འགོ་བ་རྟོགས་ལྡན་དགོངས་རྒྱུད།

   བྲག་དཀར་གཡུང་དྲུང་ཁའི་སྒོམ་ཆེན་པ་བར་རོང་འགོ་བ་རྟོགས་ལྡན་དམ་པ་དགོངས་རྒྱུད་རིན་པོ་ཆེ་མཆོག་ནི། འཛམ་གླིང་དུ་སྙན་པའི་གྲགས་པ་འབར་བའི་གནས་ཆེན་མདོ་སྨད་ཤར་ཕྱོགས་དུང་རི་དཀར་པོ་གཙང་མཛེས་གསེར་གྱི་མཚོ་མོ་འཁྱིལ་བའི་གནས་ཁྱད་པར་ཅན་དང་བྱང་ཕྱོགས་མ་རྒྱུད་གནས་ཆེན་རི་བོ་དགུ་ཡི་བདག་ཉིད་ཅན་གྱི་བྱང་བྱ་དུར་ཞེས་པའི་གནས་རི་གཉིས་ཀྱི་དཀྱིལ་དུ་ཆགས་ཡོད་པའི་བར་རོང་སྡེ་བ་ཞེས་འབོད་པའི་རིགས་རུས་ཕུན་སུམ་ཚོགས་པའི་ཁྱིམ་རྒྱུད་བར་རོང་འགོ་བ་ཚང་ཞེས་ཡབ་གཟི་བརྗིད་ཆེ་ཞིང་དཔའ་རྩལ་དང་ལྡན་པའི་ཀླུ་དགའ་རྗེ་དང་ཡུམ་བྱམས་བརྩེ་ཆེ་བའི་ཨ་མི་གོ་གཉིས་ཀྱི་སྲས་སུ་སྤྱི་ལོ་༡༩༢༠ལོ་བོད་ལྕགས་མོ་བྱ་ཡི་ལོ་ཉིན་བཟང་སྐར་བཟང་ལ་ལྟས་བཟང་དུ་མ་དང་བཅས་ཏེ་སྐུ་བལྟམས། མཚན་ལ་དགོངས་རྒྱུད་ཞེས་གསོལ།  སྤྱི་ལོ་༡༩༢༦ལོ་དགུང་ལོ་དྲུག་གི་ཐོག་ནས་ལོ་དུ་མ་ཞིག་གི་རིང་ལ་ཡབ་ཀྱི་མདུན་ནས་བོན་གྱི་ཤེས་བྱ་རིག་པའི་རྨང་གཞི་ཀ་ཁ་ནས་བརྩམ་སྟེ་རིམ་བཞིན་འབྲི་ཀློག་འདོན་གསུམ་སྐོར་ལ་ལེགས་པར་སློབ།   ན་སོན་ཚེ་ཀུན་མཁྱེན་ཤར་རྫ་བའི་དངོས་སློབ་རིན་སྤུངས་ཨ་ལགས་ཤེས་རབ་རྣམ་རྒྱལ་མཆོག་གི་དྲུང་ནས་གཙང་མ་གཙུག་ཕུད་ཀྱི་སྡོམ་ཁྲིམས་ཞུས་ཏེ་བོན་མདོ་སྔགས་སེམས་གསུམ་གྱི་དབང་ལུང་ཁྲིད་གསུམ་གང་མང་གསན་གནང་ཞུས།   དགུང་ལོ་ཉི་ཤུ་སྟེང་དབུས་གཙང་ཕྱོགས་སུ་ཕེབས་ཏེ་བོན་གྱི་གདན་ས་ཆེན་མོ་ཁག་ལ་གནས་མཇལ་གནང་།  དེ་སྐབས་བླ་མ་ཨ་ལགས་སྣང་གསལ་རིན་པོ་ཆེ་གཙོས་པའི་སྐྱེས་ཆེན་དམ་པ་དུ་མའི་དྲུང་ནས་ལོ་ངོ་འགའི་རིང་ལ་དཀའ་ངལ་ཁྱད་དུ་བསད་དེ་གཙོ་བོ་ཐེག་པའི་ཡང་རྩེ་བླ་མེད་རྫོགས་པ་ཆེན་པོ་གཙོས་པའི་སྔགས་རྫོགས་སྐོར་ལ་སྦྱངས་བརྩོན་གནང་།   ༡༩༥༩ལོའི་དགུང་ལོ་སོ་དགུ་ཐོག་ཏུ་རིན་སྤུངས་བཀྲ་ཤིས་སྨིན་གྲོལ་གླིང་དུ་སྒྲུབ་གྲྭར་བཞུགས་ཏེ་མི་ལོ་གསུམ་གྱི་རིང་ལ་སྔོན་འགྲོའི་ཁྲིད་རིམ་བཀའ་ལུང་རྒྱ་མཚོ།  དབྱིངས་རིག་མཛོད།  སྡེ་སྣོད་མཛོད་ཀྱི་སྔ་དུམ་ཕྱི་དུམ།   རྫོགས་ཆེན་སྐུ་གསུམ་རང་ཤར།   ཨ་རྫོགས་སྙན་གསུམ་བཅས་གསང་གསུམ་གྱི་བོན་སྒོ་མང་པོ་ལ་ཞལ་ཁྲིད་ཐོས་པ་ཙམ་མ་ཡིན་པར།  གནས་ལུགས་ཟབ་མོ་ལ་ཐུགས་འབྱོངས་བྱུང་བ་སྟེ། ལོ་དང་པོ་ལ་སྔོན་འགྲོའི་བསགས་སྦྱོང་ལ་སེམས་བསྐྱེད་ཡང་དག་རྒྱུད་ལ་སྐྱེད་པར་བྱས་ཏེ་ཞག་བརྒྱ་ལ་སྔོན་འགྲོའི་འབུམ་དགུ་རྫོགས་པར་མཛད།  ལོ་བར་བ་ལ་རྩ་རླུང་འཕྲུལ་འཁོར་སྦྱངས་ཏེ་རླུང་སེམས་དབང་དུ་བསྡུས་ཤིང་ཡི་དམ་སོགས་ཀྱི་བསྙེན་འཛབ་གང་མང་བགྲངས་ནས་མངའ་བསྙེས་པར་བྱས།   ལོ་ཐ་མར་རིགས་དྲུག་རང་སྦྱོང་དང་མུན་མཚམས་འོད་གསལ་གཉུག་མའི་དོན་སོགས་ལ་ཕུལ་བྱུང་ཉམས་ལེན་མཛད་དེ་ངེས་ཤེས་ཀྱི་རྟོགས་པ་རང་རྒྱུད་ལ་འཆར་བར་བྱས།   ཁྱད་པར་དུ་མཆེད་གྲོགས་དམ་པ་དགེ་སློང་ཤེས་རབ་བསྟན་འཛིན་རིན་པོ་ཆེ་སོགས་དང་ལྷན་དུ་རིན་སྤུངས་དགོན་པའི་སྒྲུབ་གྲྭ་ཁང་གསར་བཞེངས་སྐབས་སུ་རྒྱུ་དཔལ་འབྱོར་གྱི་ཞབས་འདེགས་བླ་མེད་ཞུས། དེ་ནས་རིག་གསར་སྐབས་སུ་སྣ་ཚོགས་ལས་ལ་འབད་པ་བྱས། དེ་ནས་ལོ་ངོ་བཅུ་ཕྲག་གཉིས་ཀྱི་རིང་དུ་ངོ་མཚར་བཀའ་རྟགས་གྲངས་ལས་འདས་པའི་གནས་མཆོག་བྲག་དཀར་གཡུང་དྲུང་རི་ཁྲོད་དུ་ཕེབས་ནས་རང་དོན་དུ་ཐོས་བསམ་བསྒོམ་གསུམ་དང་གཞན་དོན་དུ་འཆད་རྩོད་རྩོམ་གསུམ་དང་བསྟན་དོན་དུ་འཛིན་སྐྱོང་སྤེལ་གསུམ་བཅས་བསྙེན་སྒྲུབ་སྒོམ་གསུམ་གྱི་མཛད་འཕྲིན་ཆེས་ཆེར་བསྐྱངས་ནས་ཉལ་འགྲོའི་རྒྱུན་ལྟར་བསྲིངས་པར་བྱས།  ཁོང་གི་དངོས་སློབ་ལ་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་མཆོག་གཙོས་པའི་མཁན་དགེ་བླ་སྤྲུལ་གྲྭ་ཇོ་བཅུ་ཕྲག་དུ་མ་གསོ་སྐྱོང་མཛད། མཐར་སྤྱི་ལོ་༡༩༩༢ལོར་བོད་ཟླ་བཅུ་པའི་ཚེས་བཅོ་ལྔ་ཉིན་གདུལ་བྱ་གཞན་རྟག་འཛིན་ཅན་རྣམས་སུན་དབྱུང་ཕྱིར་དུ་སྐུ་མི་རྟག་པའི་ཚུལ་བསྟན་ཏེ་བདེ་ཆེན་བོན་དབྱིངས་གནས་སུ་གཤེགས་ཏེ་མཛད་པ་མཐར་ཕྱིན་པའོ།།