སྐྱང་བཙུན་གཡུང་དྲུང་བསྟན་པའི་རྒྱལ་མཚན།

 རིན་སྤུངས་བཀྲ་ཤིས་སྨིན་གྲོལ་གླིང་གི་བླ་རབས་དང་པོ་སྐྱང་བཙུན་གཡུང་དྲུང་བསྟན་པའི་རྒྱལ་མཚན་ནི། དུས་རབས་བཅོ་བརྒྱད་པའི་ནང་ལ་མདོ་སྨད་ཟིང་ཆུ་རྫོང་གཙོ་ཚང་དགོན་གྲོང་རྡལ། རིན་སྤུངས་གྲོང་ཚོའི་འགྲོ་མགོན་སྐྱང་འཕགས་ཆེན་པོའི་གདུང་འཛིན་ཆུ་མདོ་ཚང་དུ་སྐུ་འཁྲུངས། སྐུ་ན་ཆུང་དུས་སུ་སྐྱང་སྨད་དགོན་པར་བཞུགས་ཏེ་འབྲི་ཀློག་འདོན་གསུམ་སོགས་ཐུན་མོང་གི་རིག་པའི་གནས་ལ་ཐོས་བསམ་མཛད། དེ་ནས་དབུས་གཙང་ཕྱོགས་སུ་ཕེབས་ཏེ་སྐྱེས་ཆེན་དུ་མའི་མདུན་ནས་དབང་ལུང་མན་ངག་སོགས་གདམས་པ་ཅི་རིགས་ཞུས་པ་དང་། ཁྱད་པར་དུ་གཙང་བཀྲ་ཤིས་སྨན་རི་དགོན་དུ་ལོ་ངོ་བཅུ་གསུམ་བཞུགས་ཏེ་སྨན་རིའི་མཁན་ཆེན་ཁྲི་འཛིན་དགྲ་བཅོམ་རིན་ཆེན་ལྷུན་གྲུབ་མཆོག་གིམདུན་ནས་བོན་སྒོ་ཕྱི་ནང་ཀུན་ལ་ཐོས་བསམ་གྱི་སྒྲོ་འདོགས་ཆོད་ཅིང་། སྒོམ་སྒྲུབ་ཕྱག་ལེན་བཅས་སྦྱངས་པ་མཛད་དེ་བླ་མའི་ཐུགས་ཟིན་གྱི་སློབ་མ་མཆོག་ཏུ་གྱུར་ནས། མ་དང་མཁའ་འགྲོ་རིག་འཛིན་འཆི་མེད་ཡབ་སྲས་གསུམ་སོགས་ཀྱི་ལུང་གིས་ཟིན་པ་དང་། འཇིག་རྟེན་བོན་བརྒྱད་ཀྱི་སྐྱོན་དང་བྲལ་ཞིང་བླ་མར་འོས་པའི་མཚན་ཉིད་ཀུན་ལྡན་པས། བཀའ་དྲིན་སུམ་ལྡན་གྱི་རྩ་བའི་སྨན་རིའི་ཁྲི་འཛིན་རིན་ཆེན་ལྷུན་གྲུབ་མཆོག་ནས་ཀྱང་མ་འོངས་པར་སྐལ་ལྡན་རྗེས་སུ་འཛིན་པའི་ཕྱིར་དུ་རྒྱལ་ཐེབས་ཡོངས་འཛིན་གྱི་མཚན་གསོལ་གནང་བར་གྲགས། དེ་ནས་མདོ་སྨད་ཞིང་དུ་བོན་བསྟན་སྒྲོན་མེ་སྤོར་ཞིག་དང་རྗེས་འཇུག་ལུང་ཟིན་སྐྱེས་བུ་ཤ་སྟག་འབྱུང་ཞེས་པའི་ལུང་བསྟན་གནང་སྟེ་འབྱུང་འགྱུར་མཁྱེན་པའི་གསུང་གི་བཀས་བཀོད་ཟབ་མོ་གནང་། ཁྱད་པར་དུ་བཀའ་རྟགས་ལ། སྨན་རིའི་མཛད་ཐང་བཅུ་གཉིས། བདེར་གཤེགས་སྟོང་སྐུའི་ཞལ་ཐང་གསེར་བྲིས་མ་བཞི། ཡི་དམ་དང་སྲུང་མའི་ཞལ་ཐང་གཅིག འདུལ་ཐང་གཅིག དཀྱིལ་འཁོར་བཞི་སོགས་སྨན་རིའི་བླ་བྲང་ནས་གནང་སྦྱིན་རྒྱ་ཆེར་བསྩལ། དེ་ནས་རྩ་བའི་བླ་མའི་གསུང་གི་བཀའ་དགོངས་ལྟར། སྐུ་ཡུལ་དུ་ཕེབས་ཏེ་གནས་ཆེན་ཤར་དུང་རི་དང་གསེར་མཚོ་གཡུང་དྲུང་དགོན། དབེན་གནས་བྱ་དུར་ཤུག་པ་སོགས་སུ་བཞུགས་ཏེ་འཁོར་སློབ་བསྐྱངས། དེ་ནས་སྐྱང་སྨད་དགོན་པའི་གྲྭ་མང་འདུས་པ་དང་དད་ལྡན་མང་ཚོགས་ཀྱིས་ནན་ཞུས་བཞིན་སྐྱང་སྨད་དགོན་གྱི་དབུ་བླའི་འགན་བཞེས་གནང་སྟེ་བསྟན་པ་སྤེལ། དེ་ནས་དཀར་ཕྱོགས་སྐྱོང་བའི་སྐྱེས་ལྷ། ཁྱུང་རྒོད་དྲག་རྩལ་གྱིས་བསྟན་པ་སྐྱོང་བའི་ཁས་ལེན་ཞུས་ཏེ་བླ་རྡོ་སོགས་ཕུལ་བ་དང་། ཁྱད་པར་དུ་སྐྱེས་ཆེན་ཁོང་གི་དངོས་སློབ་དམ་པ་གཙོ་ཚང་དགོན་པའི་བསྟན་བདག་གཙོ་ཚང་དབོན་པོ་ཡིས་རང་ཉིད་ཀྱི་འཁོར་དང་མངའ་ཐང་གང་ཡོད་བླ་མར་ཕུལ། དེ་ནས་བར་རོང་འགོ་བའི་དགེ་རྒན་གཡུང་དྲུང་གཙུག་རྒྱན་གྱིས་ཕྱི་རབས་བསྟན་དོན་བཀའ་བཞིན་བསྒྲུབ་པར་ཁས་བླངས་དམ་བཅའ་ཞུས། ཁྱོན་འཛིན་འགོ་བའི་དབོན་པོས་དགོན་ས་གང་མཉེས་འབུལ་རྒྱུའི་ཞལ་བཞེས་གནང་བ་མ་ཟད། ཆ་རྐྱེན་ཀྱང་གང་ནུས་འབུལ་རྒྱུ་སོགས་རྟེན་འབྲེལ་ལེགས་པར་འགྲིག་པ་ལ། སྐྱང་བཙུན་རིན་པོ་ཆེ་མཆོག་ནས་ཀྱང་སྐྱང་སྨད་དགོན་འདི་ཉིད་གནས་སྤོ་མཛད་རྒྱུའི་ཐུགས་ཐག་བཅད་དེ་མ་རྒྱུད་ཀྱི་གནས་ཆེན་བྱང་བྱ་དུར་གྱི་དགོན་བཞིའི་ཡ་གྱལ། ཁྱུང་རྒོད་དགོན་གྱི་མདུན་ཞོལ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕུང་པོར་གྱུར་བའི་གནས་དེ་དགོན་པ་འདེབས་ས་རྟགས་དང་རྟེན་འབྲེལ་སོགས་ཀྱི་དགོངས་རྟགས་ལ་གཟིགས་ཏེ་གཏན་ཁེལ་གནང་སྟེ།
   བོད་རབ་བྱུང་བཅུ་གསུམ་པའི་ས་བྱི་ལོ། སྤྱི་ལོ༡༧༦༨ལོར་སྔར་ཡོད་ཀྱི་སྐྱང་སྨད་དགོན་གནས་སྤོ་མཛད་དེ་དེང་རིན་སྤུངས་དགོན་འདི་ཕྱག་བཏབ་གནང་ནས་རྒྱལ་བ་སྨན་རིའི་ཕྱག་སྲོལ་ཇི་བཞིན་སྒྲིག་ཡིག་སོགས་མཛད་དེ་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་ཕྱོགས་སུ་བསྒྲེངས་པ་མཛད། དེ་ནས་སྤྱི་ལོ༡༨༢༤ལོའི་ཟླ་ཚེས་ཀྱི་ཉིན་ཞིག་སྣང་ཞིག་ལྕགས་མདུད་དགོན་པའི་ལྷ་སྡེ་ཏཱ་བག་ངང་སྡེ་བར་བྱང་ཆོག་ཕེབས་གྲབས་སུ་ཁོང་རིན་པོ་ཆེ་ནས་མདང་ནུབ་རྨིས་ལྟས་བཟང་བས་ཉེ་གནས་པ། མཁའ་ཞིང་ཚུལ་ཁྲིམས་རྒྱལ་མཚན་དང་ཧེ་ཡགས་གཡུང་དྲུང་དགེ་ལེགས་རྣམ་གཉིས་ལ་གཙང་གདན་ཁ་གང་མ་དང་དར་དཀར་དྲི་མེད་སོགས་ཁུར་དང་དེ་རིང་འགྲོ་དུ་རང་ཅག་སྤྲུལ་སྐུ་དེ་ཕེབས་འོང་འདུག་གསུངས། ཉེ་གནས་གཉིས་ནས་ཀྱང་བླ་མའི་བཀའ་བཞིན་བསྒྲུབས་ཏེ་བྱང་ཆོག་ལ་ཕེབས་ཏེ་ཏཱ་བག་རྒུར་འབྱོར་སྐབས་སུ་བྱང་སྐུ་འབུམ་སོགས་ལ་གནས་མཇལ་ཕེབས་པའི་དམུ་དགེ་ཕྱོགས་ཀྱི་གྲྭ་བ་དྲུག་ཕེབས་བཞིན་པ་ལ། སྐྱང་བཙུན་རིན་པོ་ཆེ་ནས་ཉེ་གནས་གཉིས་ལ་སྔུན་གྱི་གྲྭ་ཆུང་དེ་ངེད་ཅག་གི་སྤྲུལ་སྐུ་རེད་ཅེས་གསུངས་ཏེ་རྟ་ལས་བབས་པ་དང་གྲྭ་ཆུང་དགེ་འདུན་ཤེས་རབ་ནས་སྐྱང་བཙུན་ཚང་ལ་ཕྱག་ཕུལ་ཅིང་ཕན་ཚུན་ཕྱག་དབང་ཞུས་ཏེ། སྔོན་ནས་འདྲིས་པའི་རྒྱུས་ཡོད་ལྟར་བརྩེ་རེས་ཀྱིས་དར་དཀར་དང་གསོལ་བཞེས་སོགས་ཕུལ།  དེ་ནས་ཉེ་གནས་ཧེ་ཡགས་གཡུང་དྲུང་དགེ་ལེགས་ཀྱིས་སྤྲུལ་དགེ་འདུན་ཤེས་རབ་མཆོག་སོགས་གྲྭ་བ་རྣམས་རྟར་བསྐྱོན་ནས་རིན་སྤུངས་དགོན་དུ་བསུས། སྐྱང་བཙུན་རིན་པོ་ཆེ་དང་ཉེ་གནས་མཁའ་ཞིང་ཚུལ་ཁྲིམས་རྒྱལ་མཚན་རྣམ་གཉིས་བྱང་ཆོག་ལ་ཕེབས་ནས་དགུང་མོ་གདན་སར་ཕེབས། དེ་ནས་ཉིན་ཞག་འགའ་ལ་ངལ་གསོའི་སྟབས་དང་བསྟུན་ནས་ཕུན་ཚུན་ཕ་བུ་ལྟར་དགྱེས་སྤྲོའི་ངང་ནས་གསུང་གླེང་ཞིབ་གནང་བ་མ་ཟད། སྐྱང་བཙུན་རིན་པོ་ཆེ་ནས་སྤྲུལ་སྐུ་ལ་ཕྱི་ནང་གསང་བའི་གདམས་པ་སྐོར་ཞིག་དང་ཁྲིད་ལུང་སོགས་གནང་། དེ་ནས་སྤྲུལ་དགེ་འདུན་ཤེས་རབ་སོགས་བྱང་མཇལ་ལ་རྫོངས་སྐྱེས་གྱ་ནོམས་པ་ཕུལ་ཏེ་ཁོང་རྣམ་པ་བྱང་མཇལ་ལ་ཕེབས། དེ་ནས་སྐྱང་བཙུན་མཆོག་ནས་གྲྭ་བ་འགའ་དམུ་དགེ་ལ་ཆེད་དུ་མངག་སྟེ་སྤྲུལ་སྐུ་ཁོང་གི་ཡབ་ཡུམ་ནང་མི་ཡོངས་ལ་རྒྱུ་མཚན་ཞིབ་ཏུ་ཞུས་པ་ལ། ནང་མི་ཀུན་ཀྱང་དགའ་སྤྲོ་མ་གཏོགས་མི་མོས་པའི་རྣམ་འགྱུར་ཙམ་ཡང་མ་བསྟན། ཐམས་ཅད་ཀྱིས་སྡོང་དང་གྲོགས་བྱེད་ཁས་བླངས་ཤིང་། དམུ་དགེ་གྲྭ་ཚང་ལ་ཡང་གནང་བ་ཞུས། དེ་ནས་སླར་ཡང་བྱང་མཇལ་གྲུབ་ནས་བཀའ་གྲོས་ལྟར་སྤྲུལ་དགེ་འདུན་ཤེས་རབ་མཆོག་རང་དགོན་དུ་ཕེབས། དེ་ནས་སྐྱང་བཙུན་རིན་པོ་ཆེའི་མདུན་ནས་དབང་ལུང་ཁྲིད་གསུམ་ཞུས་ཤིང་། ཕྱི་སོ་སོར་ཐར་པའི་སྡོམ་པ་ཞུས་ཏེ་ཚུལ་མཚན་དུ་ཤེས་རབ་ཡེ་ཤེས་སུ་གསོལ། དེ་ནས་སྐྱང་བཙུན་རིན་པོ་ཆེ་ནས་རིན་སྤུངས་དགོན་པའི་གྲྭ་མང་དད་ལྡན་མང་ཚོགས་ཡོངས་དང་ཁྱད་པར་དུ་ཚ་བོ་འགོ་ལྷུན་དང་། འགོ་རིན། སྐྱང་སྨད་དྲང་སྲོང་བཅས་ལ་སྤྲུལ་དགེ་འདུན་ཤེས་རབ་ཁོང་ནི་ངེད་ཀྱི་སྤྲུལ་སྐུ་དངོས་ཡིན་ཚུལ་ལུང་གིས་ཟིན་པ་ལ་སོགས་རྒྱས་པར་གསུངས། ངའི་རྗེས་སུ་བླ་མ་འདི་ལ་བསྟེན། ཁྱེད་ཅག་གིས་ང་དང་དབྱེར་མེད་དུ་དད་མོས་གྱིས་ཞེས་གསུང་རུས་པ་ཅན་མང་པོ་གནང་། གཞན་དགོན་པའི་ཕྱི་ནང་གི་སྐུ་གསུང་ཐུགས་རྟེན་རྣམས་སྒར་ཞིང་དང་བཅས་པ་གཟིགས་སུ་བཅུག་སྟེ་རྗེས་སུ་ཐོ་ཡིག་ལེགས་པར་བཀོད་དེ་རྩིས་སྤྲོད་དགོས་པ་སོགས་ཀྱི་བཀས་བཀོད་གནང་ཏེ་སྤྲུལ་སྐུ་ཤེས་རབ་ཡེ་ཤེས་མཆོག་དབུས་གཙང་ལ་ཕེབས་ཏེ་གདན་ས་སྨན་རི་སོགས་ཀྱི་སྐྱེས་ཆེན་དུ་མའི་མདུན་ནས་དབང་ལུང་ཁྲིད་གསུམ་ཞུས་དགོས་པ་དང་སློབ་གཉེར་ཚུལ་བཞིན་གནང་རྒྱུའི་བཀས་བཀོད་གནང་། འོན་ཀྱང་ལོ་བདུན་ནས་སླར་ཡང་དགོན་པར་ཕེབས་ཏེ་གདན་ས་སྐྱོང་དགོས་པའི་བཀའ་གསུང་བསྩལ་ཏེ་དབུས་གཙང་དུ་ཕེབས་པའི་རྫོངས་སྐྱེས་ཕུན་སུམ་ཚོགས་པ་ཕུལ། དེ་ནས་སྤྲུལ་ཤེས་རབ་ཡེ་ཤེས་མཆོག་དགུང་གྲངས་བཅོ་ལྔའི་སྟེང་རྒྱལ་རོང་ཕྱོགས་ནས་བརྒྱུད་དེ་དབུས་གཙང་ཕྱོགས་ལ་ཕེབས། དེ་ནས་སྐྱང་བཙུན་རིན་པོ་ཆེ་ཁོང་གཞིས་དགོན་ནས་སྒྲུབ་པ་ཉམས་ལེན་རྐྱང་དེད་ཀྱི་མཛད་པ་བསྐྱངས་ཤིང་། ཞོར་ལ་གྲྭ་སློབ་རྣམ་པ་ལ་དབང་ལུང་ཁྲིད་གསུམ་གནང་བ་དང་། དད་ལྡན་མང་ཚོགས་རྣམས་ལ་དགེ་སྒྲུབ་སྡིག་སྤང་གི་བཀའ་སློབ་གནང་བ་སོགས་བསྟན་འགྲོའི་དོན་ཁོ་ནར་བསྐྱངས། དེ་ནས་སྤྱིར་སྤྲུལ་སྐུ་ཤེས་རབ་ཡེ་ཤེས་མཆོག་ལོ་བདུན་ཚུན་ཏེ་སྤྱི་ལོ༡༨༣༣ལོ་ཡས་མས་སུ་ཕྱིར་ཕེབས་དགོས་པའི་བཀའ་བསྩལ་ཡང་། སྤྲུལ་སྐུ་ཁོང་སློབ་གཉེར་སོགས་ཀྱི་རྐྱེན་པས་དུས་ལྟར་ཕེབས་མ་ཐུབ་པས་ཞལ་ཆེམས་སོགས་ཤིང་སྒྲོམ་ཆུང་ངུ་ཞིག་ལ་བཅུག་སྟེ་གཟིམ་ཆུང་གི་གྱང་ཁོག་ཏུ་སྦས་ནས་བསྟན་སྲུང་མ་བདུད་རྒྱལ་གསུམ་ལ་བཅོལ་ཏེ་བཞག དེ་ནས་སྤྱི་ལོ༡༨༣༤ནས་སྤྱི་ལོ༡༨༤༡བར་ཡས་མས་སུ་གྲུབ་པའི་རྟགས་དང་བཅས་ཏེ་རིན་སྤུངས་དགོན་ནས་དགོངས་པ་བོན་དབྱིངས་སུ་གཤེགས། ཁོང་གི་རྩོམ་ལ། རིན་སྤུངས་ཁྱུང་དགོན་གྱི་བསང་མཆོད། རང་དགོན་གྱི་སྒྲིག་ཡིག་སོགས་ཡོད།
རིན་སྤུངས་བཀྲ་ཤིས་སྨིན་གྲོལ་གླིང་གི་དཔེ་ཚོགས་གྲས་ཀྱི་༼རིན་སྤུངས་དགོན་བཀྲ་ཤིས་སྨིན་གྲོལ་གླིང་གི་ལོ་རྒྱུས་ཀུན་འདུས་མེ་ལོང་།༽ལས་བཏུས།