མཛོད་གནས་དགུ་པ་རྟེན་འབྲེལ་གྱི་སྐོར་ལ་རགས་ཙམ་གླེང་བ།

9.jpg
བསོད་ནམས་ཡེ་ཤེས་ཚོགས་གཉིས་རིན་ཆེན་རྡུལ།།།
གྲངས་མེད་གསུམ་གྱི་རིང་དུ་བསགས་པའི་མཐུས།།
ཁྱེད་ཀྱི་གསང་གསུམ་མངོན་རྟོགས་རི་བོ་མཆོག།
སྲིད་ཞིའི་དཔལ་གྱུར་གཤེན་རྒྱལ་སྐུ་ལ་འདུད། ། །

ཤེས་བྱའི་གནས་ལུགས་ཇི་བཞིན་དངོས་སུ་མཁྱེན།།
རབ་འབྱམས་བཅུ་ཕྲག་གནས་ལ་མངལ་དབང་ཐོབ།།
རྒྱལ་བསྟན་རིན་ཆེན་ཕྱོགས་བཅུར་སྒྲོན་མཛད་མཆོག།
མཚན་ལྡན་མཉམ་མེད་བླ་མ་གཙུག་ན་རྒྱལ།།

   དེ་ཡང་རྟེན་འབྲེལ་ལ། ཐར་ཙན་ནེ་སུམ་མུ་གུང་ནི། ། རྟེན་ཅིང་འབྲེལ་བ་གཉིས་ཀྱི་མཛོད། །ཅེས་པ་དེ་ལ་གསུམ་སྟེ། རྒྱུ་དང་རང་བཞིན་དགོས་པའོ། དང་པོ་ལ་སྤྱིར་རྒྱུ་འབྲས་ཀྱིས་བསྡུས་པ་ཐམས་ཅད་རྒྱུ་སྔ་མ་ལ་འབྲས་བུ་ཕྱི་མ་འབྱུང་བ་ཡིན་ལ། བྱེ་བྲག་ཏུ་དག་པའི་རྟེན་འབྲེལ་ནི། རྒྱུ་སེམས་བསྐྱེད་སྨོན་ལམ་དང་། རྐྱེན་ལས་སྤྱོད་དག་པ་དང་འབྲས་བུ་ཐུགས་རྗེའི་བྱེད་པ་ལ་གྲུབ་བོ། གཉིས་པ་རང་བཞིན་ནི། རྒྱུ་རྐྱེན་སྔ་མ་ལས་ཕྱི་མ་འབྱུང་བ། ཞེས་གསུངས་སོ། ཡང་རྟེན་འབྲེལ་དབྱེ་ན་ངོ་བོ་ལ་ལྟོས་པའི་རྟེན་འབྲེལ་དང་། ཐ་སྙད་རྣམ་འཇོག་གི་རྟེན་འབྲེལ་དང་། འདུས་བྱས་ཀྱི་རྟེན་འབྲེལ། འདུས་མ་བྱས་ཀྱི་རྟེན་འབྲེལ་སོགས་མང་དུ་ཡོད་ཀྱང་། སྐབས་འདིར་འཁོར་ཚུལ་རྟེན་འབྲེལ་ལ་ས་བཅད་རྣམ་པ་གསུམ་སྟེ། མདོར་བསྟན་དང་། རྒྱས་བཤད ། མདོ་བསྡུའོ ། དང་པོ་ནི། སྲིད་པའི་མཛོད་ཕུགས་ལས། མ་རིག་རྒན་མོ་ལོང་མ་འདྲ། །འདུ་བྱེད་རྫ་མཁན་བུ་ཕོ་འདྲ། ། རྣམ་ཤེས་ཤིང་ཁར་སྤྲེའུ་བྱུང་འདྲ། ། མིང་དང་གཟུགས་ནི་ཟས་ནོར་འདྲ། ། སྐྱེ་མཆེད་དྲུག་ནི་བྱད་དང་འདྲ། ། རེག་པ་སྙུག་དོང་སྦྲུལ་སོང་འདྲ། ། ཚོར་བ་གཏར་ཚན་ཆུ་གཏིག་འདྲ། ། སྲེད་པ་སྒོ་ནོར་མི་དང་འདྲ། ། ལེན་པ་རྒྱ་བྱ་ཆུ་འཐུང་འདྲ། ། སྲིད་པ་ཕོ་མོ་འཁྲིག་ཆགས་འདྲ། ། སྐྱེ་བ་མཁར་བ་ལུགས་བྱུང་འདྲ། ། རྒ་ཤི་དེ་བཞིན་དངོས་པོར་སྟོན། ། ཅེས་པ་ལྟར། ལས་ཉོན་གྱི་དབང་གིས་སྐྱེ་བ་བླངས་པའི་གང་ཟག་གི་རྒྱུད་ཀྱི་འཇིག་པའི་བོན་ཅན་གྱི་ཕུང་པོ་ལྔའམ་མིང་བཞིའི་ཕུང་པོ་ནི་འཁོར་བ་ཡིན་ལ། དེ་ལྟ་བུའི་འཁོར་བར་འཇུག་ལྡོག་གི་རིམ་པ་མཐའ་དག་རྟེན་འབྲེལ་བཅུ་གཉིས་པོ་འདིས་བྱེད་པ་ཡིན་ཏེ། འབུམ་ཏིག་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་ནི་འཁོར་བའི་མཚན་ཉིད། འཁོར་བའི་ངོ་བོ་ནི་ཕུང་པོ་ལྔའོ། ། ཞེས་གསུངས། དཔེར་ན་རྒན་མོ་ལོང་མས་ཡུལ་དང་ལམ་མི་གསལ་བ་ལྟར། མ་རིག་པས་ཀྱང་དེ་ཁོ་ན་ཉིད་དང་ལམ་སོགས་མི་རྟོགས་པས་མ་རིག་རྒན་མོ་ལོང་མ་འདྲ་ཞེས་བྱའོ། རྫ་མཁན་གྱི་རྫ་མ་སྣ་ཚོགས་བསགས་པ་བཞིན། འདུ་བྱེད་ཀྱིས་དགེ་སྡིག་ལ་སོགས་ལས་སྣ་ཚོགས་བསགས་པས་འདུ་བྱེད་རྫ་མཁན་བུ་ཕོ་འདྲ་ཞེས་བྱའོ། ཤིང་ཁའི་སྤྲེའུས་ཡུལ་དང་རྟེན་གྱི་ཤིང་དོར་ལེན་བྱེད་པ་པ་ལྟར། རྣམ་ཤེས་ཀྱིས་ཡུལ་དང་ཕུང་པོ་འདོར་ལེན་བྱེད་པས། རྣམ་ཤེས་ཤིང་ཁའི་སྤྲེའུ་བྱུང་འདྲ་ཞེས་བྱའོ། རྫས་ནོར་གྱིས་སྡུག་བསྔལ་གྱི་གཞི་བྱེད་པ་བཞིན། མིང་གཟུགས་ཀྱིས་སྡུག་བསྔལ་གྱི་གཞི་བྱེད་པས། མིང་དང་གཟུགས་ནི་རྫས་ནོར་འདྲ་ཞེས་བྱའོ། བྱད་ལ་དབང་པོ་སོ་སོར་དོད་པ་ལྟར། སྐྱེ་མཆེད་དྲུག་ཀྱང་སྒོ་སོ་སོར་དོད་པས། སྐྱེ་མཆེད་དྲུག་ནི་བྱད་དང་འདྲ་ཞེས་བྱའོ། སྙུག་དོང་དུ་སྦྲུལ་ཞུགས་པ་ཡས་མར་གང་རུང་དུ་འབྱུང་བ་བཞིན། རེག་པ་ཡང་བདེ་སྡུག་གང་རུང་དུ་འབྱུང་བས། རེག་པ་སྙུག་དོང་སྦྲུལ་སོང་འདྲ་ཞེས་བྱའོ། ། གཏར་ཚན་ལ་ཆུ་འཐིག་པ་མྱུར་དུ་ལེན་པའམ་ཚོར་བ་ལྟར། ཚོར་བས་རིག་པ་མྱུར་དུ་ལེན་པའམ་མྱོང་བས། ཚོར་བ་གཏར་ཚན་ཆུ་འཐིག་འདྲ་ཞེས་བྱའོ། ། གནས་སྒོ་ནོར་བའི་མི་དེས་འཕྲད་པར་འདོད་པ་ལྟར་སྲེད་པས་སྔར་མྱོང་ཐོབ་པར་འདོད་པས། སྲེད་པ་སྒོ་ནོར་མི་དང་འདྲ་ཞེས་བྱའོ། ། རྒྱ་བྱས་ཆུ་འཐུང་བར་འདོད་པས་ཆུ་ལ་ཉེ་བར་རྒྱུག་པ་ལྟར། ལེན་པས་འདོད་པ་ལ་ལྷག་པར་འདུན་པས། ལེན་པ་རྒྱ་བྱ་ཆུ་འཐུང་འདྲ་ཞེས་བྱའོ། ། ཕོ་མོ་འཁྲིག་པས་སྐྱེ་བའི་དངོས་རྒྱུ་བྱེད་པ་ལྟར། སྲིད་པས་ཀྱང་ཡང་སྲིད་ཀྱི་ནུས་པ་མཐུ་ཅན་དུ་འགྱུར་བས། སྲིད་པ་ཕོ་མོ་འཁྲིག་ཆགས་འདྲ་ཞེས་བྱའོ། ། མཁར་བ་ལུགས་ཁུང་ནས་འབྱུང་བའི་གཟུགས་བརྙན་སྔར་མེད་གསར་དུ་སྣང་བ་ལྟར་སྐྱེ་བ་ཡང་སྔར་མེད་གསར་དུ་འབྱུང་བས། སྐྱེ་བ་མཁར་བ་ལུགས་བྱུང་འདྲ་ཞེས་བྱའོ། །རྒས་པ་དང་ཤི་བ་མངོན་དུ་མཐོང་བ་ལྟར། དེ་བཞིན་དུ་བདག་ཀྱང་དེའི་རང་བཞིན་དུ་ཤེས་པར་བྱ་དགོས་གསུང་པས། རྒ་ཤི་དེ་བཞིན་དངོས་པོར་སྟོན་ཞེས་བྱའོ།། གཉིས་པ་ལ། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སོ་སོར་མཚན་ཉིད་དང་དབྱེ་བ་སོགས་བཤད་པ་ལ། དང་པོ་མ་རིག་པ་ལ་མཚན་ཉིད་དང་དབྱེ་བ་ངེས་ཚིག་བྱེད་ལས་སོ། དང་པོ་ནི། རང་གིས་ཀུན་ནས་བསླང་བྱར་གྱུར་པའི་ཡན་ལག་གཉིས་པའི་ཀུན་སློང་གི་ཐོག་མར་བྱུང་བའི་འཇིག་ལྟའི་རིགས་གནས་ཀྱི་སེམས་བྱུང་རྨོངས་པ་དེ། ཐོག་མའི་མ་རིག་པའི་མཚན་ཉིད་ཡིན་ཏེ། མཛོད་ཀུན་བཏུས་ལས། ནང་གི་རྟེན་འབྲེལ་བཅུ་གཉིས་ནི། ། འཁོར་བའི་རྒྱུ་འབྲས་ཤེས་པས་ཟིན ། ། མ་རིག་རྨོངས་པ་ཀུན་སློང་སྟེ། ། ཞེས་གསུངས་པའི་ཕྱིར། གཉིས་པ་ནི། མཛོད་འགྲེལ་ལས། མ་རིག་རྣམ་པ་བཅུ་གཉིས་སྟོན། ཞེས་པ། ཡང་དག་བདེན་པ་བོན་ཉིད་ཀྱི་དོན་དང་སེམས་ཉིད་ཀྱི་དོན་མ་རིག་པ་དང་། ངན་སོང་དང་འཁོར་བར་ལྟུང་བའི་རྒྱུ་དུག་ལྔ་ལ་སོགས་ཀྱི་སྐྱོན་དང་། བདེ་སྡུག་ལ་སོག་སུ་སྐྱེ་བའི་རྒྱུ་དང་རྐྱེན་གྱི་སྤང་བླང་དང་། ལམ་མཆོག་དམན་དང་ཐེག་པའི་འཇུག་སྒོ་བཟང་ངན་དང་། འཁོར་ས་ཐེག་ས་འབྲས་ས་ལ་སོགས་གནས་དང་། དགེ་སྡིག་གཉིས་ཀྱི་ནུས་པའི་ཆ་སོགས་དང་། ཐར་པའི་བདེ་བ་དང་འཁོར་བའི་སྡུག་བསྔལ་གྱི་ཁྱད་སོགས་དང་། སྒྱུ་མ་ལྟ་བུའི་སྣང་བ་འདི་བསླུ་བའི་རྐྱེན་སོགས་དང་། རྟག་ཆད་ལ་སོགས་ལྟ་བ་ཕྱིན་ཅི་ལོག་གི་སྐྱོན་དང་། འཁོར་བ་ལྡོག་པའི་ཐབས་ལམ་རྒྱུད་ལ་བསྟེན་པ་དང་། མི་བསླུ་ངེས་པའི་འབྲས་བུ་སྐུ་དང་ཡེ་ཤེས་ལ་སོགས་མ་རིག་པའོ། གསུམ་པ་ནི། ཡུལ་ལ་རྨོངས་པས་ནའོ། བཞི་པ་ནི། བྱེད་ལས་འདུ་བྱེད་ལ་སོགས་བསྐྱེད་དོ། དེ་ཡང་མ་རིག་པ་བསྡུས་ན་རྣམ་པ་གཉིས་སུ་འདུས་སྟེ། སེམས་ཀྱི་དེ་ཁོ་ན་ཉིད་ལ་རྨོངས་པས་མ་རིག་པ་དང་། ལས་འབྲས་ལ་རྨོངས་པས་མ་རིག་པའོ། དང་པོ་དེས་སྲིད་རྩེ་ནས་མནར་མེད་ཀྱི་བར་ཁམས་གསུམ་གར་སྐྱེ་བའི་རྒྱུ་བྱེད། གཉིས་པས། ངན་སོང་གསུམ་དུ་སྐྱེ་བའི་རྒྱུ་བྱེད་པའི་ཕྱིར། སྤྱིར་མ་རིག་པ་དང་ཐོག་མེད་མ་རིག་པའམ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་མ་རིག་པ་གཉིས་ལ་མུ་བཞི་ལ་སོགས་ཁྱད་པར་ཡོད་པའོ། གཉིས་པ་འདུ་བྱེད་ལ་མཚན་ཉིད་དང་དབྱེ་བ་ངེས་ཚིག་བྱེད་ལས་སོ། དང་པོ་འདུ་བྱེད་ཀྱི་མཚན་ཉིད་ནི། རང་གི་རྒྱུའི་ཀུན་སློང་ཐོག་མའི་མ་རིག་པས་ཀུན་ནས་བསླངས་ཤིང་སྲིད་པར་འཕེན་བྱེད་ཀྱི་སེམས་པའི་རིགས་སུ་གནས་པ་དེ། དེའི་མཚན་ཉིད་ཡིན་ཏེ། མཛོད་ལས། འདུ་བྱེད་རྫ་མཁན་བུ་ཕོ་འདྲ། ཞེས་སོ། གཉིས་པ་ནི། རྗེ་རིན་པོ་ཆེས་མཛོད་འགྲེལ་ལས། འདུ་བྱེད་རྣམ་པ་བཅུ་གཉིས་སྟོན། ། ཞེས་པ། རིགས་དྲུག་གི་སྲིད་པ་ཅིར་ཡང་མ་ངེས་པ་ལ་བར་དོའི་སྐབས་ཀྱི་འདུ་བྱེད་དང་། ལུས་ཀྱི་རྟེན་མེད་པར་སེམས་འཕྱོ་ཞིང་རྟེན་མེད་ལ་ཡིད་མི་བདེ་བར་དོའི་འདུ་བྱེད་དང་། ཀུན་གྱི་བག་ཆགས་ཕྱིར་དྲན་ཞིང་རྟོག་པས་འདོད་པའི་དོན་རྗེས་སུ་བསྒྲུབ་པའི་འདུ་བྱེད་དང་། སྐྱེ་སྒོ་ཀུན་ལ་འཇུག་པ་རྗེས་སུ་རྟོགས་པས་སྐྱེ་གནས་ཡིད་ལ་བྱེད་པའི་འདུ་བྱེད་དང་། འཁྲུལ་བའི་བག་ཆགས་ལ་ཞེན་པ་འཁོར་བར་ཕྱིར་དྲངས་ཤིང་ཡིད་ཀྱི་བསླུ་བ་སོགས་རྣམ་པར་བཅུ་གཉིས་གསུངས་སོ། གསུམ་པ་ནི། ལས་འདུ་བར་བྱེད་པས་ནའོ། ། བཞི་པ་ནི། བྱེད་ལས་རྣམ་ཤེས་ལ་སོགས་བསྐྱེད་དོ། ། དེ་ཡང་འདུ་བྱེད་ཀྱི་རྟེན་འབྲེལ་བསྡུས་ན་གསུམ་དུ་འདུས་སྟེ། བསོད་ནམས་ཀྱི་ལས་དང་། བསོད་ནམས་མ་ཡིན་པའི་ལས་དང་། མི་གཡོ་བའི་ལས་དང་གསུམ་མོ། དང་པོ། ་སེམས་ཀྱི་གནས་ལུགས་མ་མཐོང་བའི་འཁོར་བ་ལས་མ་ཐར་ཡང་། དཔོན་གསས་བཤེས་གཉེན་སོགས་ཀྱིས་དགེ་སྡིག་གི་བླང་དོར་བསྟན་པས་དགེ་བཅུ་སོགས་བསྒྲུབས་ཏེ། མཐོ་རིགས་ལྷ་མི་སོགས་ལ་སྐྱེ་འགྱུར་གྱི་ལས་རྣམས་ཡིན། གཉིས་པ། མི་དགེ་བཅུ་ལ་སོགས་པ་ངན་སོང་དུ་སྐྱེ་འགྱུར་གྱི་ལས་རྣམས་ཡིན། གསུམ་པ། ཐར་བ་མ་ཐོབ་ཀྱང་བསམ་གཏན་དང་པོ་ནས་སྲིད་རྩེའི་བར་གྱི་དངོས་གཞི་དང་། ཉེར་བསྡོགས་ཀྱི་ཏིང་འཛིན་བསྒོམས་པ་ལ་བརྟེན་ནས། ཁམས་གོང་མ་གཟུགས་དང་གཟུགས་མེད་དུ་སྐྱེ་འགྱུར་གྱི་ལས་རྣམས་ཡིན། ཡང་ལས་ལ་དབྱེ་ན་ཟག་བཅས་ཀྱི་ལས་དང་ཟག་མེད་ཀྱི་ལས་དང་། དེ་གཉིས་གང་རུང་མ་ཡིན་པའི་ལས་སོགས་དུ་མར་ཞིག་ཡོད་དོ། གསུམ་པ་རྣམ་ཤེས་ལ་མཚན་ཉིད་དང་དབྱེ་བ་ངེས་ཚིག་བྱེད་ལས་སོ། དང་པོ་མཚན་ཉིད་ནི། རང་དང་ཚར་གཅིག་པའི་འཕེན་བྱེད་ལས་ཀྱི་བག་ཆགས་བགོ་གཞི་དང་འཕང་འབྲས་ཅི་རིགས་ཀྱིས་བསྡུས་པའི་རིགས་སུ་གནས་པའི་ཡིད་ཤེས་དེ། གཉིས་པ་ནི། རྣམ་པར་ཤེས་པ་བཅུ་གཉིས་སྟོན། ཞེས་པ། གཟུགས་ལ་ཡིད་ཀྱིས་སོ་སོར་གཅོད་པའི་མིག་ཤེས་ནི། དེ་མ་ཐག་རྐྱེན་ཡིད་ཤེས་བཞིན་དུ་གཟུགས་ཀྱི་རྣམ་པ་སོ་སོར་ཤེས་པ་དང་། སྒྲ་ལ་ཡིད་ཀྱིས་སོ་སོར་གཅོད་པའི་རྣམ་ཤེས་ནི་དེ་མ་ཐག་རྐྱེན་ཡིད་ཤེས་བཞིན་དུ་སྒྲའི་རྣམ་པ་སོ་སོར་ཤེས་པ་དང་། རོ་ལ་ཡིད་ཀྱིས་སོ་སོར་གཅོད་པའི་ལྕེ་ཤེས་ནི། དེ་མ་ཐག་རྐྱེན་ཡིད་ཤེས་བཞིན་དུ་རེག་དང་། བོན་ལ་ཡིད་ཀྱིས་སོ་སོར་གཅོད་པའི་ཡིད་ཤེས་ནི། དེ་མ་ཐག་རྐྱེན་ཡིད་ཤེས་སྔ་མ་ལ་སོགས་ཇི་བཞིན་དུ་བོན་གྱི་རྣམ་པ་ཀུན་སོ་སོར་གཅོད་པའི་རྣམ་ཤེས་དང་། ཡང་ན་གཟུགས་ལ་ཡིད་ཀྱིས་སོ་སོར་གཅོད་པའི་ཚུལ་ནི། མིག་ཤེས་ནི་རང་གི་དེ་མ་ཐག་རྐྱེན་ཡིད་ཤེས་བཞིན་དུ་སྐྱེ་ན་གཟུགས་ཀྱི་རྣམ་པར་ཤེས་པའོ། ཡིད་ལ་བོན་གྱི་རྣམ་པར་ཀུན་འབྱུང་དྲན་ཞིང་གསལ་བའི་རྣམ་ཤེས་ཀྱི་དེ་མ་ཐག་རྐྱེན་ནི། དྲན་པ་ཡིད་ཀྱི་རྣམ་པར་ཤེས་པ་སྔ་མ་ལ་སོགས་སོ། དེ་བཞིན་དུ་ཡིད་ལ་བདེ་སྡུག་ཀུན་ཚོར་བ་དང་། རོ་རྣམ་ཀུན་མྱོང་བ་དང་། དྲི་ཚོགས་ཀུན་ཚོར་བ་དང་། སྒྲ་ཚོགས་ཀུན་ཐོས་པ་དང་། གཟུགས་ཀུན་གསལ་བའི་རྣམ་ཤེས་ཀྱི་དེ་མ་ཐག་རྐྱེན་ནི་རིམ་པ་བཞིན་དུ། རེག་ཚོར་ལུས་ཀྱི་རྣམ་ཤེས་དང་། རོ་མྱོང་ལྕེའི་རྣམ་ཤེས་དང་། དྲི་ཚོར་སྣའི་རྣམ་ཤེས་དང་། སྒྲ་ཐོས་རྣའི་རྣམ་ཤེས་དང་། གཟུགས་ཀུན་གསལ་བ་མིག་གི་རྣམ་ཤེས་སྔ་མ་ལ་སོགས་སོ། ཞེས་གསུངས གསུམ་པ་ནི། ཡུལ་སོ་སོའི་རྣམ་པར་ཤེས་པས་ནའོ། བཞི་པ་ནི། བྱེད་ལས་མིང་གཟུགས་ལ་སོགས་སྐྱེད་པར་བྱེད་དོ། ཡང་ན་རྒྱུ་དུས་ཀྱི་རྣམ་ཤེས་དང་འབྲས་དུས་ཀྱི་རྣམ་ཤེས་གཉིས་ཡོད། དང་པོ་ནི་ལས་ཀྱི་བག་ཆགས་བཞག་མ་ཐག་པའི་རྣམ་ཤེས་དེ་ཡིན། གཉིས་པ་ནི་འབྲས་བུ་གང་མྱོང་རྒྱུ་དེ་ཡང་རྣམ་ཤེས་རང་གི་སྟེང་དུ་མྱོང་བ་ཡིན་པས་དེ་ལ་ཟེར། བཞི་པ་མིང་གཟུགས་ལ། མཚན་ཉིད་དང་དབྱེ་བ་ངེས་ཚིག་བྱེད་ལས་སོ། དང་པོ་མིང་གཟུགས་ཀྱི་མཚན་ཉིད་ནི། རང་དང་ཚར་གཅིག་པའི་གསུམ་པ་རྣམ་ཤེས་ཀྱི་སྟེང་གི་ས་བོན་སྨིན་པའི་རྣམ་སྨིན་གྱི་གཙོ་བོ་གང་ཞིག ལས་དེའི་འཕང་བའི་ཡན་ལག་བཞིའི་དང་པོའི་རིགས་གནས་ཀྱི་ཉེ་བར་ལེན་པའི་ཕུང་པོ་དེ། གཉིས་པ་ནི། མིང་དང་གཟུགས་ནི་བཅུ་གཉིས་སྟོན། ཞེས་པ། རྗེས་སུ་དྲན་པ་འགྲོ་འདོགས་པ།། རྒྱུ་བའི་མིང་དང་གཟུགས་སུ་སྟོན། ། ཀུན་གྱི་གཞི་གྱུར་འདོགས་བྱེད་པ། ། སོགས་པའི་མིང་དང་གཟུགས་སུ་སྟོན། ། ཡིད་ཀྱི་འདོགས་དང་མཐོང་གཅོད་པ། ། གཅོད་པའི་མིང་དང་གཟུགས་སུ་སྟོན། ། མཁའ་ལ་རྟེན་བཅས་ཡིད་ཀྱིས་དམིགས། ། རྟེན་པའི་མིང་དང་གཟུགས་སུ་སྟོན། ། མཁའ་ལ་འོད་ལྟར་འདོགས་བྱེད་པ། ། ཚོར་བའི་མིང་དང་གཟུགས་སུ་སྟོན། ། ཇི་བཞིན་ཡིད་ཀྱིས་བླང་བར་འདོགས། ། ལེན་པའི་མིང་དང་གཟུགས་སུ་སྟོན། ། ཡིད་ལ་བདེ་ཉམས་འདོགས་བྱེད་པ། ། དྲན་པའི་མིང་དང་གཟུགས་སུ་སྟོན། ། དེ་བཞིན་ཀུན་ཀྱང་དགའ་བདེར་འདོགས། ། བྲོད་པའི་མིང་དང་གཟུགས་སུ་སྟོན། ། སེམས་དང་ཡིད་ཀྱིས་ཀུན་འདོགས་པ། ། གདགས་པའི་མིང་དང་གཟུགས་སུ་སྟོན། ། ཉོན་མོངས་དྲི་མ་ཀུན་སྤངས་པ། ། དག་པའི་མིང་དང་གཟུགས་སུ་སྟོན། ། ཀུན་ནས་སྦྱོར་ཅིང་འབྲེལ་བར་བྱ། ། འགོག་པའི་མིང་དང་གཟུགས་སུ་སྟོན། ། ཀུན་ལ་གསལ་ཞིང་རྒྱ་ཆེར་སྟོན། ། ཁྱབ་པའི་མིང་དང་གཟུགས་སུ་སྟོན། ། གསུམ་པ་ནི། མིང་གཞི་གཟུགས་ཀྱི་ཕུང་པོ་འབྲེལ་བས་ནའོ། བཞི་པ་ནི། བྱེད་ལས་སྐྱེ་མཆེད་དྲུག་ལ་སོགས་སྐྱེད་པར་བྱེད་པའོ། ལྔ་པ་སྐྱེ་མཆེད་ལ་མཚན་ཉིད་དང་དབྱེ་བ་ངེས་ཚིག་བྱེད་ལས་སོ། དང་པོ་སྐྱེ་མཆེད་མཚན་ཉིད་ནི། རང་དང་ཚར་གཅིག་པའི་གསུམ་པ་རྣམ་ཤེས་ཀྱི་སྟེང་གི་ས་བོན་སྨིན་པའི་སྐྱེ་སྲིད་ཁྱད་པར་རྫོགས་པའི་ཕུང་པོ་གང་ཞིག ལས་དེས་འཕང་བའི་མིག་དབང་གཟུགས་ཅན་སོགས་ཡན་ལག་བཞིའི་གཉིས་པའི་རིག་གནས་ཀྱི་ཉེ་བར་ལེན་པའི་ཕུང་པོ་དེ། གཉིས་པ་ནི། བོན་གྱི་སྤྱན་ལྡན་ཆེན་པོ་འགྲོ་མགོན་རྒྱལ་མཚན་གྱིས་མཛོད་འགྲེལ་དང་།རྒྱལ་བ་གཉིས་པ་རྗེ་རིན་པོ་ཆེས་མཛོད་འགྲེལ་ལས། སྐྱེ་མཆེད་རྣམ་པ་བཅུ་གཉིས་སྟོན། ཞེས་པས་གཟུགས་ཀུན་གསལ་བའི་མཁའ་ལ་མངོན་རྟོགས་སྤྲོ་ཞིང་འདུ་བའི་བདག་རྐྱེན་ནི། གསལ་བ་མིག་གི་སྐྱེ་མཆེད་དང་། ཁ་དོག་ལ་སོགས་སྣང་ཡོར་གྱི་དངོས་པོར་འཛིན་པའི་མངོན་རྟོགས་སྤྲོ་ཞིང་འདུ་བའི་དམིགས་རྐྱེན་ནི། དངོས་འཕེལ་གཟུགས་ཀྱི་སྐྱེ་མཆེད་དང་། སྒྲ་ཀུན་ཐོས་པའི་མཁའ་ལ་དང་། སྣང་ཡོར་ཀྱི་དངོས་མེད་ཅིར་ཡང་སྤྲོ་འདུ་བ་ལ་སོགས་རྣམ་པར་བཅུ་གཉིས་སུ་གསུངས་པའི་ཕྱིར། གསུམ་པ་ནི། མངོན་རྟོགས་སྐྱེ་ཞིང་མཆེད་པས་ནའོ། བཞི་པ་ནི། བྱེད་ལས་རེག་པ་ལ་སོགས་སྐྱེད་པར་བྱེད་དོ། དྲུག་པ་རེག་པའི་རྟེན་འབྲེལ་ལ་མཚན་ཉིད་དང་དབྱེ་བ་ངེས་ཚིག་བྱེད་ལས་སོ། དང་པོ་རེག་པའི་མཚན་ཉིད་ནི། ཡན་ལག་ལྔ་བའི་ཡུལ་དབང་རྣམ་ཤེས་གསུམ་འདུས་པའི་རྐྱེན་གྱིས་ཡུལ་ཡིད་འོང་སོགས་ཅི་རིགས་རང་སྟོབས་ཀྱིས་གཅོད་པའི་ཉེར་ལེན་གྱི་ཕུང་པོ་གྱུར་བའི་སེམས་བྱུང་དེ། གཉིས་པ་ནི། རེག་པ་རྣམ་པ་བཅུ་གཉིས་སྟོན། ཞེས་པས་གཟུགས་ཀྱི་རྣམ་པ་སྡུག་པས་ཡིད་ལ་རེག་ཅིང་འཕྲད་པས། དེ་བཞིན་དུ་གཟུགས་མཛེས་ཀྱི་རེག་པ་འཛིན་པའི་སེམས་དཔངས་སྤྲོ་ཞིང་མཐོ་བར་སྐྱེའོ། གཟུགས་ཀྱི་རྣམ་པ་མི་སྡུག་པས་ཡིད་ལ་རེག་ཅིང་འཕྲད་པས། དེ་བཞིན་དུ་གཟུགས་མི་སྡུག་པའི་རེག་པ་འཛིན་པས་སེམས་བྱིང་ཞིང་ཞུམ་པ་སྐྱེ་བ་སོགས་རྣམ་པར་བཅུ་གཉིས་སུ་གསུངས་སོ། ཡང་ན་རང་ཡིན་གྱི་མིག་གི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་བར་དྲུག་ཡོད། བསྡུས་ན་ཐོག་བཅས་ཀྱི་རེག་པ་དང་། ཐོག་མེད་ཀྱི་རེག་པ་གཉིས། དང་པོ་ལྔ་ཐོག་བཅས་ཀྱི་དབང་པོ་ལ་བརྟེན་ཅིང་དྲུག་པ་ཐོག་མེད་ཀྱི་དབང་པོ་ལ་བརྟེན་པ་ཡིན་ནོ། འཕེན་བྱེད་བསོད་ནམས་ཀྱི་ལས་ཀྱི་འཕངས་འབྲས་ལ་རེག་པ་དྲུག་ཀ་ཡོད་ཀྱང་། ཁམས་གོང་མའི་སས་བསྡུས་ཀྱི་དྲི་རོ་མེད་པའི་ཕྱིར། སྣ་ལྕེའི་འདུས་ཏེ་རེག་པ་གཉིས་མེད་ལ་བསམ་གཏན་གཉིས་པ་ཡན་གྱི་མིག་རྣ་ལུས་ཀྱི་རེག་པ་གསུམ་ཡང་དང་པོའི་སས་བསྡུས་ཡིན་ཏེ། དེ་དག་རྟོག་དཔྱོད་མཚུངས་ལྡན་འབྱུང་ཞིང་། གཉིས་པ་ཡན་ལ་རྟོག་དཔྱོད་མེད་པའི་ཕྱིར། ཞེས་གསུངས། གསུམ་པ་ནི། རང་ཡུལ་མྱོང་ཞིང་ཚོར་བས་ནའོ། བཞི་པ། བྱེད་ལས་ནི་སྲེད་པ་ལ་སོགས་བསྐྱེད་དོ། བདུན་པ་ཚོར་བའི་རྟེན་འགྲེལ་ལ་རང་བཞིན་དང་དབྱེ་བ་ངེས་ཚིག་བྱེད་ལས་སོ། དང་པོ་ཚོར་བའི་མཚན་ཉིད་ནི། རང་དང་ཚར་གཅིག་པའི་དྲུག་པ་རེག་པའི་རྐྱེན་གྱིས་དེས་ཡོངས་སུ་བཅད་ཡུལ་གསུམ་ཅི་རིགས་སྟོབས་ཀྱིས་མྱོང་བའི་མྱོང་བར་གྱུར་པའི་ཉེར་ལེན་གྱི་ཕུང་པོ་དེ། གཉིས་པ་ནི། ཚོར་བ་རྣམ་པ་བཅུ་གཉིས་སྟོན། ཞེས་པས་གཟུགས་ཀུན་དག་པའི་རེག་པ་གསུམ་འདུས་ཡོངས་གཅོད་ལས་ཚོར་བ་བདེ་བ་འགག་ནས་འཕྲད་འདོད་དང་། གཟུགས་ཀུན་མ་དག་པའི་རེག་པ་གསུམ་འདུས་ཡོངས་གཅོད་ལས་ཚོར་བ་མི་བདེ་བ་བྱུང་ན་བྲལ་འདོད་སྐྱེའོ། དེ་བཞིན་དུ་སྒྲ་དག་པ་དང་། མི་སྙན་པ་སོགས་དབྱེ་བ་བཅུ་གཉིས་གསུངས་སོ། ཡང་ན་མིག་གི་འདུས་དེ་རེག་པའི་རྐྱེན་གྱི་ཚོར་བ་ནས། ཡིད་ཀྱི་འདུས་དེ་རིག་པའི་རྐྱེན་གྱི་ཚོར་བའི་བར་དྲུག་དང་། དེ་དྲུག་པོ་རེ་རེ་ལའང་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་རེ་ཡོད། གསུམ་པ་ངེས་ཚིག་ནི་རང་ཡུལ་མྱོང་ཞིང་ཚོར་བས་ནའོ། བཞི་པ་བྱེད་ལས་ནི་སྲེད་པ་ལ་སོགས་བསྐྱེད་དོ། ཞེས་གསུངས། ཐེག་འགྲེལ་ལས། ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས། བརྒྱད་པ་སྲེད་པའི་རྟེན་འབྲེལ་ལ་རང་བཞིན་དང་དབྱེ་བ་ངེས་ཚིག་བྱེད་ལས་སོ། དང་པོ་རང་བཞིན་ནི། ཚོར་བ་གསུམ་གང་རུང་ལ་དམིགས་ནས་སྐྱེས་ཤིང་བདེ་བ་དང་མི་འབྲལ་བ་དང་སྡུག་བསྔལ་དང་འབྲལ་བ་དང་། བཏང་སྙོམས་ལས་མི་ཉམས་པ་ཅི་རིགས་སུ་སྲེད་པའི་རིགས་གནས་གང་ཞིག ཚར་གཅིག་པའི་ལེན་པ་འདྲེན་བྱེད་ཀྱི་འདོད་ཆགས་དེ། སྲེད་པའི་རྟེན་འབྲེལ་གྱི་མཚན་ཉིད། གཉིས་པ་ནི། མཛོད་འགྲེལ་ལས། སྲེད་པ་རྣམ་པ་བཅུ་གཉིས་སྟོན། ཞེས་གསུངས། ཡང་ན་རང་ཡིན་གྱིས་ཡན་ལག་བདུན་པ་ཚོར་བ་བདེ་བའི་རྐྱེན་གྱིས་སྐྱེས་ཞིང་དེ་ལ་དམིགས་ནས་དེ་དང་ལྡན་པ་དང་མི་འབྲལ་བར་སྲེད་པ་དང་། ཡན་ལག་བདུན་པ་ཚོར་བ་སྡུག་བསྔལ་ལ་དམིགས་པའི་རྐྱེན་ལས་སྐྱེས་ཞིང་དེ་དང་འབྲལ་འདོད་ཀྱི་སྲེད་པ་དང་། ཡན་ལག་བདུན་པ་ཚོར་བ་བཏང་སྙོམས་ཀྱི་རྐྱེན་ལས་སྐྱེས་ཞིང་དེའི་གནས་སྐབས་གང་རུང་ལ་དམིགས་ནས་དེ་ལས་མི་ཉམས་པར་སྲེད་པ་གསུམ་ཡོད། ཁམས་ཀྱི་སྒོ་ནས་དབྱེ་ན་འདོད་པ་ན་སྤྱོད་པའི་སྲེད་པ་དང་། གཟུགས་ན་སྤྱོད་པའི་སྲེད་པ་དང་། གཟུགས་མེད་ན་སྤྱོད་པའི་སྲེད་པ་གསུམ་ཡོད། གསུམ་པ་ནི་ཚོར་བ་ལ་ཆགས་ཤིང་སྲེད་པས་ནའོ། བཞི་པ་བྱེད་ལས་ནི་ལེན་པ་ལ་སོགས་བསྐྱེད་དོ། དགུ་པ་ལེན་པའི་རྟེན་འབྲེལ་ལ་མཚན་ཉིད་དང་དབྱེ་བ་ངེས་ཚིག་བྱེད་ལསོ། དང་པོ་མཚན་ཉིད་ནི། རང་དང་ཚར་གཅིག་པའི་བརྒྱད་པ་སྲེད་པའི་རྐྱེན་གྱིས་བྱུང་ཞིང་། ཚོར་བ་ཅི་རིགས་དང་ལྡན་པའམ་འབྲལ་བའམ་མི་འབྲལ་བའི་ཆེད་དུ་འདོད་ཡོན་སོགས་ཅི་རིགས་ལ་ལྷག་པར་ཆགས་པའི་སྒོ་ནས་རང་དང་ཚར་གཅིག་པའི་ལས་ལ་གསོས་འདེབས་བྱེད་ཀྱི་སྲེད་པ་དེ། གཉིས་པ་ནི། མཛོད་འཕྲུལ་སྒྲོན་ལས། ལེན་པ་རྣམ་པ་བཅུ་གཉིས་སྟོན། ཞེས་གསུངས། ཡང་ན་རང་ཡིན་གྱི་འདོད་པ་ཉེ་བར་ལེན་པ་དང་། ལྟ་བ་ཉེ་བར་ལེན་པ་དང་། ལྟ་ངན་དང་འབྲེལ་བའི་ཚུལ་ཁྲིམས་དང་བརྟུལ་ཞུགས་ཉེ་བར་ལེན་པ་དང་། བདག་སྨྲ་ཉེ་བར་ལེན་པ་བཞི་ཡོད། གསུམ་པ་ངེས་ཚིག་ནི། འདོད་པའི་དོན་ལ་ཉེ་བར་རྒྱུག་ཅིང་མྱུར་དུ་ལེན་པས་ནའོ། བཞི་པ་བྱེད་ལས་ནི། སྲིད་པ་ལ་སོགས་བསྐྱེད་དོ། བཅུ་པ་སྲིད་པའི་རྟེན་འབྲེལ་ལ། ཐེག་འབྲེལ་ལས། ལེན་པའི་རྐྱེན་གྱིས་སྲིད་པ། ཞེས་དང་། མཛོད་འགྲེལ་ལས། ཕོ་མོ་འཁྲིག་པས་སྐྱེ་བའི་དངོས་རྒྱུ་བྱེད་པ་ལྟར་སྲིད་པ་ཀྱང་ཡང་སྲིད་ཀྱི་ནུས་པ་མཐུ་ཅན་དུ་འགྱུར་བས། སྲིད་པ་ཕོ་མོ་འཁྲིག་ཆགས་འདྲ་ཞེས་བྱའོ ། དེ་ལ་རང་བཞིན་དང་དབྱེ་བ་ངེས་ཚིག་བྱེད་ལསོ།། དང་པོ་ནི། རང་དང་ཚར་གཅིག་པའི་འཕེན་བྱེད་ལས་ལ་སྲེད་ལེན་གྱིས་གསོས་བཏབ་སྟེ་ཡངང་སྲིད་འགྲུབ་པའི་ནུས་པ་མཐུ་ཅན་དུ་སོང་བའི་རིགས་གནས་ཀྱི་ལས་དེ་བཅུ་པ་སྲིད་པའི་རྟེན་འབྲེལ་གྱི་མཚན་ཉིད། རིགས་གནས་སྨོས་པས་མཚམས་མེད་སོགས་ལས་སྟོབས་ཅན་འགའ་ཞིག་གྲུབ་ཙམ་ནས་བཅུ་པ་ཡིན་པ་སྡུད། གཉིས་པ་ནི། མཛོད་འཕྲུལ་སྒྲོན་ལས། སྲིད་པ་རྣམ་པ་བཅུ་གཉིས་སྟོན། ། ཞེས་གསུངས། ཡང་ན་ཁམས་གསུམ་གྱི་ཡན་ལག་བཅུ་བ་སྲིད་པའི་རྟེན་འབྲེལ་གསུམ་དང་། ངོ་བོའི་སྒོ་ནས་བག་ཆགས་གཉིས་ཡོད་འདི་ལ་མདོ་ལས། སྐྱེ་བའི་རྒྱུ་ནི་ལས་ཡིན་ནོ། ། མངོན་པར་འགྲུབ་པའི་རྒྱུ་ནི་སྲེད་པ་ཡིན་ཞེས་གསུངས་པ་ལྟར། དཔེར་ན། ས་ལུད་གྲོ་ནས་སོགས་ཀྱི་མྱུ་གུ་སྣ་ཚོགས་འབྱུང་བ་ནི་རང་རང་གི་ས་བོན་གྱིས་བྱས་ལ། དེ་ལའང་རླན་མེད་ན་མི་འགྲུབ་པས་ཆུ་ཡིས་བྱེད་པ་ཡིན་ཏེ། མདོ་འགྲེལ་ལས། མེད་པར་ནི་ལུས་སྣ་ཚོགས་མི་འགྱུར་ལ་སྲེད་པ་མེད་པ་ལ་ནི་མངོན་པར་གྲུབ་པར་ཉིད་དུ་མི་འགྱུར་ཞེས་དང་། དེའི་ཚེ་རྣམ་པར་ཤེས་པ་ལ་ལེན་པ་མེད་ན་ལས་དག་སྲིད་པ་ཡིན་པར་མི་འགྱུར་ཏེ། ཇི་ལྟར་དགྲ་བཅོམ་པ་བཞིན་ནོ་ཞེས་དང་། མེ་སྟོན་གྱིས་ལེན་པ་འདུན་པའི་ཡུལ་ཉིད་ཉེ་བར་ལེན། སྲིད་པ་ཡང་སྲིད་འགྲུབ་པའི་ནུས་པ་ཅན་ཞེས་གསུངས་པའི་ཕྱིར། གསུམ་པ་ངེས་ཚིག་ནི། རྒྱུ་ལས་གྲུབ་ཅིང་སྲིད་པས་ནའོ། བཞི་པ་བྱེད་ལས་ནི། སྐྱེ་བ་ལ་སོགས་བསྐྱེད་དོ། བཅུ་གཅིག་པ་སྐྱེ་བའི་རྟེན་འབྲེལ་ལ། ཐེག་འགྲེལ་ལས། སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་དང་། བཀའ་བརྟེན་སུམ་བརྒྱ་པ་ལས། སྐྱེ་བ་སྐྱེ་བའི་གནས་ལ་ཉིང་མཚམས་སྦྱོར། ཞེས་གསུངས། དེ་ལ་མཚན་ཉིད་དང་དབྱེ་བ་ངེས་ཚིག་བྱེད་ལསོ། དང་པོ་ནི། རང་དང་རྟེན་འབྲེལ་ཚར་གཅིག་པའི་སྲེད་ལན་སྲིད་པ་གསུམ་གྱི་གྲུབ་འབྲས་ཀྱི་ཡན་ལག་གཉིས་པོ་གང་རུང་གང་ཞིག་འགྲོ་བ་རིགས་དྲུག་ཅི་རིགས་པའི་སྐྱེ་བའི་རིས་མཐུན་གྲུབ་ཟིན་མ་དོར་བའི་ཉེར་ལེན་གྱི་ཕུང་པོ་དེ། སྐྱེ་བའི་རྟེན་འབྲེལ་མཚན་ཉིད། གཉིས་པ་ནི། མཛོད་འཕྲུལ་སྒྲོན་ལས། སྐྱེ་བ་རྣམ་པ་བཅུ་གཉིས་སྟོན། ཅེས་གསུངས། མདོ་ལས་འདིར་གང་སྐྱེ་བ་དང་། ཤིན་ཏུ་སྐྱེ་བ་དང་། འཕོས་པ་དང་། མངོན་པར་འབྱུང་བ་དང་། རབ་ཏུ་བྱུང་བ་ཞེས་ལྔ་གསུངས་ཤིང་། ངོ་བོའི་སྒོ་ནས་ཕུང་པོ་སོ་སོར་ཐོབ་པ་དང་། ཁམས་སོ་སོར་ཐོབ་པ་དང་། སྐྱེ་མཆེད་སོ་སོར་ཐོབ་པ་དང་གསུམ་སྐྱེ་བ་ཇི་ལྟར་གྲུབ་ཚུལ་གྱི་སྒོ་ནས་གཉིས་ཡོད། དང་པོ་ནི། འཕེན་བྱེད་ལས་ཀྱི་འཕངས་འབྲས་ཀྱི་འགྲོ་བ་ལྔའི་ཉེར་ལེན་གྱི་ཕུང་པོ་གསར་དུ་བྱུང་བ་དེ་བོན་ཅན། བཅུ་གཅིག་པ་སྐྱེ་བའི་རྟེན་འབྲེལ་ཡིན་ཏེ། མདོ་ལས། ཕུང་པོ་རྣམས་མངོན་པར་འགྲུབ་པ་ཞེས་པའི་དངོས་བསྟན་དེ་ཡིན་པའི་ཕྱིར། དེ་ཉིད་ལས་དེ་ལ་ཕུང་པོ་གསར་དུ་བྱུང་བ་ནི་མངོན་པར་གྲུབ་པ་ཡིན་ནོ། ཞེས་གསུངས་སོ། གཉིས་པ་ནི། འཕེན་བྱེད་ལས་ཀྱི་འཕངས་འབྲས་ཀྱི་འགྲོ་བ་ལྔའི་སྲོག་དབང་བོན་ཅན། བཅུ་གཅིག་པ་སྐྱེ་བའི་རྟེན་འབྲེལ་ཡིན་ཏེ། མདོ་ལས་སྲོག་གི་དབང་པོ་རབ་ཏུ་སྐྱེས་པ་འདི་ནི་སྐྱེ་བ་ཞེས་བྱའོ། ཞེས་པའི་དངོས་བསྟན་གྱི་དེ་ཡིན་པའི་ཕྱིར། དེ་ཉིད་གང་གི་རིས་མཐུན་དེར་མངོན་པར་བྱུང་སྟེ་ཕུང་པོའི་རྒྱུན་འཇུག་ཅིང་གནས་པ་སྟེ། གནས་པ་དེ་ཡང་སྲོག་ཅེས་བྱའོ། ཞེས་གསུངས་པའི་ཕྱིར། མཛོད་ཀུན་བཏུས་ལས། སྲོག་དང་ལུས་དང་དབང་ཐང་གསུམ། ། དེ་བཞིན་གཅིག་གིས་གཅིག་བསྐྱེད་དོ། ། ས་བོན་འབྲས་བུའི་རིམ་པ་བཞིན། ། མ་རིག་རྒ་ཤིའི་བར་དུ་འདྲ། ། ཞེས་གསུངས། མཛོད་འགྲེལ་ལས། ལས་དབང་ཚན་ཅན་མེད་པའི་བདེ་འགྲོ་རྣམས་ནི། སྲོག་གི་སྲིད་པའི་དབུགས་རྒྱན་དང་། ལུས་ཟིན་པའི་སྣང་ཕོད་དང་། དབང་ཐང་དགེ་བའི་བསོད་རྣམས་གསུམ་འཛོམས་པས་གནས་པ་སྟེ། དབང་ཐང་གིས་སྲོག་འཛིན་སྲོག་གིས་ལུས་ཟུངས་སྤེལ་བའོ། ཞེས་གསུངས་པའི་ཕྱིར། ཡང་འགྲོ་བའི་སྒོ་ནས་དབྱེ་ན་རིགས་དྲུག་གི་སྐྱེ་བའི་རྟེན་འབྲེལ་དྲུག་དང་། སྐྱེ་གནས་ཀྱི་སྒོ་ནས་མངལ་སྐྱེ། སྒོང་སྐྱེས། དྲོད་གཤེར་སྐྱེས། བརྫུས་སྐྱེས་ཀྱི་བཅུ་གཅིག་པ་རྟེན་འབྲེལ་དང་། ཁམས་ཀྱི་སྒོ་ནས་ཁམས་གསུམ་གྱི་དེ་གསུམ་ཡོད། གསུམ་པ་ངེས་ཚིག་ནི། མཛོད་འཕྲུལ་སྒྲོན་ལས། སྔར་མེད་གསར་སུ་འབྱུང་བ་དང་ཆུང་ངུ་ལས་ཆེན་པོར་སྐྱེ་བས་ནའོ། བཞི་པ་བྱེད་ལས་ནི་རྒ་ཤི་བསྐྱེད་པར་བྱེད་དོ། བཅུ་གཉིས་པ་རྒ་ཤི་རྟེན་འབྲེལ་ལ། ཐེག་འགྲེལ་ལས། སྐྱེ་བའི་རྐྱེན་གྱིས་རྒ་ཤི། ཞེས་དང་། མཛོད་ཀུན་བཏུས་ལས། མ་རིག་རྒ་ཤིའི་བར་དུ་འདྲ། རྒྱུ་ནི་བྱ་བའི་ཉེར་ལེན་གཙོ། རྐྱེན་ནི་ལྷན་ཅིག་བྱེད་པའི་གྲོགས། ཞེས་བྱ་བའི་རྒ་ཤི་དེ་ལ། མཚན་ཉིད་དང་དབྱེ་བ་ངེས་ཚིག་བྱེད་ལསོ། དང་པོ་ནི། སྐྱེ་སྲིད་གྲུབ་པའི་ཕུང་པོའི་རིས་མཐུན་སྨིན་ཅིང་ན་ཚོད་གཞན་དུ་གྱུར་བའི་ཆ་ནས་བཞག་པའི་ཉེར་ལེན་གྱི་ཕུང་པོ་དེ་ཡན་ལག་བཅུ་གཉིས་པ་རྒ་བའི་རྟེན་འབྲེལ་གྱི་མཚན་ཉིད། གཉིས་པ་ནི། རྗེ་རིན་པོ་ཆེས་མཛོད་འཕྲུལ་སྒྲོན་ལས། རྒ་ཤི་རྣམ་པ་བཅུ་གཉིས་སྟོན། ཞེས་པ་ཚེའི་མིག་གིས་དུས་ཐིམ་པ་དང་ཚེ་ཟད་ཀྱི་སྙེགས་བྱུང་བའི་དབང་གིས་རྒས་ཤིང་ཤི་བར་གྱུར་པ་དང་། བསོད་ནམས་ཀྱི་ལས་ཟད་པ་དང་སྲོག་གཅོད་ལ་སོགས་ཀྱི་ལས་དབང་བྱུང་བ་དང་། འཕྲལ་དང་མོད་ཀྱི་འགལ་རྐྱེན་དགྲ་དང་བགེགས་ཀྱི་བར་ཆད་བྱུང་བ་དང་། ཡུན་རིང་དང་ཡུན་ཐུང་ངུ་བ་སོགས་པའི་སྔོན་གྱི་སྒྲིབ་པའི་དབང་གིས་དང་། ཚེ་དང་བསོད་ནམས་ཀྱི་རྒྱུན་ནི་དབུགས་དང་དགེ་བའི་རྒྱུན་ཆད་པ་དང་། སྲོག་གི་རྣམ་སྨིན་བག་ཆགས་དང་ལུས་ལང་ཚོའི་དབང་ཞན་པ་དང་། འདོད་ཡོན་གྱི་བསླུ་བ་ལྷའི་བུའི་བདུད་བྱུང་བ་དང་། གཟུགས་ཀྱི་ཕུང་པོ་ལ་སོགས་ཞུམ་པའི་བདུད་བྱུང་བ་དང་། ཉོན་མོངས་ཞེ་སྡང་ལ་སོགས་ལས་གྱུར་པའི་བདུད་བྱུང་བ་དང་། སྲོག་གི་ལན་ཆགས་དབང་བ་འཆི་བདག་གི་བདུད་བྱུང་བ་དང་། འཇིག་རྟེན་གྱི་སྡུག་བསྔལ་དང་འདུ་འཛི་གཉིས་ལས་གྱུར་པའི་བདུད་བྱུང་བ་དང་། འདུ་བའི་ནད་དང་རིམས་ལས་གྱུར་པའི་བདུད་བྱུང་བས་རྒས་ཤིང་ཤི་བར་གྱུར་པའོ། གསུམ་པ་ངེས་ཚིག་ནི། རྒུད་ཅིང་རྒྱུད་ཆད་པས་ནའོ། བཞི་པ་བྱེད་ལས་ནི། སྡུག་བསྔལ་ལ་སོགས་མྱོང་བར་བྱེད་དོ། སྐྱེ་སྲིད་དུ་ཉིང་མཚམས་སྦྱར་བའི་ཕུང་པོའི་རིགས་མཐུན་འདོར་བཞིན་པའི་ཆ་དེ། ཡན་ལག་བཅུ་གཉིས་པ་ཤི་བའི་རྟེན་འབྲེལ་གྱི་མཚན་ཉིད། དབྱེ་ན་བཅུ་ཡོད་དེ། འགྲོ་བ་ལྔ་པོ་གང་རུང་སྐྱེ་སྲིད་གྲུབ་པ་ན་འགྲོ་བ་དེའི་ཚེའི་རིས་མཐུན་གྲུབ་པ་ཡིན་ལ། ནམ་ཞིག་འགྲོ་བ་ལྔ་པོ་གང་རུང་གི་རིས་མཐུན་དེ་དོར་ནས་རིས་མཐུན་དེ་དང་བྲལ་བ་ནི་རིས་མཐུན་དེ་ལཐས་འཕོ་བའི་ཤི་བ་དང་། འགྲོ་བ་ལྔ་གང་རུང་གི་རིས་མཐུན་འདོར་བནཡེད་ཀྱི་མགོ་བརྩམ་པ་ནས་མཇུག་རྫོགས་བར་གྱི་སྲིད་པའི་འགྲོ་བ་དེའི་རིས་མཐུན་འདོར་བཞིན་པ་འཕོ་པའི་ཤི་བ་དང་། འགྲོ་བ་ལྔ་པོ་གང་རུང་གི་ཉེར་ལེན་གྱི་མིང་དང་གཟུགས་གཉིས་ཀྱི་རྟེན་དང་བརྟེན་པའི་འབྲེལ་བ་ཆད་པ་སྟེ་ཞིག་པའི་ཤི་བ་དང་། འགྲོ་བ་ལྔ་པོ་གང་རུང་གི་དབང་པོ་གཟུགས་ཅན་ལྔ་རྫོགས་པར་འགག་པ་སྟེ་དབང་པོ་གཟུགས་ཅན་ལྔ་ཉམས་པའི་ཤི་བ་དང་། འགྲོ་བ་ལྔ་པོ་དེའི་སྔོན་གྱི་ལས་ཀྱིས་འཕངས་པའི་ཚེ་ཟད་པ་སྟེ། ཉམས་ནས་འཆི་བར་བརྩམ་ལ་མཇུག་མ་རྫོགས་པ་ཚེ་ཉམས་པའི་ཤི་བ་དང་། ལུས་ཀྱི་དྲོད་ཡལ་བར་བརྩམ་པ་དྲོད་ཉམས་པའི་ཤི་བ་དང་། འགྲོ་བ་ལྔའི་སྲོག་དབང་འགག་པའི་ཤི་བ་དང་། འགྲོ་བ་ལྔ་པོའི་རྣམ་པར་ཤེས་པའི་ཉེར་ལེན་གྱི་གཟུགས་ཕུང་དོར་བའི་ཤི་བ་དང་། འགྲོ་བ་ལྔའི་རིས་མཐུན་འདོར་བཞིན་པའི་འཆི་སྲིད་པ་དུས་མ་ཡིན་པའི་འཆི་བ་སྟེ་ཉེ་བར་འཆི་བར་བྱེད་པའི་ཤི་བ་དང་། འགྲོ་བ་ལྔའི་འཆི་སྲིད་རྫོགས་པ་ནི་འཆི་བའི་དུས་རྫོགས་པའི་ཤི་བ་དང་བཅུ་ཡོད་པའི་ཕྱིར། ། དེ་ལྟར་རྟེན་འབྲེལ་ཡན་ལག་བཅུ་གཉིས་པོ་འདིས་རང་ཅག་རྣམས་སྲིད་པའི་གནས་རིས་སུ་འཁོར་ལོ་བསྐོར་བཞིན་འཁོར་བ་སྟེ། གསུམ་པ་དེ་དག་མདོར་བསྡུས་ན་བཞིར་འདུ་སྟེ། མ་རིག་འདུ་བྱེད། རྣམ་ཤེས་གསུམ་ནི་འཕེན་བྱེད་ཀྱི་ཡན་ལག་དང་། སྲེད་ལེན་སྲིད་པ་གསུམ་ནི་འགྲུབ་བྱེད་ཀྱི་ཡན་ལག་དང་། མིང་གཟུགས་སོགས་འཕངས་འབྲས་ཀྱི་ཡན་ལག་དང་། སྐྱེ་བ་དང་རྒ་ཤི་གཉིས་གྲུབ་འབྲས་ཀྱི་ཡན་ལག་གོ ། གཉིས་སུ་འདུ་ཚུལ་ནི། མ་རིག་དང་། འདུ་བྱེད་དང་རྣམ་ཤེས། སྲེད་པ་དང་ལེན་པ་དང་སྲིད་པ་སྟེ་དྲུག་ནི་རྒྱུ་དུས་ཀྱི་ཡན་ལག་དང་། ལྷག་མ་དྲུག་ནི་འབྲས་དུས་ཀྱི་ཡན་ལག་གོ ། གང་ཟག་གཅིག་འཁོར་བར་སྐྱེ་བ་ལེན་པ་ལ་རྒྱུ་འབྲས་ཚར་གཉིས་པོ་དེ་ཚང་བའི་སྒོ་ནས་ལེན་དགོས ། དེ་ཡང་ཚེ་གཉིས་ལ་རྫོགས་པ་དང་། ཚེ་གསུམ་ལ་རྫོགས་ཚུལ་གཉིས་ཡོད། ཚེ་གཅིག་དང་། བཞི་ལ་སོགས་པ་ལ་རྫོགས་པ་མི་སྲིད། དེ་ཡང་སེམས་ཀྱི་གནས་ལུགས་མ་མཐོང་ན་ཡང་ཚེ་སྟོད་བླ་མས་དགེ་སྡིག་གི་ཁེ་ཉན་བཤད་པས། རང་ཉིད་ཚེ་ཕྱི་མར། མི་ལུས་ཞིག་ཐོབ་པ་ཨེ་ཡོང་སྙམ་ནས་སྦྱིན་པ་གཏོང་བ་དང་ཚུལ་ཁྲིམས་བསྲུང་བ་དང་། བཟོད་པ་བསྒོམ་པ་སོགས་དགེ་བ་བྱས་པ་དེ་འདུ་བྱེད་ཀྱི་རྟེན་འབྲེལ ། དེའི་བག་ཆགས་རྣམ་ཤེས་ཀྱི་སྟེང་དུ་བཞག་པ་རྣམ་ཤེས་ཀྱི་རྟེན་འབྲེལ ། དེ་ནས་དེ་ཐོབ་ན་ཅི་མ་རུང་སྙམ་ནས་ཕྱག་སྐོར་བྱེད་པ་དང་། སྨོན་ལམ་འདེབས་པ་ལྟ་བུ་ནི་སྲེད་པའི་རྟེན་འབྲེལ ། དེ་ལ་ཡང་དང་ཡང་དུ་ནན་ཏན་བྱེད་པ་ནི་ལེན་པའི་རྟེན་འབྲེལ ། དེ་ལས་ལས་དེ་ནུས་པ་མཐུ་ཅན་དུ་གྱུར་པ་ནི་སྲིད་པའི་རྟེན་འབྲེལ ། དེ་ནས་ཡང་སྲིད་ཕྱི་མ་གྲུབ་སྟེ། རྒ་ཤིའི་རྟེན་འབྲེལ་གྱི་བར་འབྱུང་བ་ནི་ཚེ་གཉིས་ལ་རྫོགས་ཚུལ་དང་། ཡང་མི་དགེ་བའི་ལས་བླ་མ་དང་དཀོན་མཆོག་ལ་སྐུར་བ་འདེབས་པ་དང་། ཕ་མ་དང་དགེ་འདུན་གྲུབ་མཐའ་ལ་སྐུར་བ་འདེབས་པ་སོགས་སྡིག་པའི་ལས་ཚབ་པོ་ཆེ་བྱས། དེའི་བག་ཆགས་རྣམ་ཤེས་ལ་བཞག འཆི་ཁར་དགེ་བའི་ལས་ཀྱི་བག་ཆགས་ལྟ་བུ་ཞིག་ལ་སྲེད་ལེན་གྱིས་གསོས་བཏབ། ཚེ་དེ་ལ་མི་དགེ་བའི་ལས་དེ་ཉིད་མ་སྨིན་པར། ལས་གཞན་ཞིག་གི་དབང་གིས་བདེ་འགྲོ་ལྟ་བུར་སྐྱེ་བ་བླངས། རྟེན་དེ་ལ་སྔར་གྱི་མི་དགེ་བའི་ལས་དེའི་བག་ཆགས་ལ་སྲེད་ལེན་སྲིད་པ་གསུམ་གྱིས་གསོས་བཏབ་པས་དམྱལ་བ་ལྟ་བུར་སྐྱེས་ཏེ། འབྲས་བུའི་རྟེན་འབྲེལ་དྲུག་མྱོང་བ་ནི་ཚེ་གསུམ་ལ་རྫོགས་ཚུལ་ཡིན། དེ་ཕན་ཆད་ལ་རྫོགས་ཚུལ་མེད་དེ་ཡང་འཕེན་བྱེད་ཀྱི་རྒྱུ་དང་། འགྲུབ་བྱེད་ཀྱི་རྒྱུ། འཕངས་པའི་འབྲས་བུའི་བར་ལ་ཚེ་བརྒྱ་སྟོང་དང་། བསྐལ་པ་ལྟ་བུས་ཆོད་པ་ཡོད་ཀྱང་། འགྲུབ་བྱེད་ཀྱི་རྒྱུ་དང་གྲུབ་པའི་འབྲས་བུ་གཉིས་ཀྱི་བར་ཚེ་གཞན་གྱིས་ཆོད་མི་སྲིད་དོ། དེ་དག་ནི་འཁོར་བར་ལུགས་འབྱུང་གི་རིམ་པ་ཡིན་ལ། དེ་ལས་ལྡོག་པའི་རིམ་པ་ནི། ཚེ་འདིར་བདག་མེད་པའི་དོན་མངོན་སུམ་དུ་རྟོགས་པ་ན། ཐོག་མའི་མ་རིག་པ་མི་འབྱུང་ཞིང་། དེའི་དབང་གིས་འཕེན་བྱེད་ཀྱི་ལས་མི་བསགས་པ་དང་། དེའི་དབད་གིས་ལས་ཉོན་གྱི་སྐྱེ་བ་མི་འགྲུབ་པ་སོགས། རྣམ་བྱང་ཕྱོགས་ཀྱི་རྟེན་འབྲེལ་ཉམས་སུ་བླངས་པ་ལ་བརྟེན་ནས། ཐར་བའམ་ཐམས་ཅད་མཁྱེན་པ་འཐོབ་པར་འགྱུར་རོ། དེ་ཡང་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་རྟེན་འབྲེལ་ལུགས་འབྱུང་ལུགས་ལྡོག་ཏུ་བསྒོམས་པས། སྡུག་བདེན་ལ་མི་འདོད་པའི་བློ་དང་། དེའི་རྒྱུ་རུ་གྱུར་བའི་ཀུན་འབྱུང་སྤོང་འདོད་སྐྱེ་བ་དང་། རྣམ་བྱང་ཕྱོགས་ཀྱི་རྟེན་འབྲེལ་ལུགས་འབྱུང་ལུགས་ལྡོག་ཏུ་བསྒོམས་པས། ཐར་བ་འགོག་བདེན་ཐོབ་འདོད་དང་། དེ་འཐོབ་བྱེད་ཀྱི་ལམ་བདེན་སྒོམ་འདོད་སྐྱེ་བར་གསུངས་སོ། བསྒོམས་པའི་ཕན་ཡོན་ནི། སྤང་བླང་གི་འཇུག་ལྡོག་ཚུལ་བཞིན་དུ་བྱས་ཏེ་རྫོགས་པའི་སངས་རྒྱས་ཀྱི་གྲོང་ཁྱེར་དུ་ཞུགས་ནས་འགྲོ་བ་ཡོངས་ལ་ཕན་བདེའི་སྒོ་བརྒྱ་འབྱེད་པ་ཡིན་པ ། སྔོན་བྱོན་བོན་གཤེན་གྲུབ་ཐོབ་རིག་འཛིན་དཔོན་གསས་གོང་མ་རྣམས་ཀྱིས་ཞལ་གསུངས་གཅིག་ཏུ་མཐུན་ནོ། །

མདོ་སྔགས་རྒྱ་ཆེན་བཀའ་ལུང་ཟབ་མོའི་དོན།། ཐོས་བསམ་དབེན་པའི་བདག་འདྲ་དཔོག་མིན་ཀྱང་།།
མཐའ་ཡས་མ་གྱུར་རྫོགས་བྱང་འཐོབ་པའི་ཕྱིར།། རང་ཉིད་ལྷག་བསམ་དག་པའི་སྦྱར་བ་འོ།།