཤེན་རབ་པའམ་ནང་པ་སངས་རྒྱས་པ་ལས་གཞན་དུ་གྱུར་བ་མེད་དོ། དྲུག་པ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས་སྐུ་གཟུགས་ལ་མོས་པར་བྱ། ཞེས་པ་ནི། བདེ་བ་གཤེགས་པའི་སྐུ་གཟུགས་ཆག་དུམ་ཡན་ཆད་གུས་པས་མཆོད། སྤྱི་བོས་བཏེག་གཙང་སར་བཞག་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བསྐྱེད་དེ་དད་པ་དང་དག་སྣང་བྱ། སྤྱིར་ཡང་སངས་རྒྱས་ཀྱི་སྐུ་གཟུགས་བྲིས་པ་དང་འབུར་དུ་ཡོད་པ་སོགས་མི་མཛེས་པའི་ཆ་ནས་འདི་ནི་འདི་འདྲའོ་ཞེས་གླེངས་ཏེ་སྐྱོན་འདོག་པ་སོགས་བྱས་ན་ཉེས་པ་ཤིན་ཏུ་ལྕི་བ་གསུངས་སོ། བོན་ལ་སྐྱབས་སུ་སོང་ནས་གླེགས་བམ་ལ་གུས་པ་བྱ་ཞིང་འགོམ་པ་མི་གཏོང་། ཞེས་པ་ནི། སངས་རྒྱས་ཀྱི་གསུང་རབ་ཡི་གེ་འབྲུ་གཅིག་ཡན་ཆད་ལ་གུས་པ་བསྐྱེད། སྤྱི་བོས་བཏེག བོན་དཀོན་མཆོག་དངོས་ཀྱི་འདུ་ཤེས་བཞག་ལ་དད་པ་དང་དག་སྣང་བྱ་དགོས། ཁྱད་པར་ཐེག་པ་མཐོ་དམན་གང་ནས་གསུངས་པ་ཐམས་ཅད་སངས་རྒྱས་ཀྱིས་ཐབས་ལ་མཁས་པའི་འགྲོ་བ་འདུལ་བའི་ཐབས་སུ་བསྟན་པ་ཡིན་པས་བཀའ་གང་ལའང་གཤེ་སྐུར་དང་སྨོད་པ་སོགས་སྤང་དགོས་པ་གསུངས་སོ། རང་རེ་རྣམས་སངས་རྒྱས་སྒྲུབ་པར་རློམ་ནས་གྲུབ་མཐའ་ལ་ཕྱོགས་རིས་དང་བདག་འཛིན་བྱེད་པ་དེས་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཐབས་མེད་དེ། བླ་མ་སྨན་གོང་བས་ཞལ་ནས། སངས་རྒྱས་པ་ལ་བདག་འཛིན་དང་བྲལ་དགོས་པ་ལ། གྲུབ་མཐའི་བདག་འཛིན་གྱིས་བདག་མེད་རྟོགས་པའི་ཤེས་རབ་ལ་སྒྲིབ་ནས་སངས་མི་རྒྱས་པ་ཡིན་གསུངས་སོ། ། གཤེན་རབ་སེམས་དཔའ་ལ་སྐྱབས་སུ་སོང་ནས་བླ་མ་དང་གང་ཟག་ལ་མོས་པར་བྱ། ཞེས་པ་ནི། རབ་ཏུ་བྱུང་བའི་རྟགས་ཙམ་འཛིན་པ་དང་། ཐ་ན་ལྷན་པ་དམར་སེར་ཙམ་ཡན་ཆད་སེམས་དཔའ་དཀོན་མཆོག་དངོས་ཀྱི་འདུ་ཤེས་བཞག་ནས་གུས་པས་མཆོད། སྤྱི་བོས་བཏེག་ཅིང་གཙང་སར་བཞག ཁྱད་པར་ཐེག་པ་ཆེན་པོའི་སྐྱབས་ཡུལ་གྱི་གཙོ་བོ་བླ་མ་ཡིན་ཏེ། རྫོགས་པ་ཆེན་པོ་ལས། སངས་རྒྱས་བས་ཀྱང་བླ་མ་གཉེན། བདེ་བར་གཤེགས་པའི་རྟེན་གསུམ་བས་ཀྱང་བླ་མ་གཉེན། ཞེས་གསུངས་པ་ལྟར། རང་ལ་བླང་དོར་གྱི་གནས་བསྟན་པའི་བླ་མ་དེའི་ཐ་ན་སྐུའི་གྲིབ་མ་ཙམ་ལ་ཡང་མི་འགོམ་པར་སངས་རྒྱས་དངོས་ཀྱི་འདུ་ཤེས་བསྐྱེད་ནས་གུས་པར་བྱེད་དགོས་པ་གསུངས་སོ། གཉིས་པ་བརྟེན་པ་སེམས་བསྐྱེད་ལ། སེམས་བསྐྱེད་དངོས་བསྟན་པ། སེམས་མ་བསྐྱེད་པའི་ཉེས་དམིགས། བསྐྱེད་པའི་ཕན་ཡོན། བསྐྱེད་པའི་ཚུལ་བསྟན་པ་དང་བཞི། དང་པོ་སེམས་བསྐྱེད་དངོས་ལ། རྒྱུ་དང་། རང་བཞིན། དབྱེ་བ། ས་མཚམས་དང་བཞི། དང་པོ་ལ། ཉེར་ལེན་གྱི་རྒྱུ་དང་། ལྷན་ཅིག་བྱེད་པའི་རྐྱེན་ནོ། དང་པོ་ནི། ས་ལམ་ལས། དད་དང་སྙིང་རྗེ་རྒྱུ་རྐྱེན་ཀུན་ཚོགས་ཏེ། །འགྲོ་ཀུན་དོན་དུ་བྱང་ཆུབ་སེམས་བསྐྱེད་དོ། །ཞེས་པ་ལྟར། དད་པ་དང་སྙིང་རྗེ་ནི་གོང་དུ་བཤད་ཟིན་ལ། གཉིས་པ་རྐྱེན་དགེ་བའི་བཤེས་གཉེན་དང་གདམས་ངག་ལ་སོགས་པའོ། གཉིས་པ་སེམས་བསྐྱེད་ཀྱི་རང་བཞིན་ནི། རང་གཞན་གྱི་ལེགས་པ་ཐམས་ཅད་འབྱུང་བའི་གནས། བླ་ན་མེད་པར་བྱང་ཆུབ་ཏུ་བསྒྲོད་པའི་ལམ། གཞན་དོན་དུ་བླ་མེད་རྫོགས་པའི་བྱང་ཆུབ་ལ་འདུན་པའི་བློ་ཁྱད་པར་ཅན་དེ། སྐབས་འདིའི་སེམས་བསྐྱེད་ཀྱི་རང་བཞིན་ཡིན་ཏེ། ཐེག་དགུ་བསྟན་པ་རྗེས་བཞག་གི་མདོ་ལས། བྱང་ཆུབ་སེམས་མཆོག་འགྲོ་བ་གཞན་དོན་དུ། །མ་རིག་མུན་སེལ་རིག་པའི་ཡེ་ཤེས་བསྐྱེད། །ཅེས་དང་། གཞུང་ལས། སེམས་བསྐྱེད་པ་ནི་གཞན་དོན་དུ། །བླ་མེད་རྫོགས་པའི་འབྲས་བུ་འདོད། ། ས་ལམ་ལས། གང་ཞིག་གང་ལ་འདུན་པ་དང་། །གཞན་དོན་བྱང་ཆུབ་ལ་འདུན་པ། །སེམས་བསྐྱེད་ཙམ་དང་ཐེག་ཆེན་ནོ། །ཞེས་གསུངས་པའི་ཕྱིར། འོ་ན་སྐབས་འདིའི་སེམས་བསྐྱེད་དེ་ཐེག་ཆེན་གྱི་ལམ་དགོས་བསམ་མི་དགོས་ཞེ་ན། ངེས་པར་དགོས་ཏེ་མཚན་ཉིད་ཀྱི་ཟུར་དུ་ཁྱད་པར་ཅན་སྨོས་པའི་དོན་དེ་ནི་ཐེག་ཆེན་ལམ་གྱི་ངོ་བོར་གྱུར་པ་ལ་འདོད་དགོས་པ་ཡིན་གསུངས་སོ། གསུམ་པ་ནི། སྒྲོན་མ་མུན་སེལ་ལས། སྨོན་པ་ཁམས་གསུམ་སེམས་ཅན་དོན་ལ་སྨོན་བྱེད་ཅིང་། །འཇུག་པ་དེ་ཡི་རྒྱུན་ལ་རབ་ཏུ་བརྩོན་པའོ། །ཞེས་དང་། སེམས་བསྐྱེད་ཀྱི་མདོ་ལས། སྨོན་དང་འཇུག་གི་ཁྱད་པར་གྱིས། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །སྨོན་པ་འགྲོ་བའི་དོན་ལ་སྨོན་བྱེད་ཅིང་། །འཇུག་པ་དེ་ཡི་དོན་ལ་རབ་བརྩོན་བྱེད། །ཅེས་པས། སྨོན་འཇུག་གཉིས་ཀྱི་ཁྱད་པར་ནི། ཐེག་ཆེན་སེམས་བསྐྱེད་གང་ཞིག གཞན་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པའི་འདུན་པ་མཚུངས་ལྡན་དང་བཅས་པ་སྨོན་པ་སེམས་བསྐྱེད་དང་། དེ་ནི་ཐེག་ཆེན་སློབ་པའི་རྒྱུད་ཀྱི་སངས་རྒྱས་ཐོབ་པར་འདོད་པའི་སེམས་བསྐྱེད་ལྟ་བུའོ། ཐེག་ཆེན་སེམས་བསྐྱེད་གང་ཞིག གཞན་དོན་དུ་བྱང་ཆུབ་ཐོབ་པའི་ཆེད་དུ་ལམ་སྒྲུབ་པར་འདོད་པའི་འདུན་པ་མཚུངས་ལྡན་དང་བཅས་པ་འཇུག་པ་སེམས་བསྐྱེད། དེ་ནི་ཐེག་ཆེན་སློབ་པའི་རྒྱུད་ཀྱི་ཕར་ཕྱིན་བཅུ་གང་རུང་ལ་བསླབ་པའི་སེམས་བསྐྱེད་ལྟ་བུ་ཡིན། དེ་ལ་ས་ལམ་འཕྲུལ་སྒྲོན་ལས། གཞན་དོན་སངས་རྒྱས་ཐོབ་འདོད་དང་། །གཞན་དོན་སངས་རྒྱས་ཐོབ་འདོད་ལ། །དམིགས་ནས་བསྒྲུབ་པ་སྨོན་འཇུག་ཡིན། །ཞེས་དང་། གཞི་ལམ་འབྲས་བུའི་རྣམ་འབྱེད་ལས། དབྱེ་ན་སྨོན་འཇུག་སེམས་བསྐྱེད་གཉིས། །འགྲོ་དོན་སྨོན་དང་དེ་དོན་བརྩོན། །ཞེས་པས། དང་པོ། ངས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཞིག་བྱ་དགོས་བསམ་པ་ཙམ་ནི་སྨོན་པ་སེམས་བསྐྱེད་དང་། དེ་ནས་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པའི་ཆེད་དུ་སྒོ་གསུམ་དགེ་བ་ལ་འཇུག་སྟེ་ཐབས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་བསླབ་ཅིང་བརྩོན་པ་ནི་འཇུག་པ་སེམས་བསྐྱེད་དོ། དེ་ལྟ་བུའི་ཐེག་པ་ཆེན་པོའི་སེམས་བསྐྱེད་འདི་ནི། རྒྱལ་བའི་བོན་སྒོ་བརྒྱད་ཁྲི་བཞི་སྟོང་གི་སྙིང་པོ། ཐེག་པ་ཆེན་པོའི་ལམ་གྱི་རྩ་བ། བླ་ན་མེད་པའི་བྱང་ཆུབ་ཀྱི་མྱུ་གུ་ལྟ་བུའི་རྒྱུ་མ་ནོར་བ་ཞིང་ས་གཤིན་པོ་དང་འདྲ་སྟེ། མདོ་དྲི་མེད་ལས། སེམས་བསྐྱེད་སྔོན་དུ་བཏང་བའི་རྒྱུ་ལས་སུ། །འབྲས་བུ་བྱང་ཆུབ་མྱུ་གུ་འཁྲུངས་ནས་སུ། །ཐུགས་རྗེ་གཞན་ཕན་ལོ་ཏོག་སྨིན་པ་ཡིས། །སྐྱེ་འགྲོ་སེམས་ཅན་གསོས་སུ་འབྱུང་བར་འགྱུར། །ཞེས་གསུངས་སོ། ། བཞི་བ་ས་མཚམས་ནི། རྗེ་རིན་པོ་ཆེས་ས་ལམ་ལས། ཀུན་རྗོབ་ཚོགས་ཀྱི་ལམ་ལ་ཡོད། །དོན་སྤྱི་དང་ནི་གསལ་སྣང་ཅན། །མངོན་དུ་མཐོང་བའི་དོན་དམ་ནི། །ཚོགས་སྦྱོར་མཐོང་ལམ་ཡན་ཆད་དོ། །ཞེས་པས། ཀུན་རྗོབ་སེམས་བསྐྱེད་ནི། ཐེག་ཆེན་ཚོགས་སྦྱོར་བའི་སེམས་བསྐྱེད་རྣམས་དང་། བྱང་སེམས་ཀྱི་རྗེས་ཐོབ་ཀྱི་ངོ་བོར་གྱུར་བའི་སེམས་བསྐྱེད་ལྟ་བུའོ། །དོན་དམ་པའི་སེམས་བསྐྱེད་ནི། ཚོགས་སྦྱོར་ནས་དོན་སྤྱིའི་ཚུལ་དུ་རྟོགས་པ་དང་། སྦྱོར་ལམ་ནས་རྟོགས་པ་གསལ་སྣང་ཅན་ཡོད་པ་ལ། མངོན་སུམ་དུ་མཐོང་བའི་དོན་དམ་སེམས་བསྐྱེད་ནི། མཐོང་ལམ་ནས་ཡོད་དོ། དེ་ནི་མཉམ་བཞག་ཏུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ངོ་བོར་གྱུར་བའི་ཐེག་ཆེན་སེམས་བསྐྱེད་དེ། ཚོགས་ལམ་ནས་ས་བཅུའི་བར་གྱི་མཉམ་བཞག་ཡེ་ཤེས་ལྟ་བུའོ། དེ་ལྟར་ཚོགས་སྦྱོར་གྱི་ལམ་ལ་དེ་ལྟ་བུའི་ཀུན་རྫོབ་བྱང་ཆུབ་སེམས་བསྐྱེད་ལ་ཡུན་རིང་བློ་སྦྱང་པའི་མཐར་མཐོང་ལམ་དུ་བོན་ཐམས་ཅད་ཀྱི་གནས་ལུགས་དེ་བཞིན་ཉིད་སྤྲོས་པ་དང་བྲལ་བའི་ཡེ་ཤེས་སྟོང་ཉིད་རྟོགས་པ་ནི། དོན་དམ་སེམས་བསྐྱེད་ཅེས་བྱ་ལ། དོན་དམ་སེམས་བསྐྱེད་ནི། སྒོམ་སྟོབས་ཀྱིས་ཐོབ་དགོས་པས་ཆོ་ག་ལ་མི་ལྟོས་པའོ། ཡང་ན་རྣམ་འབྱེད་ཉི་འོད་ལས། མོས་སྤྱོད་ལྷག་བསམ་རྣམ་པར་སྨིན། །སྒྲིབ་པ་སྤངས་དང་དེ་རྣམས་བཞི། །ཞེས་པ་ལ། དང་པོ་ནི། སྡོམ་གསུམ་ཊི་ཀར། བོན་ཐམས་ཅད་ནམ་མཁའ་ལྟར་མཚན་ཉིད་མེད་ཅིང་ཡེ་ནས་འོད་གསལ་བ་རྣམ་པར་དག་པ་ནི། ལྟ་བ་རྣམ་པར་དག་པ་ཞེས་བྱ་ལ། དེ་ནི་ཚོགས་སྦྱོར་དུ་སྒྲིབ་གཉིས་བག་ཆགས་དང་བཅས་པས་བསྒྲིབ་ནས་མི་མཐོང་སྟེ། མཆོད་གཏོར་ལས། སྒྲིབ་གཉིས་མུན་པའི་ཚོགས་ལ་གསལ་བ་མེད། །ཅེས་སོ ། དེ་ལྟར་ནའང་དེ་ཉིད་ཀྱི་དོན་སྤྱིའི་ཚུལ་དུ་འཇལ་བ་ལ་དད་པས་མོས་པ་སྤྱོད་ཡུལ་དུ་བྱེད་པས་ན་མོས་པ་ཡིད་ལ་བྱེད་པ་ཞེས་བྱའོ། གཉིས་པ་ནི། ས་དང་པོ་ནས་བདུན་པའི་བར་ཉོན་མོངས་པའི་སྒྲིབ་པ་མངོན་གྱུར་པ་རིམ་གྱིས་དག་ནས། ཡེ་ཤེས་ཀྱི་མཐོང་བ་གསལ་བ་ཉིད་གཙོ་ཆེར་ཡིད་ལ་བྱེད་པ་སྟེ། འོག་མ་བས་ལྷག་པའི་བསམ་པ་རང་གི་ངོ་བོར་སྒྲིབ་བྱེད་དག་པས་ལྷག་བསམ་དག་པ་ཞེས་བྱའོ། གུམ་པ་ནི། ས་བརྒྱད་་པ་ནས་ས་བཅུ་བའི་བར་དག་པའི་ས་གསུམ་ན་ཉོན་སྒྲིབ་ཕྲ་བ་དང་། ཤེས་སྒྲིབ་རགས་པ་དག་པས་གནས་ལུགས་ཇི་ལྟ་བ་བཞིན་རྟོགས་ནས། ཡེ་ཤེས་ཕུན་སུམ་ཚོགས་པ་ལ་དབང་སྒྱུར་བས་རྒྱུད་སྨིན་ཅིང་གྲོལ་ནས་ངེས་པར་བྱང་ཆུབ་ཏུ་འགྱུར་བ་ཞེས་བྱའོ། བཞི་བ་ནི། རྒྱུན་མཐར་གཡུང་དྲུང་ལྟ་བུའི་ཏིང་འཛིན་གྱིས་ཤེས་སྒྲིབ་ཕྲ་བ་སྤངས་པས། ས་བཅུ་ལས་འདས་ནས་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ལ་དོན་གཉིས་ལྷུན་གྲུབ་ཀྱི་སངས་རྒྱས་ཐོབ་སྟེ། དེ་ལྟ་བུའི་སངས་རྒྱས་དེའི་ཐུགས་རྒྱུད་ཀྱི་བརྩེ་བ་སྙིང་རྗེ་ཆེན་པོ་ནི། སྔར་སློབ་ལམ་དུ་སེམས་བསྐྱེད་པའི་འབྲས་བུ་གཞན་དོན་འབད་མེད་ལྷུན་གྲུབ་ཏུ་མཛད་པའི་བདག་རྐྱེན་ཡིན་པའི་ཕྱིར། སྒྲིབ་པ་སྤངས་པའི་སེམས་བསྐྱེད་ཅེས་བྱའོ། དེ་ཡང་བོན་རང་ལུགས་ལ་དང་པོ་གསུམ་ནི་སེམས་བསྐྱེད་དངོས་ཡིན་ལ། ཕྱི་མ་ནི་སེམས་བསྐྱེད་ཀྱི་འབྲས་བུ་ལ་སེམས་བསྐྱེད་དུ་བཏགས་པ་ཡིན་སྟེ། རྒྱུར་མིང་འབྲས་ལ་བཏགས་པའི་བཏགས་མིང་ཙམ་
ཡིན་པའི་ཕྱིར། ལུང་ལས། སངས་རྒྱས་སེམས་བསྐྱེད་ས་མཚམས་འདས། །སེམས་བསྐྱེད་འབྲས་བུས་འགྲོ་དོན་མཛད། །ཅེས་གསུངས་སོ། གཉིས་པ་སེམས་མ་བསྐྱེད་པའི་ཉེས་དམིགས་ནི། མདོ་ལས། སྤྱི་རུ་རྒྱུ་འབྲས་བོན་རྣམས་ལ། །སེམས་བསྐྱེད་གཞི་མ་མེད་པ་ན། །གང་ཡང་རྒྱུ་ཡིས་འབྲས་མི་ཚོལ། །དོན་དམ་རྙེད་པ་ག་ལ་འགྱུར། །ཞེས་དང་། དྲང་དོན་ལས། སེམས་ནི་བསྐྱེད་པར་མ་བྱས་ན། །བྱང་ནི་ཆུབ་པར་མི་འགྱུར་རོ། །ཞེས་དང་། བྱང་ཆུབ་སེམས་མཆོག་མ་བསྐྱེད་ན། །འཁོར་བར་འཁྱམས་ཤིང་དགེ་སྟོབས་ཞན། །ཐེག་དམན་གོལ་དང་བར་ཆོད་མང་། །གཞན་དོན་རྒྱ་ཆེར་བྱེད་མི་ནུས། །ཞེས་པས། ཐེག་པ་ཆེན་པོའི་སེམས་འདི་མ་བསྐྱེད་པས་ནི་ད་དུང་ཡང་ཁམས་གསུམ་དུ་ཁ་འཁོར་བར་རྒྱུད་དྲུག་ཏུ་ཡང་ཡང་འཁྱམས་ཤིང་དགེ་བ་རེ་བྱེད་ཁུར་བྱས་ཀྱང་ཐེག་དམན་དུ་གོལ་བས་གཞན་དོན་རྒྱ་ཆེར་མི་ནུས། གཞན་དོན་མེད་པས་ཐེག་ཆེན་གྱི་ལམ་རྒྱུད་ལ་མི་སྐྱེ། དེ་མ་སྐྱེས་པས། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོར་པར་མི་འགྱུར་སྟེ། འབུམ་ལྔ་ལས། སེམས་བསྐྱེད་ལས་མ་བྱུང་བའི་སེམས་དཔའ་མེད། །སེམས་དཔར་མ་གྱུར་བར་གཡུང་དྲུང་གི་ས་བགྲོད་པ་མེད། །ས་ལམ་མ་བགྲོད་པར་རྫོགས་པའི་སངས་རྒྱས་མེད། ཅེས་གསུངས་སོ། །གསུམ་པ་ཕན་ཡོན་ནི། རང་རྒྱུད་ལ་ཐེག་ཆེན་སེམས་བསྐྱེད་གསར་དུ་སྐྱེས་པ་ཙམ་གྱིས། མིང་འཕོས་ནས་རྒྱལ་བའི་སྲས་སམ་གཡུང་དྲུང་སེམས་དཔའ་འམ། བྱང་ཆུབ་སེམས་དཔའ་རུ་འགྱུར་བ་དང་། བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་ཟིན་པའི་དགེ་རྩ་གང་བསགས་པ་ཐམས་ཅད་སྙན་པ་དང་གྲགས་པར་འདོད་པ་སོགས་འཇིག་རྟེན་འདིར་ལྟོས་འཁོར་བའི་དྲི་མས་མི་གོས་པ་དང་། བྱང་སེམས་ཀྱིས་མ་ཟིན་པའི་དགེ་རྩ་ཁོང་ཁྲོ་་ལ་སོགས་པས་འཇོམས་པའམ། དགེ་འབྲས་ལན་གཅིག་སྨིན་ནས་ཟད་པར་འགྱུར་ལ། ཟིན་པའི་དགེ་འབྲས་ནི་ལན་བརྒྱར་མྱོང་ཡང་མི་འཛད་པར་ཡང་ཡང་སྨིན་པར། ཇི་སྲིད་འཁོར་བའི་རྒྱ་མཚོ་ཆེན་པོ་འདི་མ་ཟད་ཀྱི་བར་དུ། དེ་སྲིད་བྱང་སེམས་ཀྱིས་ཟིན་པའི་དགེ་འབྲས་ཀྱང་འཛད་པ་མི་འགྱུར་བ་དང་། བྱང་སེམས་ཀྱིས་མ་ཟིན་པའི་དགེ་རྩ་རྒྱ་ཆུང་ཞིང་། ཟིན་པའི་དགེ་རྩ་ཆུང་ཡང་དོན་ལ་རྒྱ་ཆེ་བར་འགྱུར་བ་དང་། མཚམས་མེད་པ་ལྔ་ལ་སོགས་པ་སྡིག་པ་ཤིན་ཏུ་རྒྱ་ཆེན་བསགས་པའང་། བྱང་ཆུབ་ཀྱི་སེམས་རིན་པོ་རྒྱུད་ལ་སྐྱེས་ཙམ་གྱིས་སྐད་ཅིག་གིས་འཇོམས་པར་འགྱུར་བར་དང་། གཉེན་པོ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་ཙམ་གྱིས་བདག་འཛིན་ཉོན་མོངས་པ་དུག་ལྔ་ལ་སོགས་སྟོབས་ཆེན་རྒྱུན་ཆགས་སུ་གནས་པ་ཐམས་ཅད་ཀུན་འཇོམས་པ། མ་ཟད་རང་གཞན་གཉིས་ཀའི་སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་མང་བོ་གཞོམ་པར་འདོད་པ་དང་། མྱང་འདས་ཀྱི་བདེ་བ་བརྒྱ་ཕྲག་མང་བོ་ཐོབ་པར་འདོད་པ་ཀུན། བསམ་པ་བཞིན་དུ་འགྲུབ་པར་འགྱུར་བ་སོགས་ཡོན་ཏན་དཔག་ཏུ་མེད་པ་ཡོད་དེ། མདོ་དྲི་མེད་ལས། ངས་ཀྱང་དགེ་བར་སེམས་ལྟོས་སོ། །དེར་ལྟོས་བྱང་ཆུབ་སེམས་ལྡན་པས། །དགེ་བ་སྟོབས་ཆེན་དེ་ཡིས་འགྲུབ། །དེ་འགྱུར་དེ་ཡི་ཡོན་ཏན་ལ། །དཔག་གིས་མི་དཔོག་གཞལ་མི་ལོང་། །ཆུ་འབབ་རྒྱ་མཚོའི་རུ་མ་དང་། །རྡུལ་རྩེགས་རི་རབ་འཕེལ་བཞིན་འགྱུར། །ཞེས་དང་། ལམ་རིམ་དྲུག་ཅུ་བ་ལས། སྨན་མཆོག་རྣམ་པར་རྒྱལ་བ་དེ། །ནད་རྣམས་ཀུན་ལ་སྙོམས་སུ་འགྲོ། །བྱང་ཆུབ་སེམས་བསྐྱེད་བསླབ་པ་དེ། །ཉོན་མོངས་ཀུན་གྱི་གཉེན་པོར་འགྲོ། །ཞེས་བྱང་ཆུབ་སེམས་ཀྱི་ཕན་ཡོན་བརྗོད་ལས་འདས་པས་དེ་དག་ཉིན་མཚན་དུས་དྲུག་ཏུ་བསམས་ནས་བཅོས་མ་མ་ཡིན་པའི་བྱང་ཆུབ་ཀྱི་སེམས་རྒྱུད་ལ་བསྐྱེད་པར་བྱ་བ་གསུངས་སོ། བཞི་པ་ལ་གཉིས། མདོ་བསྟན་པ། རྒྱས་པར་བཤད་པའོ། དང་པོ་ནི། སྡེ་སྣོད་མཛོད་ལས། སེམས་དེ་རྒྱུ་འབྲས་བདུན་གྱི་ནོར་བུ་ལ། ། དད་པས་བཀུར་བསྟི་མཁས་ལས་ཐོབ་པར་འགྱུར། །ཞེས་པར་དེ་ལྟ་བུའི་ཕན་ཡོན་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་དེ་རྒྱུ་འབྲས་མན་ངག་བདུན་ལ་དད་པས་བློ་སྦྱངས་པ་ལས་སྐྱེ་བ་ནི་དཔེར་ན་ནོར་བུ་རིན་པོ་ཆེ་ལ་བཀུར་བསྟི་བྱས་ནས་སྨོན་ལམ་བཏབ་པ་ན་གང་འདོད་པ་ཐམས་ཅད་འབྱུང་བ་ལྟ་བུ་སྟེ། བྱམས་སྙིང་རྗེ་ལ་སོགས་དེ་དག་བྱང་ཆུབ་སེམས་ཀྱི་རྒྱུ་མ་ནོར་བ་ཡིན་པའི་ཕྱིར་རོ། །དྲང་དོན་མུན་སེལ་ལས། སེམས་ཅན་སྐྱེ་འགུལ་ཐམས་ཅད་ཕ་མའི་རང་བཞིན་ལ། །སྙིང་རྗེ་བྱམས་དགའ་བཏང་སྙོམས་རྩེ་གཅིག་བསྒོམ། །དེ་ལ་བརྟེན་ནས་ལྷག་པ་བྱང་ཆུབ་སེམས་ཀྱང་སྐྱེ། །ཞེས་སོ། །གཉིས་པ་ལ་བདུན་ཡོད་པས། དང་པོ་མར་ཤེས་པ་ནི། ཁམས་གསུམ་གྱི་སེམས་ཅན་ཐ་ན་སྲོག་ཆགས་ཕྲ་མོ་ཙམ་ཡན་ཆད་ལ་རང་གི་ཕ་མར་མ་བྱས་པ་ནི་གཅིག་ཙམ་དུ་ཡང་མེད་པར་ངེས་ཏེ། ཅིའི་ཕྱིར་ན། རྒྱུ་མཚན་རྣམ་པ་གསུམ་གྱི་དེད་དཔོན་ལ་བརྟེན་པས་ཤེས་པར་གྱུར་ཏེ། འདི་ལྟར། གཅིག་ཏུ་འཁོར་བ་ལ་ཐོག་མ་མེད་པས་ན་རང་གི་སྐྱེ་བ་ལའང་ཐོག་མ་མེད་པའི་སྐྱེ་ཤི་གྲངས་མེད་པར་བྱས་པ་དང་། གཉིས་སུ་སྲིད་པའི་རྩེ་ནས་དམྱལ་བའི་གདན་ལ་ཐུག་པ་ཡན་ཆད་ཀྱི་འཁོར་བའི་གནས་རིགས་དྲུག་པོ་ཀུན་ཏུ་ཡང་ནས་ཡང་དུ་སྐྱེ་བ་བརྒྱུད་མར་བྱས་པ་དང་། གསུམ་དུ་ལུས་འདི་མ་བླངས་ཞེས་པ་ནི་ཡེ་མེད་པའི་ཕྱིར་རོ། །སེམས་ཅན་ལ་ཕ་མ་བུ་གཉེན་གྱི་འབྲེལ་བར་མ་གྱུར་བ་མེད་པ་ནི་མདོ་གཟེར་མིག་ལས། ཁམས་གསུམ་འཁོར་བའི་སེམས་ཅན་ཟོ་ཆུ་བཞིན་དུ་བརྒྱུད། །ཕ་མ་བུ་ཚ་ཚང་ཟླ་ལ་སོགས་ཏེ། །གཉེན་གདུང་འབྲེལ་བར་མ་གྱུར་གང་ཡང་མེད། །ཅེས་སོ། ། གཉིས་པ་དྲིན་དྲན་པ་ལ་གཉིས། ཚེ་འདིའི་མ་ལ་དམིགས་པ་དང་། སེམས་ཅན་གཞན་རྣམས་ལ་དམིགས་ནས་དྲིན་ཆེ་ཚུལ་བསམ་པའོ། དང་པོ་ནི་སེམས་ཅན་ཐམས་ཅད་མར་ཤེས་ནས་དེ་དག་གི་དྲིན་དྲན་པ་བྱེད་པ་ལ། ཐོག་མར་ཚེ་འདིའི་མ་ལ་དམིགས་ནས་བློ་སྦྱང་ན་སྐྱེ་མྱུར་བས་དེ་ལྟར་བསྒོམ་སྟེ། རང་གི་མ་མདུན་དུ་བསམ་ལ་དེ་ལ་དམིགས་ནས། མ་འདི་ཐོག་མར་དྲིན་ཆེ་ཚུལ་ནི། བདག་བར་དོའི་རྣམ་ཤེས་འཁྱམས་པོ་ཁོ་རང་གི་མངལ་སྦུབས་སུ་གཅེས་པར་བཟུང་ནས་དལ་བའི་ལུས་རྟེན་བཟང་པོ་འདི་བྱིན། དེའི་དུས་ནའང་ཁོ་རང་གི་བདེ་བ་ཐམས་ཅད་སྤངས་ནས་བདག་ལ་ཕན་པ་ཁོ་ན་གཙོ་བོ་བྱས་པའི་ཚུལ་སྒྲོན་མ་མུན་སེལ་ལས། དང་པོ་བདག་ཉིད་མ་ཡི་ལྷོ་རུ་འཁྲིས་ཙམ་ནས། །ཟས་ཀྱི་བྲོ་མཆོག་སྤངས་ནས་དང་ཁ་གཏིང་ནས་ལོག །དགྱེ་སྒུར་ལུས་པོའི་ཤེད་རྣམས་བྲི་བ་དང་། །ཤ་ཤོར་མདོག་ལོག་མགོ་ཡི་སྐྲ་ཡང་བྱི། །ཡང་ཞིང་དར་བའི་ལུས་ཀྱང་ཕ་བོང་རྡོས་བཏགས་འདྲ། །གསལ་ཞིང་དྭངས་པའི་ཤེས་པ་ཕུགས་འཆོར་མུན་ལྟར་གཏིབ། །མ་འདིས་ལུས་ལ་ཟླ་བ་བཅུ་རུ་བདག་ཉིད་གཏེར་བཞིན་འཆང་། །དེའི་ཕྱིར་བདག་གི་མ་འདི་དྲིན་ཆེ་སྙིང་རེ་རྗེ། །ཕྱི་རུ་བྱུང་ནས་ལྟས་ངན་སྲིན་བུ་འདྲ་བ་དེ། །ཁྱོད་ཀྱིས་སྙིང་ལྟར་མེད་ཐབས་མེད་པ་དང་། །དཀའ་དགུར་སྤྱད་པ་དྲན་པའི་འདུ་ཤེས་ཀྱེ། །ཆུང་བ་ཕུད་བུ་ཙམ་ནས་ཆེ་བ་གཡག་ཙམ་སྐྱེས། །ཞེས་སོ། བར་དུ་དྲིན་ཆེ་ཚུལ་ཡང་། ཁོས་ཤ་ཐང་ཐང་དུ་འབད་ནས་བསགས་པའི་ཟས་གོས་ནོར་རྫས་རང་གིས་ཟ་གོན་སྤྱད་མ་བྲ་བ་རྣམས་ལས་ཀྱང་བདག་ལ་བཀྲེས་སྐོམ་གྱི་དུས་སུ་བཟའ་བཏུང་། འཁྱག་པའི་དུས་སུ་གོས། ཕོངས་པའི་དུས་སུ་ནོར་རྫས་རྣམས་ཕངས་མེད་དུ་བྱིན། ཡོ་བྱད་དེ་དག་ཀྱང་འདི་དང་ཕྱི་མ་གཉིས་ལ་གནོད་པའི་སྡུག་བསྔལ་དང་ལས་ཉོན་ལ་མ་འཛེམ་པར་བཙལ་ནས་བྱིན་པ་སྟེ། དེ་ཉིད་ལས། སྲོག་གཅོད་ལས་དང་མ་བྱིན་བླངས་པ་ཡང་། །བུ་དེ་རྒྭད་ཀྱིས་དོགས་པའི་རྒྱུ་ལས་བྱུང་། །གཡོ་སྒྱུ་ཟོལ་སོགས་ཁྲམ་རྫུན་ཟེར་བ་ཡང་། །བུ་དེ་རྒྭད་ཀྱིས་དོགད་པའི་རྒྱུ་ལས་བྱུང་། །ཞེས་སོ། ཐ་མའང་དྲིན་ཆེ་སྟེ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་མཇལ་ནས་ཡང་དག་པའི་བོན་ལ་སྦྱར་ཏེ་དགེ་ལམ་ལ་གཏོང་བར་བྱས་པས་འདི་ལས་དྲིན་ཆེ་ཐབས་ཅི་ཞིག་ཡོད་དེ་མེད་དོ། གཉིས་པ་དེ་བཞིན་སེམས་ཅན་གཞན་ཀུན་ལས་ཀྱང་ད་ལྟའི་མ་འདིས་བསྐྱངས་ཚུལ་ཁོ་ན་བཞིན་གྱིས་སྔོན་ཆད་བདག་ལ་མ་བསྐྱངས་པ་གཅིག་ཙམ་ཡང་མེད་ངེས་པས་སེམས་ཅན་ཐམས་ཅད་དྲིན་ཆེ་ཚུལ་ལ་བསམ་པར་བྱ་དགོས། གསུམ་པ་དྲིན་གཟོ་བ་ནི། འོ་ན་སེམས་ཅན་ཐམས་ཅད་མ་དྲིན་ཆེན་ཤ་སྟག་ཡིན་ན། དེ་དག་ལ་དྲིན་ལན་གང་གིས་འཁོར་ཟེར་ན། དེ་ཉིད་ལས། ལག་པའི་མཐིལ་བཞག་རི་རབ་བསྐོར་ཡང་མའི་དྲིན་ནི་མི་ཁེར། སྤྱི་གཙུག་བཞག་ནས་སུམ་ཅུ་རྩ་གསུམ་བསྐྱལ་ཡང་མའི་དྲིན་མི་ཁེར། འཛམ་གླིང་ཞིམ་དགུ་བཙལ་ནས་གསོས་ཀྱང་མའི་དྲིན་མི་ཁེར། ཞེས་གསུངས་པས། འཁོར་བའི་བདེ་བ་ལ་སྦྱར་བའི་ཐབས་འཇིག་རྟེན་གྱི་ཟས་གོས་ལོངས་སྤྱོད་མངའ་ཐང་ལ་སོགས་ལས་གང་གི་སྒོ་ནས་དྲིན་ལན་སྦྱར་ཡང་དྲིན་འཁོར་བ་གཅིག་ཙམ་ཡང་མེད་དེ། འཁོར་བའི་བདེ་བ་ཐམས་ཅད་སྡུག་བསྔལ་འབའ་ཞིག་གི་རྒྱུ་ཡིན་པར་ངེས་པའི་ཕྱིར། དཔེར་ན་དུག་སྦྱར་བའི་ཁ་ཟས་སྟེར་བ་བཞིན་ནོ། ། དེ་བས་ན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་དྲིན་ལན་འཁོར་ཏེ། བྱང་ཆུབ་མཆོག་དུ་སེམས་བསྐྱེད་ནས་བསླབ་བྱ་ལ་བསླབ་པས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་ནས་མ་རྒན་སེམས་ཅན་རྣམས་འཁོར་བའི་སྡུག་བསྔལ་མཐའ་དག་ལས་བསྐྱབས་ཏེ་ཐར་བ་བདེ་བའི་ས་ཆེན་པོ་ལ་བཀོད་ནུས་པའི་ཕྱིར་རོ། ། བཞི་པ་བྱམས་པ་བསྒོམ་པ་ནི། དེ་ལྟར་མ་ཤེས་པ་དང་། དྲིན་དྲན་པ་དང་། དྲིན་གཟོ་བར་འདོད་པ་གསུམ་ལ་རིམ་པ་བཞིན་དུ་བློ་སྦྱངས་པས་རང་ཤུགས་ཀྱིས་སེམས་ཅན་ལ་བུ་གཅིག་པ་ལྟར་སྙིང་དུ་ཆེས་སྡུག་པར་འཛིན་པ་འབྱུང་བ་ནི་བྱམས་པ་སྟེ། དེས་སྙིང་རྗེ་བསྐྱེད་པར་བྱེད་དེ། བྱམས་པའི་ངོ་བོ་ནི། ཚིག་བཞིའི་བཀའ་འགྲེལ་ལས། སེམས་ཅན་རྣམས་ནི་བདེ་བ་དང་། །འཕྲད་པར་འདོད་པའི་བསམ་པ་ཅན། །གཞན་ལ་ཕན་སེམས་སྐྱེ་བར་འགྱུར། །ཞེས་སོ། བསྒོམ་ཚུལ་ནི་སྡེ་མཛོད་ལས། མ་རྒན་དྲིན་ཅན་འདི་རྣམས་ལ་ཟག་མེད་ཀྱི་བདེ་བ་ག་ལ་ཡོད། ཟས་བཅས་ཀྱི་བདེ་བ་ཙམ་ཡང་མི་འདུག་ད་ལྟར་བདེ་བ་འཛིན་པ་འདི་དག་ཀྱང་སྡུག་བསྔལ་དུ་འགྱུར་ནས་འགྲོ་བར་འདུག བདེ་བ་ཞིག་འདོད་ནས་འབད་རྩོལ་བྱས་ཀྱང་བླང་དོར་ལ་རྨོངས་པའི་དབང་གིས་སྡུག་བསྔལ་གྱི་རྒྱུ་འབའ་ཞིག་ལས་གཏན་བདེའི་རྒྱུ་བསྒྲུབ་མི་ཤེས། དེས་ན་འདི་རྣམས་ལ་བདེ་བ་རྣམ་དག་ཅིག་གཏན་ནས་མི་འདུག་སྙམ་དུ་བདེ་བས་ཕོངས་ཚུལ་བསམ་ལ། བདེ་བའི་ཕོམས་པའི་མ་རྒན་འདི་རྣམས་བདེ་བ་དང་ལྡན་ན་ཅི་མ་རུང་། གནས་སྐབས་དང་མཐར་ཐུག་ཏུ་ཡང་དག་གི་བདེ་བ་དང་འཕྲད་པར་གྱུར་ཅིག་སྙམ་དུ་བསམ་པ་བྱའོ་ཞེས་གསུངས། ལྔ་བ་སྙིང་རྗེ་བསྒོམ་ཚུལ་ནི་གོང་བཞིན་ནོ། དྲུག་པ་ལྷག་བསམ་བསྒོམ་པ་ནི། སྡེ་སྣོད་མཛོད་ལས། ངེས་པར་སྡུག་བསྔལ་བསལ་བྱ་བདེ་བ་དང་། །ལྡན་བྱ་སངས་རྒྱས་ས་ལ་བཀོད་པར་བྱའོ། ཞེས་པ་ལྟར། མ་རྒན་འདི་དག་སྡུག་བསྔལ་མཐའ་དག་དང་ཡོངས་སུ་བྲལ་ནས་བདེ་བ་ཀུན་དང་ལྡན་པ་ཞིག་ངེས་པར་བདག་གིས་བྱའོ། ཁྱད་པར་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པའི་རྫོགས་པའི་སངས་རྒྱས་ཀྱི་ས་ལ་བཀོད་པར་བྱའོ། །སྙམ་དུ་བསམ་པའོ། །འདི་དྲིན་གཟོའི་སྐབས་སུ་ཡང་ཅུང་ཟད་བྱུང་མོད་ཀྱང་དེ་ནི་དེ་ལྟར་འདོད་པ་ཙམ་ཡིན་ལ་འདི་ནི་སེམས་ཅན་རྣམས་ལ་བདག་གིས་ཕན་བདེ་བསྒྲུབ་བོ་སྙམ་པའི་བསམ་པ་དམ་བཅའ་དང་བཅས་པ་དགོས་ལ། དེ་ནི་བྱམས་པ་དང་སྙིང་རྗེས་བསྐྱེད་དགོས་པའོ། བདུན་པ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི། དེ་ལྟར་དམ་བཅས་འདོད་པའི་དོན་དེ་ནི། །བསྒྲུབ་ནུས་གཞན་མིན་རྫོགས་པའི་སངས་རྒྱས་དངོས། །དེ་ནི་འགྲོ་ཕྱིར་བདག་གིས་ཐོབ་པར་བྱ། །ཞེས་དེ་ལྟ་བུའི་ལྷག་བསམ་གྱི་སྐབས་སུ་འགྲོ་བ་སྒྲོལ་བར་བདག་གིས་དམ་བཅས་པ་ལ། དམ་བཅས་པའི་དོན་དེ་ནི་བདག་གིས་ད་ལྟའི་གནས་སྐབས་འདི་ལྟ་བུའི་བསྒྲུབ་མི་ནུས་ན། དེ་བཞིན་དུ་བསྒྲུབ་པའི་ནུས་པ་ནི་སུ་ལ་ཡོད་བསམ་པས། དེ་ནི་ཚངས་པ་དང་བརྒྱ་བྱིན་ལ་མེད་དོ། ཁོ་རང་ཡང་འཁོར་བའི་སྡུག་བསྔལ་གྱིས་དམ་དུ་བཅིངས་པས་སོ། །ཐེག་དམན་རྣམས་ལ་མེད་དེ། རང་ཉིད་གཅིག་པུ་ཞི་བདེ་དོན་གཉེར་ཅན་ཡིན་པས་སོ། དེས་ན་དེ་ལྟ་བུ་བསྒྲུབ་པའི་ནུས་པ་ནི་སངས་རྒྱས་ལ་ཡོད་པས། དེ་བས་ན་སངས་རྒྱས་ཀྱི་གོ་འཕང་དེ་ནི་བདག་གིས་ཚེ་གཅིག་གི་སྟེང་ན་མངོན་དུ་ཐོབ་པར་བྱ། དེའི་ཕྱིར་ན་བདག་གིས་རྟག་ཏུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་བཟུང་ནས་སྐད་ཅིག་ལའང་ཉམས་པ་མི་བྱ་བ་དུས་དང་རྣམ་པ་ཀུན་ཏུ་བསྒོམ་དགོས་པ་མདོ་རྒྱུད་དུ་མར་ནས་གསུངས་པ་ལྟར་རང་གི་ཟུར་ཙམ་བྲིས་ཁུལ་བྱས་པའོ། ། ཞར་བྱུང་རང་གཞན་ཐམས་ཅད་རྒྱལ་བའི་བཀའ་ལ་མཐོ་རྙེད་དང་གྲུབ་མཐའི་ཕྱོགས་ཞེན་ཕན་མཚན་སྐུལ་འདེབས་སོགསཤེས་རབ་འཆལ་བའི་སྐྱོན་དེ་དོར་ནས་བློ་གཟུ་བོར་སྒོ་ནས་གྲུབ་མཐའི་རྣམ་བཞག་དང་རྒྱལ་བའི་བསྟན་པ་རིན་པོ་ཆེས་འཛིན་སྐྱོང་སྤེལ་གསུམ་དང་འཆད་རྩོད་རྩོམ་གསུམ་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེན་ཡིན་ཏེ། རྗེ་བཙུན་སྨྲ་བའི་སེང་གེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས། རང་ལྟ་ལ་མི་ཆགས་གཞན་ལྟ་ལ་མི་སྡང་བའི་སྒོ་ནས་གྲུབ་མཐའི་རྣམ་བཞག་བྱེད་པ་ནི། ཤེས་རབ་བསྐྱེད་པའི་རྒྱུ་དང་དག་སྣང་སྦྱོང་བའི་ཐབས་ཁྱད་པར་ཅན་ཡིན་པས། དམ་པའི་ལུགས་སུ་འདོད་དོ། །ཞེས་རང་གཞན་ཐམས་ཅད་ལ་ཐུགས་བརྩེ་བའི་ཆེན་པོས་སྒོ་ནས་གདམས་པར་ཡིན་ནོ། །