དགེ་སློང་ཤེས་རབ་བསྟན་འཛིན་རིན་པོ་ཆེ།

༄༅། །བཀའ་དྲིན་སུམ་ལྡན་གྱི་རྩ་བའི་བླ་མ་རིན་པོ་ཆེ་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་རབ་ལེགས་གཡུང་དྲུང་གླིང་གི་༧དགེ་སློང་ཤེས་རབ་བསྟན་འཛིན་རིན་པོ་ཆེ་༼ ༡༩༣༠_༢༠༠༩༽དགོངས་པ་བོན་དབྱིངས་སུ་གཤེགས་ནས་མི་ལོ་བརྒྱད་འཁོར་བར་རྗེས་དྲན་ཞུ།
༠༡.jpg
ཤེས་བྱའི་གནས་ལ་བློ་གྲོས་མཆོག་ཏུ་ཡངས།།
རབ་བྱུང་ངུར་སྨྲིག་འཆང་བ་ཡོངས་ཀྱི་རྗེ།།
བསྟན་པ་རིན་ཆེན་ཐབས་དང་ཐུགས་རྗེ་ཡིས།།
འཛིན་སྐྱོང་སྤེལ་བར་མཛད་ལ་གསོལ་བ་འདེབས།།

༠༢.jpg
སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་དང་ལྷན།
༠༣.jpg
རྒྱལ་བ་སྨན་རི་བའི་དཔོན་སློབ་ཚུལ་ཁྲིམས་དབང་ལྡན་རིན་པོ་ཆེ་དང་ལྷན།
༠༤.jpg
མཁས་པའི་དབང་པོ་སྨྲ་བའི་སེང་གེ་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་དང་ལྷན།
༠༥.jpg
གཡུང་གླིང་དགེ་སློང་ཤེས་རབ་བསྟན་འཛིན་རིན་པོ་ཆེ་ལ་བསྟོད་པ།
རིན་སྤུངས་པ་ཁྲོ་བོ་བཀྲ་ཤིས་ཀྱིས་བརྩམས།
ཤེས་བྱ་ཀུན་མཁྱེན་རྗེ་བཙུན་སྨན་རི་བའི། །
རབ་འབྱམས་བྱམས་ཐུགས་འོ་མཚོ་ལས་འཁྲུངས་བཞིན། །
བསྟན་པའི་སྙིང་པོ་བཤད་སྒྲུབ་རྒྱལ་མཚན་ཆེ། །
འཛིན་སྐྱོང་སྤེལ་མཁས་ཁྱེད་ལ་གསོལ་བ་འདེབས། །
ཆུང་ནས་མ་བཅོས་རང་བཞིན་འགྱུར་མེད་གཞིར། །
སྐྱོ་ཤེས་ངེས་འབྱུང་དྲོད་གཤེར་རབ་འཛོམས་པས། །
འཁོར་བའི་ཉེས་སྐྱོན་འདམ་གྱིས་མ་གོས་པ། །
ཚངས་སྤྱོད་པད་མོ་བཞད་ལ་གསོལ་བ་འདེབས། །
གདུང་སེམས་ཆེ་བའི་ཕ་མ་ཁུ་སྤུན་སོགས། །
ཡགས་ཉེས་ཅི་འདྲ་བྱུང་ཡང་སྔོན་ལས་སུ། །
ཤེས་ཤིང་ལས་འབྲས་ཟབ་མོ་རྒྱུད་སྐུལ་སྟེ། །
རྩེ་གཅིག་སྒྲུབ་པ་མཛད་ལ་གསོལ་བ་འདེབས། །
རིག་འཛིན་མཁའ་འགྲོ་བྱིན་གྱིས་རླབས་གནས་སུ། །
འོལ་གླིང་གཉིས་པ་རིན་སྤུངས་གདན་ས་འདིར། །
མཚུངས་སྤྱོད་གྲོགས་རྣམས་མདུང་དང་མདུང་ཁྱིམ་ཚུལ། །
གྲོང་སྤོངས་རྒྱུན་བཞུགས་མཛད་ལ་གསོལ་བ་འདེབས། །
སྙིགས་མའི་དམུ་རྒོད་འགྲོ་ལ་དཔེ་བསྟན་ཕྱིར། །
འཇིག་རྟེན་ཆོས་བརྒྱད་མགོ་བོ་རྡོག་པའི་གནོན། །
དཀའ་ངལ་མ་འཛེམས་ཉམས་ཆུང་ངན་སློང་ཚུལ། །
དགོན་པའི་ཞབས་ཕྱི་སྒྲུབ་ལ་གསོལ་བ་འདེབས། །
སྲིད་ན་རྙེད་དཀོན་ཨུ་དུམ་ཝ་ར་བཞིན། །
གངས་རིའི་ཁྲོད་ན་བསྟན་པའི་སྙིང་པོ་མཆོག །
ཨ་རྫོགས་སྙན་གསུམ་དབང་ལུང་མན་ངག་ཁྲིད། །
ལོ་གསུམ་སྒྲུབ་པ་མཛད་ལ་གསོལ་བ་འདེབས། །
འཇིག་རྟེན་ཁམས་ན་ཕན་བདེ་ཀུན་གྱི་གཞི། །
བསྟན་པའི་གསལ་ཕྱེད་མཁས་པའི་བྱ་བ་གསུམ། །
མི་ཉམས་སྲིད་མཐའི་བར་དུ་རྒྱུན་བརྟན་ཕྱིར་། །
བཤད་གྲྭའི་སྲོལ་བཟང་ཚུགས་ལ་གསོལ་བ་འདེབསས། །
རང་དང་གྲོགས་རྣམས་མཚོ་ཁའི་ངང་བ་བཞིན། །
དྲིན་ཆེན་བླ་མ་སློབ་དཔོན་སྤྱི་བོར་བཀུར། །
ཐུགས་མཐུན་སྡོམ་གསུམ་རིམ་བཞེས་བཅས་ཁྲིམས་གཙང་། །
བསྟན་པའི་མཛེས་རྒྱན་གྱུར་ལ་གསོལ་བ་འདེབས། །
སྐབས་ཤིག་རྐྱེན་ངན་ལྕག་གིས་བསྐུལ་བའི་ཚེ། །
སེམས་ཉིད་རྟ་ཕོ་ཆིབས་ཀྱི་ཁ་བསྒྱུར་ཏེ། །
རྨད་བྱུང་རྒྱལ་བ་གོང་མའི་རྣམ་ཐར་བཞིན། །
གཙང་སྟོད་གྲྭ་ས་བྲོས་ལ་གསོལ་བ་འདེབས། །
རེ་ཞིག་འདུ་འཛི་དབེན་པའི་གནས་མཆོག་ཏུ། །
ཆགས་མེད་ཆོག་ཤེས་བྱ་བྲལ་ཀུན་སྤོངས་ཚུལ། །
ཐུགས་དམ་གཅིག་པའི་གྲོགས་རྣམས་ལྷན་ཅིག་འདུས། །
ཐོས་བསམ་སྒྲོ་འདོག་ཆོད་ལ་གསོལ་བ་འདེབས། །
དེའང་ཡུན་དུ་མ་ཐོགས་གློ་བུ་རུ། །
མི་རྟག་རྒྱུ་མའི་སློབ་དཔོན་སླེབ་བྱུང་ཚེ། །
རྒྱལ་ཁྲིམས་ལྕགས་ཀྱི་ར་བ་བཙོན་ཁང་ནང། །
ལོ་བཅུ་དཀའ་ཐུབ་མཛད་ལ་གསོལ་བ་འདེབས། །
དེ་ལྟ་ནའང་བླ་མ་མཁས་པའི་དྲིན། །
སྡུག་བསྔལ་དང་ལེན་བཟོད་པས་སྐྱོན་གང་བྱུང་། །
ཚོགས་སུ་བསྒྱུར་ཏེ་གནས་ལུགས་ངང་སྐྱོང་བས་། །
གྲུབ་པའི་རྟགས་མཚན་རྫོགས་ལ་གསོལ་བ་འདེབས། །
ཡི་དྭགས་གྲོང་ཁྱེར་ས་སྟེང་ལྷག་པ་བཞིན། །
བཀྲེས་སྐོམས་ཡིད་ལ་བཏགས་པའི་ཁྲིམས་རོགས་ལ། །
ལྟོ་སྐལ་ཁ་ནས་བྲུས་ཏེ་སྦྱིན་པ་ཐོང་། །
སྙིང་རྗེ་མངའ་བདག་ཁྱེད་ལ་གསོལ་བ་འདེབས། །
གཞན་གྱི་སྡུག་བསྔལ་རང་གི་སྟེང་དུ་བླང། །
རང་གི་བདེ་དགེ་གཞན་ལ་སྦྱིན་པ་སོགས། །
སྟོན་པའི་དཀའ་བ་སྤྱོད་བཞིན་གཉིད་སྤང་ཏེ། །
བརྩོན་འགྲུས་ཆུ་རྒྱུན་བསྟེན་ལ་གསོལ་བ་འདེབས། །
བཙོན་པ་རྣམས་ལ་སྐབས་རེ་ཤ་ཐུབ་ཞེས། །
དྲི་ཙམ་བྱུང་ཚེ་ན་ཚའི་ཁག་སྐྲིད་དེ། །
སྙིང་རྗེ་སྲོག་གཅོད་ཤ་ཟ་མ་ཕོད་པས། །
ལྷ་མིའི་དྭངས་བ་འདྲེན་ལ་གསོལ་བ་འདེབས། །
མདོར་ན་བླ་མ་སློབ་དཔོན་བཀའ་བཞིན་དུ། །
ཅི་བྱེད་གང་གནས་སྐྱིད་རུང་སྡུག་བསྔལ་ཡང་། །
བླ་མའི་གསོལ་འདེབས་གནས་ལུགས་དོན་ལ་གོམས། །
གསུང་བཞིན་ཡིད་ཆེས་བསྐྱེད་ལ་གསོལ་བ་འདེབས། །
སླར་ཡང་སྐྱེ་དགུའི་བསོད་ནམས་ཤར་རིའི་རྩེར། །
རྒྱལ་བསྟན་ཉི་གཞོན་གསར་བ་འཆར་བའི་ཚེ། །
ཚེ་ལུས་ལོངས་སྤྱོད་བསྟན་པའི་ཕྱོགས་ཕུལ་ཏེ། །
དཀའ་སྤྱོད་དང་དུ་བླང་ལ་གསོལ་བ་འདེབས། །
བསྟན་པ་འཇིག་རྟེན་ཡུན་དུ་གནས་པ་དང་། །
བསྟན་སྦྱིན་ཕོ་མོའི་བསོད་ནམས་བསོགས་པའི་རྟེན། །
བསྟན་པའི་རྩ་ལག་རྟེན་གསུམ་མང་བཞེངས་ཏེ། །
བསྟན་པ་རྗེས་བཞག་མཛད་ལ་གསོལ་བ་འདེབས། །
བདག་ཀྱང་འདི་ནས་སྐྱེ་བ་ཐམས་ཅད་དུལ། །
དམ་པ་ཁྱེད་ཀྱི་བརྩེ་བས་རྗེས་སུ་བཟུང་། །
གསང་ཆེན་གཡུང་དྲུང་བོན་དང་འཕྲད་ནས་སུ། །
ཚོམས་ཅིག་སྐུ་གསུམ་རྒྱལ་ས་ཟིན་པར་ཤོག །
ཤེས་རབ་བསྟན་འཛིན་གཤེན་བསྟན་མཁའ་དབྱིངས་སུ། །
ཤེས་བྱའི་དཀྱིལ་འཁོར་སྣང་བའི་མི་ཁྱུད་བཞིན། །
ཤེས་དམན་བདག་སོགས་གླིང་བཞིའི་གདུལ་བྱའི་མཁར། །
ཤེས་སྒྲིབ་མི་མང་བསྐལ་བརྒྱར་བརྟན་བཞུགས་གསོལ། །
བཀྲ་ཤིས་རྒྱལ་མཚན་ལ་སོགས་རྟགས་བརྒྱད་རིས། །
བཀྲ་ཤིས་ལྷ་ཡི་བུ་མོ་བཀོད་པ་བཞིན། །
བཀྲ་ཤིས་སྨིན་གྲོལ་གླིང་དུ་འདུས་པའི་སྡེར། །
བཀྲ་ཤིས་དགེ་མཚན་འོད་སྟོང་འབར་གྱུར་ཅིག །
ས་ཡི་དགེ་བཅུའི་དཔལ་འབར་བའི། །
ས་འབུར་རིན་ཆེན་སྤུངས་འདྲའི་སྟེང་། །
ས་གནས་སེམས་དཔའི་གདན་ས་ནས། །
ས་ག་ཟླ་བའི་ཚེས་༼༢༢༽ལ་བྲིས།

ཞེས་༢༠༠༠བོད་ལྕགས་འབྲུག་ལོའི་ས་ག་ཟླ་བའི་ཚེས་༢༢ཉིན་ལ་བྲིས་པའོ། །

༢༡.jpg
གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་རབ་ལེགས་གཡུང་དྲུང་གླིང་གི་༧དགེ་སློང་ཤེས་རབ་བསྟན་འཛིན་རིན་པོ་ཆེའི་མཛད་རྣམ་གནད་བསྡུས།

ཨ་དཔལ་བཟང་གིས་བརྩམས།

   གཡུང་དྲུང་བོན་གྱི་༧གདན་ས་ཆེན་མོ་རབ་ལེགས་གཡུང་དྲུང་གླིང་གི་མཁས་བཙུན་བཟང་གསུམ་གྱི་མངའ་བདག་ཆེན་པོ་༧དགེ་སློང་ཤེས་རབ་བསྟན་འཛིན་རིན་པོ་ཆེ་ནི།སྤྱི་ལོ༡༩༣༠ལོར་མདོ་སྨད་ཤར་དུང་རིའི་མདུན་རྒྱ་བོད་གཉིས་ཀྱི་ས་མཚམས་དེང་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་ཟིང་ཆུ་རྫོང་གཙོ་ཚང་དགོན་གྲོང་རྡལ་གྱི་རིན་སྤུངས་བཀྲ་ཤིས་སྨིན་གྲོལ་གླིང་གི་ལྷ་སྡེ་ཁྲི་རྗེ་ཞེས་པའི་གྲོང་སྡེའི་མདོ་ཕྱུག་ཚང་དུ་སྐུ་འཁྲུངས།སྐུ་གཞོན་ནུའི་དུས་ནས་བྱམས་དང་སྙིང་རྗེ་ལྡན་ཞིང་།དགུང་ལོ་བརྒྱད་ཀྱི་སྟེང་དུ་རིན་སྤུངས་དགོན་ལ་ཕེབས་ནས་ཡོན་ཏན་ཀུན་གྱི་གཞི་མ་འབྲི་ཀློག་ནས་འགོ་བརྩམས་སྟེ་མདོ་སྔགས་ཀུན་གྱི་འཕྲིན་ལས་སོགས་ལ་མཐར་ཕྱིན་པར་སྦྱངས།དེ་ནས་དགུང་ལོ་བཅུ་གཅིག་སྟེང་སྐྱང་སྤྲུལ་བསྟན་འཛིན་དབང་རྒྱལ་མདུན་ནས་ཚངས་པ་སྤྱོད་པའི་དགེ་བསྙེན་གྱི་སྡོམ་པ་ཞུས་ནས་ཚུལ་མིང་དུ་ཤེས་རབ་བསྟན་འཛིན་ཞེས་མཚན་གསོལ།དེ་ནས་རིག་འཛིན་སྟོང་རྒྱུང་རྣམ་རོལ་རིན་སྤུངས་ཨ་ལགས་ཚང་ཤེས་རབ་རྣམ་རྒྱལ་གྱི་མདུན་ནས་དག་ཡིག་ནས་བཟུང་སྟེ་ཐུན་མོངས་ཀྱི་རིག་གནས་སྤྱི་ལ་སྦྱོང་བར་གནང་།དགུང་ལོ་བཅོ་བརྒྱད་སྟེང་དུ་ཀུན་མཁྱེན་ཤར་རྫ་བའི་ཕྱག་སྲོལ་བཞིན་སྒྲུབ་གྲྭ་ལ་ཞུགས་ནསལ་སྔོན་འགྲོ་འབུམ་དགུ་ནས་བསགས་སྦྱོང་དང་ཁྲེགས་ཆོད་ཐོད་རྒལ་རྩ་རླུང་མུན་མཚམས་སོགས་ལ་སྒྲུབ་སྦྱོང་མཛད་དེ་ལོ་ངོ་གསུམ་གྱི་རིང་ལ་ཞུགས།དགུང་ལོ་ཉེར་གཅིག་སྟེང་དགོན་པའི་བཤད་གྲྭའི་ཞུགས་ནས་སྡུད་གྲྭ་དང་ཚད་མ་ཕར་ཕྱིན་སོགས་ལ་སྦྱོང་།བཤད་གྲྭ་ཞུགས་སྐབས་ཟུར་དུ་སྒྲུབ་གྲྭའི་དཔོན་སློབ་ཀྱི་འགན་བཞེས།དགུང་ལོ་ཉེར་བརྒྱད་སྟེང་དབུས་གཙང་གི་བོན་གྱི་གདན་ས་ཁག་ལ་ཕེབས་ནས་དེར་བཞུགས་ཀྱི་སྐྱེས་ཆེན་དུ་མའི་མདུན་ནས་དབང་ལུང་ཁྲིད་སོགས་གང་མང་ཞུས་ཤིང་།དེ་ནས་རབ་ལེགས་གཡུང་དྲུང་གླིང་དུ་ཞུགས་ནས་སླར་ཡང་བཤད་གྲྭར་ཞུགས་ཏེ་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་མཐར་ཕྱིན་པར་བྱས།གཡུང་གླིང་མཁན་པོ་ཤེས་རབ་བསྟན་པའི་རྒྱལ་མཚན་མདུན་ནས་མདོ་སྔགས་གསང་གསུམ་གྱི་དབང་ལུང་དུ་མ་ཞུས།བར་དེར་སྨན་རིའི་མཁན་ཆེན་བསྟན་པ་བློ་གྲོས་ཀྱི་མདུན་ནས་དྲང་སྲོང་གི་སྡོམ་པ་ཞུས།དགུང་ལོ་སོ་དགུ་སྟེང་དུ་དུས་འགྱུར་དབང་གིས་ཁྲིམས་འོག་ཏུ་ལོ་ངོ་བཅུའི་རིང་ལ་དཀའ་ངལ་མཛད།དགུང་ལོ་ལྔ་གཉིས་༼༡༩༨༡༽སྟེང་ཁོང་རིན་པོ་ཆེས་སྐུ་ངལ་ཁྱད་བསད་གནང་སྟེ་གཞིས་རྩེ་ས་ཁུལ་དང་བོད་རང་སྐྱོང་ལྗོངས་སོགས་ལ་སྙན་ཞུ་ཡང་ཡང་ཞུས་ཏེ་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་ལྟར་བོན་གྱི་གདན་ས་ཆེན་མོ་རབ་ལེགས་གཡུང་དྲུང་གླིང་གསར་བཞེངས་ཀྱི་ལས་འགན་བཞེས་ཏེ་སྒྲུབ་ཁང་དང་མཐོང་གྲོལ་ལྷ་ཁང་།ཚོགས་ཁང་ཆེན་མོ་སོགས་གསར་བཞེངས་གནང་བ་དང་རབ་ལེགས་གཡུང་དྲུང་གླིང་གི་བཤད་སྒྲུབ་བསྟན་པའི་བ་དན་སླར་ཡང་སྲིད་པའི་གནས་སུ་བསྒྲེངས་པར་མཛད།དེང་གི་སྐབས་སུ་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་རབ་ལེགས་གཡུང་དྲུང་གླིང་ཞེས་ཀུན་གྱིས་མཐོང་ཐོས་སུ་གྱུར་བ་འདི་ཡང་དགེ་སློང་རིན་པོ་ཆེ་ཁོང་གི་བཀའ་དྲིན་ལས་བྱུང་བ་ཞིག་ཡིན། །༢༠༠༩ལོའི་ཟླ་༡༢ཚེས་༢ཉིན་གདན་ས་ཆེན་མོ་རབ་ལེགས་གཡུང་དྲུང་གླིང་ནས་གྲུབ་པའི་རྟགས་མཚན་དང་བཅས་ཏེ་དགོངས་པ་དབྱིངས་སུ་གཤེགས

21.jpg
རྗེ་བཙུན་བླ་མ་དམ་པ་ངེས་པ་དོན་གྱི་འདུལ་ཁྲིམས་འཆང་དབང་༧དགེ་སློང་ཤེས་རབ་བསྟན་འཛིན་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་མུ་མེད་རྒྱ་མཚོ་ལས་གདུལ་བྱ་བློ་ཡི་གདུང་བ་སེལ་བྱེད་སྐལ་བཟང་དད་པའི་གསོས་སུ་ཅུང་ཟད་སྤེལ་བ་བདུད་རྩིའི་ཐིགས་པ་ཞེས་བྱ་བ་བཞུགས་སོ། །
ཨ་དཔལ་བཟང་གིས་བརྩམས།
སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་དཔེ་སྐྲུན་གནང་།

དཔེ་སྐྲུན་གསལ་བཤད།

   རྒྱལ་བ་མཉམ་མེད་ཆེན་པོས་སྤྱི་ལོ༡༤༠༥ལོར་གཙང་ཐོབ་རྒྱལ་དུ་ཕྱག་བཏབ་པའི་དཔལ་ལྡན་སྨན་རི་དགོན་དང་། སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱིས་སྤྱི་ལོ༡༨༣༤ལོར་གཙང་རུ་ལག་ཏུ་ཕྱག་བཏབ་པའི་རབ་ལེགས་གཡུང་དྲུང་གླིང་ནི་གཡུང་དྲུང་བོན་ལུགས་ཀྱི་རྩ་བའི་གདན་ས་ཡིན་ལ། གཙང་གི་གྲྭ་ས་གོང་འོག་གཉིས་ཞེས་ཀྱང་གྲགས་སོ། །དེ་ཡང་གྲྭ་ས་གོང་མའི་ཕྱག་འདེབས་པ་པོ་རྗེ་རྒྱལ་བ་གཉིས་པ་མཉམ་མེད་ཆེན་པོ་ནི་དང་པོ་རང་ཡུལ་མདོ་སྨད་རྒྱལ་རོང་ནས་རྒྱལ་བ་བྲུ་ཡི་གདན་ས་ཆེན་མོ་གཙང་གཡས་རུ་དབེན་ས་ཁར་བྱོན་ནས་གྲྭ་ས་བཞུགས་ཤིང་། བར་སྐབས་སུ་གདན་ས་གཞན་དང་གཞན་དུའང་འགྲིམ་སྟེ་རིས་མེད་བསྟན་པའི་གསལ་བྱེད་མང་པོའི་ཞབས་པད་གཙུག་ཏུ་བསྟེན་ནས་གཞུང་ལུགས་རབ་འབྱམས་ཐོས་བསམ་བྱས་ཤིང་བརྒལ་བརྟག་གི་སྒོ་ནས་སྒྲོ་འདོགས་ཆོད་པར་བྱས། རྗེས་སུ་གཡས་རུ་དབེན་ས་ཁའི་གདན་ས་སྐྱོང་བའི་བདག་པོར་འགྱུར་ལ་ཉེ་བའི་སྐབས་སུ་འདུས་སྡེ་ཆེན་མོ་གང་དེ་འབྱུང་བའི་ལྟོ་བར་འཐིམས་སྟབས། ཇི་སྐད་དུ། གནས་དང་དུས་ཀྱིས་རླབས་ཆེན་མི་སྣ་སྐྲུན་པར་བྱེད་ཅེས་བརྗོད་པ་ལྟར། ཕྲག་ལ་བབ་པའི་འོས་འགན་གྱིས་འཕགས་མཆོག་དམ་པས་འདུས་སྡེ་གཞི་གསོའི་སྤོབས་པ་རབ་ཏུ་རྒྱས་པར་གྱུར་ཏེ་ཐོབ་རྒྱལ་སྨན་རི་དགོན་པ་འདི་ཀོ་སྐྱེ་དགུའི་བསོད་ནམས་ཆེན་པོའི་གསོས་སུ་བསྐྲུན། དེ་བཞིན་གྲྭ་ས་འོག་མའི་ཕྱག་འདེབས་པ་པོ་སྐྱབས་མགོན་ཟླ་བ་རྒྱལ་མཚན་ནིའང་དང་པོ་རང་ཡུལ་ཨ་མདོ་ཤར་ཁོག་ནས་དཔལ་ལྡན་སྨན་རི་དགོན་དུ་ཕེབས་ཏེ་གྲྭ་ས་བཞུགས་ཤིང་རིམ་བཞིན་དབང་ལུང་ཁྲིད་གསུམ་གྱི་རང་རྒྱུད་རབ་ཏུ་ཕྱུག་པར་བྱས་ནས་སྐྱེས་ཆེན་དམ་པའི་གྲལ་དུ་ཟིན། བར་དུ་གཙང་རོ་འབྲས་བུ་སྐྱེད་ཚལ་སོགས་གདན་ས་ཆེན་པོ་གཞན་ནས་གཞུང་ལུགས་རྒྱ་མཚོའི་སྒྲོ་འདོགས་ཆོད་པར་བྱས་ནས་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་པོའི་མཚན་རྟགས་བཞེས། མཐའ་མར་གདན་ས་སྨན་རིར་ཕྱིར་ཕེབས་ཏེ་མཁན་ཆེན་ཤེས་རབ་དགོངས་རྒྱལ་གྱི་བཀའི་ཅོད་པན་གཙུག་ཏུ་བཀུར་ནས་བཤད་སྒྲུབ་གཉིས་ལས་བཤད་པ་གཙོས་བཟུང་གི་གྲྭ་ས་ཆེན་མོ་གཡུང་དྲུང་གླིང་ཕྱག་བཏབ། དུས་དེ་ནས་བཟུང་བསིལ་ལྡན་གངས་ཀྱི་ར་བ་འདིར་སྒྲུབ་པའི་རྒྱལ་མཚན་བླ་ན་མཐོ་བའི་གྲྭ་ས་གོང་མ་ཐོབ་རྒྱལ་སྨན་རི་དགོན་དང་། བཤད་པའི་བ་དན་དགུང་དུ་བཏེགས་པའི་གྲྭ་ས་འོག་མ་རབ་ལེགས་གཡུང་དྲུང་གླིང་ཞེས་འདུས་སྡེ་ཉི་ཟླ་ཟུང་གིས་གཡུང་དྲུང་གི་བོན་རིན་པོ་ཆེ་སྲིད་པ་འདིར་ཆེས་ཆེར་གསལ་བར་བྱས།
   དེ་དང་དེ་བཞིན་ཆེན་པོའི་ཀྲུང་གོའི་ཡུལ་དུ་དུས་རབས་བཅུ་དགུ་བའི་ལོ་རབས་ལྔ་བཅུ་དང་དྲུག་བཅུ་བའི་ནང་དུ་རིམ་བཞིན་དམངས་གཙོ་བཅོས་བསྒྱུར་དང་རིག་གནས་གསར་བརྗེ་ཆེན་པོ་ཞེས་སྲིད་ལུགས་ཀྱི་འགྱུར་བ་དྲག་ཏུ་བྱུང་སྟེ་སྤྱི་མཐུན་ལས་ཀྱིས་རིས་མེད་ཆོས་ལུགས་ཀྱི་འདུས་སྡེ་ཕལ་མོ་ཆེར་གཏོར་བརླག་ཚད་མེད་ཐེབས་ཏེ་མིང་གི་ལྷག་མར་གྱུར། ལོ་རབས་བརྒྱད་བཅུ་བའི་ནང་དུ་ཆོས་ལུགས་དད་པ་རང་མོས་ཀྱི་སྲིད་ཇུས་འོད་པོ་ཆེ་སྨག་རུམ་དགྲ་གཅན་གྱི་ཁ་ལས་ཐར་ཏེ་སླར་ཡང་ས་ཆེན་འདིར་འཕྲོས་པ་ནས་བཟུང་། གངས་ལྗོངས་འདིར་ཡང་རིས་མེད་རྒྱལ་བསྟན་སླར་གསོའི་འགན་བོ་ཆེ་མེ་ཏོག་ཕོག་པའི་ལྷ་སྐལ་ལྟར་རང་སོ་སོའི་ལུགས་ཀྱི་སྐྱེས་བུ་ཆེན་པོའི་དག་གི་ཕྲག་ཏུ་བབས། དེ་བཞིན་གཡུང་དྲུང་བོན་གྱི་རྩ་བའི་འདུས་སྡེ་གྲྭ་ས་འོག་མ་རབ་ལེགས་གཡུང་དྲུང་གླིང་གི་གཞི་གསོའི་འགན་བོ་ཆེའང་སྐྱབས་མགོན་ཟླ་བ་རྒྱལ་མཚན་རང་གི་འཁྲུངས་ཡུལ་མདོ་སྨད་ཤར་ཁོག་ནས་ལྟེ་ཁྲག་འཕོས་ཤིང་གྲྭ་ས་གང་དེ་ནས་སྙན་པའི་གྲགས་པ་འབར་བའི་དགེ་སློང་རིན་པོ་ཆེ་ཤེས་རབ་བསྟན་འཛིན་མཆོག་གི་སྔོན་སོང་ཐུགས་བསྐྱེད་དུས་སུ་སྨིན་ཏེ་ཕྲག་ཏུ་བཞེས་པའི་སྐལ་བ་ལྡན།
   དེའང་ཇི་སྐད་དུ། སྐྱང་སྤྲུལ་དྲི་མེད་འོད་ཟེར་ཞལ་ནས། དུས་འགྱུར་སྐབས་སུ་བསྟན་དོན་ཐུགས་སྨོན་གནང་། །ཀུན་གྲགས་གླིང་དུ་རབ་འབྱམས་མཚན་རྟགས་བརྙེས། །ཡང་དར་བསྟན་སྤེལ་ཁུར་ཆེན་རབ་བཞེས་ནས། །ཉམས་གསོ་སྐྱོང་སྤེལ་མཛད་ལ་གསོལ་བ་འདེབས། །ཞེས་རང་བཞིན་བརྗོད་པའི་རྒྱན་གྱིས་དྲངས་པ་ལྟར། དགེ་སློང་རིན་པོ་ཆེས་རྒྱལ་བསྟན་མིང་གི་ལྷག་མ་ཙམ་དུ་གྱུར་བའི་དུས་སུ་དཀའ་ཁག་དཔག་ཏུ་མེད་པ་མྱོང་སྟེ་གདན་ས་གཡུང་དྲུང་གླིང་གཞི་གསོ་བྱས་པ་ནི་ཁོང་ཉིད་རྗེ་མཉམ་མེད་དང་སྐྱབས་མགོན་ཟུང་གི་གཤེགས་ཤུལ་སྙེགས་པའི་མཛད་པ་སྟེ་ཀུན་ལས་ཆེས་རྨད་དུ་བྱུང་བའི་མཛད་པར་གྱུར་ཅིང་། དེ་མིན་སྐྱེ་བ་འདིར་བཤེས་གཉེན་མང་པོ་མཉེས་པ་གསུམ་གྱིས་བསྟེན་ནས་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་རབ་འབྱམས་ཐོས་བསམ་བྱས་ཤིང་། གོ་ལོ་ཐོས་ལོ་ཙམ་དུ་མ་བཞག་པར་སྒྲུབ་པའི་རྒྱལ་མཚན་བཙུགས་ཏེ་རྟོགས་པའི་བཙན་ས་ཟིན་པ་དང་། དབང་ལུང་མན་ངག་ཐུགས་ཀྱི་བུམ་པ་གང་བྱོས་སུ་བླངས་ཏེ་གསང་ཆེན་རྒྱུད་སྡེ་བཞི་སོགས་གདམས་པའི་གཏེར་དུ་གྱུར་བ་དང་། གཙང་གཙུག་གི་སྡོམ་པ་བཞེས་ནས་བཟུང་དུས་ཀྱི་འགྱུར་བ་ཇི་ལྟར་རྒོད་རུང་མི་ཚེ་གང་བོར་འདུལ་ཁྲིམས་ལ་གཡའ་ཡིས་མ་བསླད་པར་འདུལ་བའི་པད་སྡོང་དུ་གྱུར་བ་དང་། ཆུང་བྱིས་པའི་དུས་ནས་རྒས་ཤིང་འཁོགས་པའི་བར་དུ་སྙིང་རྗེ་ཆེན་པོས་རང་རྒྱུད་བརླན་ཞིང་ཁྱད་པར་དུ་རང་ཡུལ་རིན་སྤུངས་དགོན་ནས་སྒྲུབ་གྲྭར་བཞུགས་དུས་སུ་ཕྱིན་དྲུག་ལས་བཟོད་པ་ཕ་རོལ་ཏུ་ཕྱིན་པའི་འབྲས་རྟགས་སུ། རང་གི་ཕ་ཡབ་དང་སྤུན་མཆེད་དགྲ་ལག་ཏུ་ཤོར་ནས་ཚེ་ཡི་འདུ་བྱེད་རྫོགས་པ་ལ་སོ་སོ་སྐྱེ་བོའི་དགྲ་འདུལ་གཉེན་སྐྱོང་གི་ངང་ཚུལ་ལས་རབ་ཏུ་བརྒལ་ཏེ་དགྲ་ཕྱོགས་དང་གཉེན་ཕྱོགས་ཟུང་ལ་སྙིང་རྗེ་སྙོམས་སྒོམ་མཛད་པ་མ་ཟད། ལྷག་ཏུ་དགྲ་བོས་ཕྱི་མར་སྲོག་གི་བུ་ལོན་འཇལ་ཕྱིར་དམྱལ་བ་ཡང་སོས་ཀྱི་མནར་བ་དཔག་མེད་མྱོང་དགོས་པར་དགོངས་ནས་ཤས་མི་བཟོད་པའི་བརྩེ་བས་སྤྱན་ཆབ་བསིལ་བ་ལྟ་བུ་བྱང་ཆུང་སེམས་དཔའི་མཛད་པ་ལྷུར་བཞེས་པ་ལ། སློབ་དཔོན་རིན་པོ་ཆེ་བསྐལ་བཟང་དར་རྒྱས་ཞལ་ནས། བྱང་ཆུབ་སེམས་དཔའ་གཞན་ཕན་སྙིང་བོ་ཞེས། །གནོད་པ་བྱེད་པའི་ཕ་རོལ་དགྲ་ཡི་ཚོགས། །ལྷག་པར་བརྩེ་ཞིང་དེ་ཡི་དོན་བསམ་པར། །བཟོད་པའི་མངའ་བདག་ཆེན་པོ་ཁྱེད་ལ་བསྟོད། །ཅེས་གསུངས་པ་སོགས་ནི་སྤྱིར་དགེ་སློང་འདི་པ་རྩ་བའི་གདན་ས་ཟུང་གི་ཕྱག་འདེབས་པོའི་རྗེས་སུ་ཞུགས་པའི་དན་རྟགས་ཡིན་ལ། ཁོང་རིན་པོ་ཆེའི་མཛད་པ་གཞན་དང་འདྲ་ཞིང་གཞན་ལས་འཕགས་པའི་སྒེར་ཆོས་སུའང་འཁུམས་སོ། །
   ཇི་སྐད་དུ། བླ་མ་དམ་པའི་རྣམ་ཐར་ནི། །རྗེས་འཇུག་སློབ་མའི་ཕྱག་ལེན་ཡིན། །ཞེས་བརྗོད་པ་ལྟར་དགེ་སློང་རིན་པོ་ཆེའི་འཁོར་གྱི་གྲས་སུ་གཏོགས་ཤིང་ཁོང་རིན་པོ་ཆེར་ལོ་དུ་མའི་རིང་དུ་སྐུ་གཡོག་མཛད་མྱོང་བའི་མཁྱེན་ཡངས་ཨ་དཔལ་བཟང་ནས་ད་ཐེངས་རས་རེའི་ཆུ་བུར་མིག་གི་མཐོང་ཆོས་སུ་ཆེ་བརྗོད་ཚིག་གི་སྤྲོས་པ་བསྐྱུངས་ཤིང་འུར་བརྗོད་སྒྲོ་བསྐུར་བྲལ་བའི་ངང་དུ་དགེ་སློང་རིན་པོ་ཆེའི་མཛད་པ་མདོར་བསྡུས་ལོ་ཡི་འགྲོས་ལྟར་བསྟར་བ་ལ། རང་རེའི་འཁོར་འབངས་ཀུན་ནས་བླ་མའི་མཛད་པ་རྗེས་སུ་དྲན་ཞིང་ཁ་མིག་ཡར་ལྟོས་སུ་སྤྱིར་རྒྱལ་བ་མཉམ་མེད་ཆེན་པོ་དང་སྐྱབས་མགོན་ཟླ་བ་རྒྱལ་མཚན་ལྟ་བུ་སངས་རྒྱས་དངོས་བྱོན་དང་སྒོས་སུ་དགེ་སློང་རིན་པོ་ཆེ་འདི་པ་ཚང་ལྟ་བུའི་གཤེགས་ཤུལ་ཟིན་ཏེ་མཚུམས་མེད་གྱེར་གྱི་བསྟན་པ་འདི་ལ་སྲི་ཞུ་གང་ནུས་ཀྱིས་བསྒྲུབ་དགོས་སོ། །

ཞེས་རྗེ་བཙུན་བླ་མ་དམ་པ་ངེས་པ་དོན་གྱི་འདུལ་ཁྲིམས་འཆང་དབང་༧དགེ་སློང་ཤེས་རབ་བསྟན་འཛིན་དཔལ་བཟང་པོའི་རྣམ་པར་ཐར་བ་ངོ་མཚར་མུ་མེད་རྒྱ་མཚོ་ལས་གདུལ་བྱ་བློ་ཡི་ཚ་གདུང་སེལ་བྱེད་སྐལ་ལྡན་དད་པའི་གསོས་སུ་ཅུང་ཟད་སྤེལ་བ་བདུད་རྩིའི་ཐིགས་པ་ཞེས་པའི་དཔེ་སྐྲུན་གསལ་བཤད་ཀྱི་ཚུལ་དུ་གུས་ཕྲན་ཨ་སྔགས་ཚེ་རིང་བཀྲ་ཤིས་སམ་བརྡ་སྤྲོད་བཏགས་མིང་དུ་སྒྲ་དབྱངས་སྨྲ་བའི་རྡོ་རྗེར་འབོད་པས་སྤྱི་ལོ༢༠༡༤ལོའི་ཟླ༡༢ཚེས༡ཉིན་སྤོས་ངད་ལྡང་བའི་གྲོང་ནས་ལེགས་པར་བསྐུལ་བའོ། །

༣༣༣༣.jpg

ཞེས་དྲིན་ཅན་རྩ་བའི་བླ་མ་རིན་པོ་ཆེ་དགོངས་པ་བོན་དབྱིངས་སུ་ཐིམ་ནས་མི་ལོ་བརྒྱད་འཁོར་བའི་དུས་དྲན་ཉིན་གང་གི་སློབ་འབངས་ཡོངས་ཀྱི་ཐ་ཤལ་བ་ཨ་དཔལ་བཟང་ནས་ཕུལ།