ཤར་བ་རིན་ཆེན་བློ་གྲོས།

   གངས་ལྗོངས་མདོ་སྨད་ཟིང་ཆུའི་ཤར་ཁོག་ཅེས་པའི་ཡུལ་གྲུ་དེ་རུ་ཡར་ཤོར་ཚང་དུ་སྤྱི་ལོ་༡༩༨༥ལོར་འཁྲུངས་ནས་མཚན་ལ་རིན་ཆེན་བློ་གྲོས་ཞེས་སུ་གསོལ། ལོ་བཅུ་གཉིས་བར་ཕ་མའི་གམ་ནས་བྱིས་པའི་རྩེད་མོའི་ལས་ལ་ཞུགས། དེ་ནས་རྒན་ཤེས་རབ་མདུན་དུ་ཀ་ཁའི་དབྱངས་རྟ་གྱེར་བའི་དབུ་བཟུང་ནས་ལོ་གཉིས་བར་འདོན་ཀློག་གང་འཚམས་བསླབས། ལོ་བཅུ་བཞིའི་ཐོག་སྣང་ཞིག་དགོན་ཆེན་དུ་བྱོན་ནས་མཁས་པའི་དབང་པོ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་དགེ་རྒན་དུ་བསྟེན་ཏེ་སློབ་སྦྱོང་ཚད་མེད་གནང་། དེ་ནས་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་རྩ་བའི་རིག་གནས་རྐང་འཛིན་དགེ་རྒན་ཆེན་མོ། ལྔ་རིག་སྨྲ་བའི་པཎྚི་ཏ། ཞིང་ཁམས་པ་བློ་གྲོས་བསྟན་འཛིན་མཆོག་གི་མདུན་ནས་སུམ་རྟགས་དག་གསུམ་དང་། སྒྲ་རྩིས་དཀར་ནག་བཅས་རིག་གནས་ཆ་ཚང་བསླབས། མདོ་སྨད་བོན་གྱི་བསྟན་པའི་མངའ་བདག ཞལ་མཇལ་བ་ཙམ་གྱིས་རྒུད་པའི་མུན་པའི་ཚོགས་ཡོངས་སུ་བསལ་བ་བྱེད་པའི་མཚན་ལྡན་གྱི་བླ་མ་ཆེན་པོ། སྣང་ཞིག་༧སྐྱབས་མགོན་བསྐལ་བཟང་བློ་གྲོས་རྒྱ་མཚོ་རིན་པོ་ཆེ་མཆོག་དང་། མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་ཆེན་པོ་རྒྱལ་ཚབ་༧རྒྱ་འོབས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་རྣམ་གཉིས་ཀྱི་མདུན་ནས་གཙང་གཙུག་གི་སྡོམ་པ་བླངས་ཏེ་མཚན་ལ་ཚུལ་ཁྲིམས་ཡེ་ཤེས་ཞེས་སུ་གསོལ། སྤྱི་ལོ་༢༠༠༢ལོ་ནས་གངས་ལྗོངས་གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་དུ་ཞུགས། 
   འཆད་རྩོད་རྩོམ་གསུམ་གྱི་གསེར་གྱི་འཁོར་ལོ་ཐོགས་མེད་དུ་བསྒྱུར་བའི་མཁས་དབང་དགེ་བའི་བཤེས་གཉེན་རིམ་གྱིས་བྱོན་པ་རྣམས་གུས་རྟག་བརྩོན་པའི་སྒོ་ནས་བསྟེན་ཏེ་བཅུ་ཕྲག་རིག་པའི་གནས་དང་ལྷག་པར་མདོ་སྔགས་གཞུང་ལུགས་རྒྱ་མཚོ་ལྟ་བུ་སྦྱོང་བའི་སྐལ་བ་བཟང་པོ་བྱུང་། སློབ་སྦྱོང་གི་ཞོར་ལ་ཡང་སློབ་གླིང་ནས་དགེ་སྐོས་ཆེན་མོ་ལ་སོགས་པའི་འགན་མང་དུ་བཞེས་ཏེ་བསྟན་པར་ཞབས་ཕྱི་མང་དུ་ཕུལ།
   རིག་གནས་རྒྱུགས་དང་ཡིག་ཆའི་རྒྱུགས་ཀྱི་དགའ་རྟགས། ལོ་ཧྲིལ་བོར་དགོངས་པ་དགོངས་ཤོག་གང་ཡང་མེད་པའི་དགའ་རྟགས། སུམ་བཟང་སློབ་མའི་དགའ་རྟགས་བཅས་ལ་བལྟས་ན་ཁོང་ནི་སློབ་གླིང་ན་སློབ་སྦྱོང་དང་ཀུན་སྤྱོད་ལྷག་བསམ་ཐད་ལ་ཀུན་གྱིས་མིག་དཔེར་ལྟ་འོས་པ་ཞིག་ཏུ་གྱུར་ཡོད་པ་ནི་སྨོས་ཅི་ལ་དགོས། མཉེས་པ་གསུམ་གྱི་སྒོ་ནས་སྣང་ཞིག་༧སྐྱབས་མགོན་རིན་པོ་ཆེ་དང་། རྒྱལ་ཚབ་༧རྒྱ་འོབས་རིན་པོ་ཆེ་རྣམ་གཉིས་སྤྱི་བོའི་གཙུག་ཏུ་བཀུར་ཏེ་དབང་ལུང་ཁྲིད་གསུམ་གྱི་གདམས་པ་མང་དུ་ཞུས། སྤྱི་ལོ་༢༠༡༦ལོའི་ལོ་མཇུག་ཏུ་སློབ་གླིང་ནས་བཀའ་པོད་དྲུག་ལ་སྦྱོང་བ་མཐར་ཕྱིན་གྱི་མཛད་སྒོ་སྤེལ། དེ་ནས་ཕྱི་ནང་རིག་གནས་ཀུན་ལ་སྤྱན་དཀྱུས་རབ་ཏུ་ཡོངས་ཤིང་། ལྷར་བཅས་འགྲོ་བ་ཀུན་གྱི་གཙུག་རྒྱུན་དུ་གྱུར་བའི་སྣང་སྟོན་༧བློ་གྲོས་ཐོགས་མེད་རིན་པོ་ཆེ་མཆོག་གི་དྲུང་ནས་དག་པ་དྲང་སྲོང་གི་སྡོམ་ཁྲིམས་ཞུས་ཏེ་མཚན་ལ་དྲང་སྲོང་ཤེས་བྱ་ཐོགས་མེད་ཅེས་སུ་གསོལ། སླར་ཡང་གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་གི་སྔགས་རྫོགས་འཛིན་གྲྭ་རུ་ཞུགས་ནས་སློབ་གླིང་གི་ཁྲིད་གཞུང་ལྟར་སྔགས་རྫོགས་ཀྱི་ཁྲིད་དང་ཟུར་ཁྲིད་ལ་སོགས་མང་དུ་ཞུས་ཏེ་སྦྱོང་བ་རྒྱ་ཆེར་གནང་།
   སློབ་གླིང་གི་སྒྲུབ་གྲྭའི་ལོ་རེའི་འགྲོ་རིམ་ལྟར་གྱི་བསགས་སྦྱོང་དང་མཚམས་རྣམས་རིམ་གྱིས་གྲུབ་པར་བྱས། སྐྱབས་མགོན་རིན་པོ་ཆེ་༧བསྐལ་བཟང་བློ་གྲོས་རྒྱ་མཚོའི་མདུན་ནས་གཡས་རུའི་ཨ་ཁྲིད་ཀྱི་ཁྲིད་ཞུས་ཏེ་སྔོན་འགྲོའི་བསགས་སྦྱོང་དང་། དངོས་གཞི་ཨ་གཏད། ངག་མཚམས། རྩ་རླུང་། འཕོ་མཚམས། བཅུད་ལེན། མུན་མཚམས་བཅས་ཀྱི་ཁྲིད་ཞུས་ཤིང་སྒྲུབ་པ་ཉམས་ལེན་དང་བཅས་པ་མཐར་ཕྱིན་གནང་།
   སྤྱི་ལོ་༢༠༡༩ལོའི་ཟླ་༡༠བའི་ཚེས་༡༡ཉིན་མ་ཡུམ་སློབ་གྲྭ་ཆེན་མོའི་སྒོ་འབྱེད་མཛད་སྒོ་སྤེལ་བའི་དུས་བཟང་དང་བསྟུན་མདོ་སྔགས་རྫོགས་གསུམ་ཐུན་མོང་རིག་གནས་དང་བཅས་པ་སྦྱོང་བ་མཐར་ཕྱིན་གྱི་དཔང་ཡིག་བླངས་པ་བཅས་ནི་ཁོང་ཉིད་ངོ་སྤྲོད་མདོར་བསྡུས་ཙམ་ཞིག་ཡིན། མ་འོངས་པའི་ཆར་ཁོང་གི་ལས་དང་རླུང་རྟའི་བ་དན་མཐོ་ཞིང་མཛད་འཕྲིན་དབྱར་གྱི་མཚོ་མོའི་དཔལ་ལ་འགྲན་པའི་སྨོན་འདུན་གཙང་མ་ཞིག་དང་སེམས་གཏིང་གི་ཡི་རང་ཞིག་གིས་མཐར་བརྒྱན་ནོ།།
   ཞེས་མ་བསྐུལ་དང་ལེན་དུ་བྲིས་ཤིང་སྤེལ་བ་པོ་ནི་གྲོགས་དགེ་བཤེས་བསོད་ནམས་ཚེ་རིང་ངམ་བསྟན་འཛིན་ལྷུན་གྲུབ་ཏུ་འབོད་པའི་ཅི་ཡང་མི་ཤེས་ཤིང་མདོ་མེད་སྤྲང་འཁྱམས་པ་དེ་ཡིན་ནོ།། ཐ་ཚན་མུ་ཙུག་སྨར་རོ།།