རྒྱུན་མཐའི་ཡེ་ཤེས་ཀྱིས་སྤང་བྱ་སྤོང་ཚུལ་ལ་ཅུང་ཙམ་དཔྱད་པ།

32.jpg
 འཁོར་འདས་ཤེས་བྱ་བོན་ཀུན་འབྱུང་བའི་གཞི།།
དེ་ཉིད་མཐོང་དང་གོམས་པ་ཐར་པའི་ལམ།།
གཞི་ཉིད་མངོན་གྱུར་འབྲས་བུ་རྫོགས་སངས་རྒྱས།།
གཞི་ལམ་འབྲས་བུ་གསལ་མཛད་བླ་མར་བསྟོད།།

   མདོ་ལས། མི་མཐུན་རྒོད་རྐྱང་བག་ཆགས་ཞེས་བྱ་ནི།། མ་རྟོགས་བྱང་ཆུབ་ངོ་མཚར་བློ་ཡི་རྗེས་འབྲང་ནས།། རྟ་རྒོད་བཞིན་དུ་ཤིན་ཏུ་གདུལ་དཀའ་བ།། ཐུགས་རྗེ་མ་ནོར་ལུང་གིས་བཏུལ་ན་གཡུང་།། ཞེས་པའི་སྐབས་ཀྱི་སྤང་བྱ་སྟེ། རྒྱུན་མཐའི་བར་ཆད་མེད་པའི་ཏིང་ངེ་འཛིན་གྱིས་སྤང་བྱ་སྤོང་ཚུལ་ལ། དཔེ་ཆའི་ལུང་འགོད་པ་དང་། དེའི་མཐའ་དཔྱད་པ་དང་གཉིས། དང་པོ་ནི། མཁས་པ་དཔལ་ཆེན་གྱིས་གསུངས་པའི་ཚུལ་དང་། རྗེ་རིན་པོ་ཆེས་གསུངས་པའི་ཚུལ་གཉིས། དང་པོ་ནི། གལ་ཏེ་ས་བཅུ་རྒྱུན་གྱི་ཐ་མ་ལ་ཡོད་པའི་ཤེས་བྱའི་སྒྲིབ་པ་དེ་སྤང་བྱ་ཡིན་ནམ་མ་ཡིན། གཉིས་པ་ལྟར་ན་སྒྲིབ་པ་ཉིད་དུ་ཡང་མི་རུང་ལ། དང་པོ་ལྟར་ན་གཉེན་པོ་གང་གིས་སྤོང་ཏེ། གཡུང་དྲུང་ལྟ་བུའི་ཏིང་ངེ་འཛིན་གྱིས་སྤོང་བར་མི་ནུས་ཏེ་དེ་དང་དེ་དུས་མཉམ་པའི་ཕྱིར་རོ།། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་སྤོང་ན་སངས་རྒྱས་ཀྱི་ཡེ་ཤེས་དེ་ལམ་བྱེད་པ་དང་བཅས་པའི་སློབ་པའི་ལམ་འགྱུར་རོ་ཞེ་ན། གནས་སྐབས་དེའི་ཤེས་བྱ་དེ་ཡང་སྤང་བྱ་ནི་ཡིན་ལ། དེ་དང་གཉེན་པོ་གཡུང་དྲུང་ལྟ་བུའི་ཏིང་ངེ་འཛིན་གྱིས་སྤོང་སྟེ། ངོ་བོ་དེ་ཡང་དུས་མཉམ་ཡང་གཡུང་དྲུང་ལྟ་བུའི་ཏིང་ངེ་འཛིན་གྱིས་ཁོའི་རིགས་མཐུན་སྐྱེད་པར་བྱེད་པའི་ས་བོན་ས་བཅུ་མན་ཆད་ན་ཡོད་པ་དེ་སྤངས་བས་ཁོ་རང་ལྡོག་ཏུ་འགྲོ་སྟེ། དཔེར་ན་རྒྱུ་མེ་བཀག་པའི་དུ་བ་བཞིན་ནོ།། དེ་ཡང་ས་བཅུ་རྒྱུན་གྱི་ཐ་མའི་སྤང་བྱ་དེ་སྤོང་བའི་ཚུལ་ནི་འདི་ལྟར། སྐད་ཅིག་དང་པོ་ལ་སྤང་བྱ་ཤེས་བྱའི་སྒྲིབ་པ་ཤིན་ཏུ་ཕྲ་བའི་ཕྲ་བ་དེ་དང་གཉེན་པོ་གཡུང་དྲུང་ལྟ་བུའི་ཏིང་ངེ་འཛིན་གཉིས་འཚོགས་པ་ལས། སྤང་བྱ་རང་གིས་ཉེར་ལེན་གྱི་རྒྱུ་བྱས། གཉེན་པོ་ལྷན་ཅིག་བྱེད་པའི་རྐྱེན་བྱས་ནས། སྐད་ཅིག་གཉིས་པའི་གནས་སྐབས་ན་སྤང་བྱ་ཕྲ་མོ་དེ་རིགས་མཐུན་གསུམ་པ་སྐྱེད་པའི་ནུས་པ་མེད་པ་གཅིག་ཏུ་བསྐྱེད་དེ། དེ་ནི་བར་ཆད་མེད་པའི་ལམ་ཞེས་བྱ་བ་ཡིན་ནོ།། སྐད་ཅིག་གསུམ་པའི་གནས་སྐབས་ན་སྤང་བྱ་དེ་འགག་པ་ལ་ཕྱོགས་ཙམ་རེ་ན་སངས་རྒྱས་ཀྱི་ཡེ་ཤེས་སྐྱེ་བ་ལ་ཕྱོགས་ལ། སྤང་བྱ་དེ་ལྷན་གྱིས་འགག་པ་དང་སངས་རྒྱས་ཀྱི་ཡེ་ཤེས་ཏོལ་གྱིས་སྐྱེ་བ་དུས་མཉམ་སྟེ། དེ་ནི་ས་བཅུ་རྒྱུན་གྱི་ཐ་མ་རྣམ་གྲོལ་གྱི་འབྲས་བུ་ཡིན་ནོ།། དེས་ན་ས་བཅུ་པའི་བར་ཆད་མེད་པའི་ལམ་དུ་སྤང་བྱ་ཁས་ལེན་དགོས་ལ། དེ་མ་བླངས་ན་ས་བཅུ་རྒྱུན་གྱི་ཐ་མ་བར་ཆད་མེད་པའི་ལམ་ན་སྤང་བྱ་མེད་པར་འགྱུར་ལ། དེ་འདོད་ན་སངས་རྒྱས་ཀྱི་ས་དང་ཁྱད་པར་མེད་པར་འགྱུར་བའི་ཕྱིར་རོ།། གཉིས་པ་ནི། རྗེ་རིན་པོ་ཆེའི་ས་ལམ་ལས། གཉེན་པོ་ལ་གཉིས་ཏེ། འགག་འགྱུར་གྱི་གཉེན་པོ་དང་། སྐྱེ་འགྱུར་གྱི་གཉེན་པོ་གཉིས་ལས། དང་པོ་གཡུང་དྲུང་ལྟ་བུའི་ཏིང་ངེ་འཛིན་ཏེ། དེ་ཡང་འཁོར་འདས་གཉིས་མེད་མཉམ་པར་རྟོགས་པས། མི་འབྱེད་མཉམ་པའི་ཏིང་ངེ་འཛིན་ཞེས་བྱ་ལ། བརྟན་ཞིང་མི་འགྱུར་བས་ན། གཡུང་དྲུང་ལྟ་བུའི་ཏིང་ངེ་འཛིན་ཞེས་དང་། སངས་རྒྱས་ཀྱི་ཡེ་ཤེས་དང་བར་དུ་གང་གིས་མ་ཆོད་པས་ན་བར་ཆོད་མེད་པའི་ལམ་ཞེས་བྱའོ།། ངོ་བོ་ནི་མ་རྟོག་པའི་ཡེ་ཤེས་ནམ་མཁའ་ལྟ་བུར་སྙམས་བྱང་ཆ་ཕྲ་བ་ཐམས་ཅད་འཇོམས་པར་བྱེད་པའི་ཏིང་འཛིན་ནོ།། སྐྱེ་འགྱུར་གྱི་གཉེན་པོ་ནི། སངས་རྒྱས་ཀྱི་ཡེ་ཤེས་རྣམ་མཁྱེན་སྐད་ཅིག་དང་པོས་སྤངས་སོ།། དེ་ལ་རིམ་བཞིན་དུ་རྒྱུན་གཅོད་བྱེད་ཀྱི་གཉེན་པོ་དང་། ཐག་སྲིང་བྱེད་ཀྱི་གཉེན་པོ་ཞེས་བྱའོ།། དེ་ལ་རྣམ་མཁྱེན་སྐད་ཅིག་དང་པོ་སློབ་ལམ་དུ་ཐལ། སྤང་བྱ་སྤང་བྱེད་ཀྱི་གཉེན་པོ་ཡིན་པའི་ཕྱིར་ཞེ་ན། འགག་འགྱུར་དུ་འདོད་པ་མ་གྲུབ་ཅིང་། སྐྱེ་འགྱུར་གྱི་གཉེན་པོ་སྤང་བྱ་སྤང་བའི་བྱ་བ་བྱེད་དགོས་པས་མ་ཁྱབ་གསུངས་སོ།། སྤང་བྱ་གང་ཞེ་ན། རྒོད་རྐྱང་གི་བག་ཆགས་སོ་ཞེས་བྱ་སྟེ། གནས་ངན་ལེན་གྱི་དྲི་མ་ཆ་ཕྲ་ཞིང་ཕྲ་བ་གཅིག་ཡོད་དེ། སྒོམ་སྤང་ཆུང་ངུའི་ཆུང་ངུས་བཞག་པའི་བག་ཆགས་སོ།། ཅི་ལྟར་སྤངས་པའི་ཚུལ་ནི། གཡུང་དྲུང་ལྟ་བུའི་ཏིང་ངེ་འཛིན་དང་། གནས་ངན་ལེན་གྱི་དྲི་མ་གཉིས་སྐད་ཅིག་དང་པོར་འཚོགས། གཉིས་པ་སྤང་བྱ་ནུས་མེད་དུ་བྱས་གཉེན་པོ་རྒྱས་ལ། གསུམ་པར་སྤང་བྱ་འགག་པ་དང་། གཉེན་པོ་དུས་མཉམ་དུ་འགག་པ་དང་། ས་བོན་ཀྱང་འགག་འགྱུར་གྱིས་སྤངས་སྟེ། དེ་ཡང་སྒྲིབ་པ་ཤིན་ཏུ་ཕྲ་བའི་ཟད་མཚམས་ནས་འགྲུབ་བོ།། དེ་གཉིས་འགག་པའི་ཤུལ་དུ་དུས་སྐད་ཅིག་གཞན་གྱིས་བར་མ་ཆོད་པར་སངས་རྒྱས་ཀྱི་ཡེ་ཤེས་སྐད་ཅིག་དང་པོར་སྐྱེ་བར་གསུངས་སོ།། གཉིས་པ་མཐའ་དཔྱད་པ་ནི། འགྲོ་མགོན་ས་ལམ་ལས། སྐྱེ་འགྱུར་གྱིས་སྤོང་བ་ལ། འགག་འགྱུར་གྱི་གཉེན་པོའི་མཐའ་དཔྱད་པ་དང་། སྐྱེ་འགྱུར་གྱི་གཉེན་པོའི་མཐའ་དཔྱད་པ་གཉིས། དང་པོ་ནི། རྗེའི་ས་ལམ་ལས། གཡུང་དྲུང་ལྟ་བུའི་ཏིང་འཛིན་དང་། གནས་ངན་ལེན་གྱི་དྲི་མ་གཉིས་སྐད་ཅིག་དང་པོར་འཚོགས། གཉིས་པར་སྤང་བྱ་ནུས་མེད་དུ་བྱས་གཉེན་པོ་རྒྱས་ལ། གསུམ་པར་སྤང་བྱ་འགག་པ་དང་། གཉེན་པོ་དུས་མཉམ་དུ་འགག་པ་དང་ས་བོན་ཀྱང་འགག་འགྱུར་ཀྱིས་སྤངས་སྟེ། ཞེས་གསུངས་པ་དེ་ལ། སྐད་ཅིག་དང་པོར་འཚོགས་པའི་དུས་དང་སྤང་བྱ་ནུས་མེད་དུ་བྱས་ནས་གཉེན་པོ་རྒྱས་པའི་དུས་གཉིས། དུས་གཅིག་གམ་ཐ་དད། དུས་གཅིག་ན། དང་པོ་འཚོགས་པ་ཙམ་གྱིས་གཉེན་པོ་རྒྱས་དགོས་པས་རང་ཉིད་སྐྱེ་ཙམ་ན་རང་ཉིད་རྒྱས་པར་འགྱུར་བས་རྒྱས་པར་འགྲོ་བ་ལ་སྔ་ཕྱི་མི་དགོས་པར་འགྱུར་ལ། དུས་ཐ་དད་ན། དང་པོར་འཚོགས་དུས་ཀྱི་གཉེན་པོ་དེ་རྒྱུན་མཐའི་ཡེ་ཤེས་ཡིན་ནམ་མིན། ཡིན་ན་དེ་འདྲའི་མཐའི་ཡེ་ཤེས་དེ་བར་ཆད་མེད་པའི་ཏིང་ངེ་འཛིན་མ་ཡིན་པར་འགྱུར་ཏེ། སངས་རྒྱས་ཀྱི་ཡེ་ཤེས་དང་དུས་སྐད་ཅིག་གཞན་གྱིས་བར་དུ་ཆོད་པའི་ཕྱིར། དེར་ཐལ། གཉིས་པ་ནུས་མེད་བྱེད་པའི་དུས་དེས་བར་དུ་ཆོད་པའི་ཕྱིར། མིན་ན་དེ་འདྲའི་གཉེན་པོ་དེ་རྒྱུན་མཐའི་ཡེ་ཤེས་མ་ཡིན་པར་འགྱུར་བས་བར་ཆད་མེད་པའི་ཏིང་ངེ་འཛིན་མ་ཡིན་པར་འགྱུར་རོ།། འདོད་ན། སྤང་བྱ་དེ་དང་གཉེན་པོ་གཡུང་དྲུང་ལྟ་བུ་ཏིང་ངེ་འཛིན་གཉིས་འཚོགས་གསུངས་པ་དང་འགལ་ལོ།། གཉིས་པ་སྐྱེ་འགྱུར་གྱི་གཉེན་པོའི་མཐའ་དཔྱད་པ་ནི། བློ་གྲོས་ཆེན་པོས། དེ་གཉིས་འགག་པ་དང་སངས་རྒྱས་ཀྱི་ཡེ་ཤེས་སྐྱེ་བ་དུས་མཉམ་གསུངས་པ་སྐྱེ་འགག་དུས་མཉམ་དུ་བྱེད་པས། ཤེས་པ་གཉིས་འཆང་དུ་འགྱུར་བའམ། རྒྱུ་འབྲས་དུས་མཉམ་དུ་འགྱུར་རོ།། ཡང་མངའ་བདག་གིས། སྐྱེ་འགྱུར་དེས་ས་བོན་རྩ་བ་ནས་སྤང་གསུངས་པ་ཡང་སློབ་པ་དང་བཅས་པར་འགྱུར་རོ།། དེས་ན་ས་བོན་འགག་འགྱུར་གྱིས་སྤོང་ལ། དེ་ཡང་འགག་པའི་སྐད་ཅིག་གཞན་གྱིས་བར་དུ་མ་ཆོད་པར་རྒྱུད་ལ་སྐྱེ་བས་ཏེ་རྩལ་རྫོགས་པ་དང་མཐར་ཕྱིན་པའོ།། ཞེས་འབུམ་ཏིག་ལས་གསུངས་སོ།། ཞེས་གསུངས་པས། དེས་ན་སྤང་བྱ་རྒོད་རྐྱང་གི་བག་ཆགས་དང་གཉེན་པོ་བར་ཆད་མེད་པའི་ཏིང་ངེ་འཛིན་གཉིས་དུས་མཉམ་དུ་འགག་པ་དང་དེའི་རྗེས་ལ་སངས་རྒྱས་ཀྱི་ཡེ་ཤེས་སྐད་ཅིག་དང་པོར་སྐྱེ་བ་སྙམ། ཅིའི་ཕྱིར་ཞེ་ན་རྗེ་རིན་པོ་ཆེའི་ས་ལམ་ལས་ཀྱང་། དེ་གཉིས་འགག་པའི་ཤུལ་དུ་སྐད་ཅིག་གཞན་གྱིས་བར་མ་ཆོད་པར་སངས་རྒྱས་ཀྱི་ཡེ་ཤེས་སྐད་ཅིག་དང་པོར་སྐྱེ་བ་གསུངས་སོ།། ཡང་སངས་རྒྱས་ཀྱི་ཡེ་ཤེས་དེས་སྤང་བྱ་སྤོང་དང་མི་སྤང་གང་ཞེ་ན། ཁམས་འགྲེལ་ལས། ཁ་གཅིག་གིས་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་སྤོང་ན་སངས་རྒྱས་ཀྱི་ཡེ་ཤེས་དེ་ལམ་བྱེད་པ་བཅས་པའི་སློབ་པའི་ལམ་དུ་འགྱུར་རོ།། ཞེས་དང་། རྗེའི་ས་ལམ་ལས། ཡང་ཁ་གཅིག་གིས་རྣམ་མཁྱེན་སྐད་ཅིག་དང་པོ་སློབ་ལམ་དུ་ཐལ། སྤང་བྱ་སྤང་བྱེད་ཀྱི་གཉེན་པོ་ཡིན་པའི་ཕྱིར་ཞེ་ན། འགག་འགྱུར་དུ་འདོད་པ་མ་གྲུབ་ཅིང་། སྐྱེ་འགྱུར་གྱི་གཉེན་པོས་སྤང་བྱ་སྤང་བའི་བྱ་བ་བྱེད་དགོས་པས་མ་ཁྱབ་ཞེས་གསུངས་པ་དེ་ལ་ལྟོས་ན། སངས་རྒྱས་པའི་ཡེ་ཤེས་ཀྱིས་སྤང་བྱ་སྤོང་ན་སློབ་ལམ་དུ་འགྱུར་བའི་སྐྱོན་མེད་ལ། སངས་རྒྱས་ཡེ་ཤེས་ཀྱིས་སྤང་བྱ་སྤོང་ཡང་སྤང་བའི་བྱ་བྱེད་མི་དགོས་པར་བསྟན་པའོ།།

༢༠༡༥ལོའི་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་རིག་གཞུང་ལོ་དེབ་ཆུ་མྱིག་དཀར་མོ་སྤྱི་དེབ་དང་པོ་ལས་བཤུས།