དཔོན་སློབ་བསྐལ་བཟང་དར་རྒྱས།

  མདོ་སྨད་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་༧དཔལ་གཤེན་བསྟན་ཀུན་ཁྱབ་བདེ་ཆེན་གླིང་ངམ་དགའ་མལ་དགོན་ཆེན་གྱི་དཔོན་སློབ་ཁྲི་རབས་དང་པོ་༧བསྐལ་བཟང་དར་རྒྱས་རིན་པོ་ཆེ་མཆོག་གི་མཛད་རྣམ་སྙིང་བསྡུས།
001.jpg
བསྐལ་བཟང་ཞིང་གི་རྣམ་འདྲེན་མཆོག་སྲས་ཀྱིས། །
བགྲོད་ལམ་དར་རྒྱས་དྲི་མེད་ཤེལ་བུམ་དུ། །
སྨིན་གྲོལ་བཅུད་ཁེངས་བླ་མེད་མངོན་མཐོ་བའི། །
ཡོངས་འཛིན་བསྟན་པའི་བདག་ཉིད་གསོལ་བ་འདེབས། །

   མདོ་སྨད་ཟིང་ཆུ་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོ་ྋདཔོན་སློབ་བསྐལ་བཟང་དར་རྒྱས་རིན་པོ་ཆེ་མཆོག་ནི། མདོ་སྨད་ཤར་ཁོག་གནས་ཆེན་དུང་རིའི་མདུན་ཞོལ་ཟིང་ཆུ་རིན་སྤུངས་དགོན་པའི་ལྷ་སྡེ་ཨ་སྟོང་གྲོང་ཚོའི་དྲང་སྲོང་ཚང་ཞེས་པའི་རིགས་རུས་ཕུན་སུམ་ཚོགས་པའི་ཁྱིམ་གཞིས་སུ་ཡབ་ལྕགས་ཕོ་འབྲུག་བྱ་བ་དང་ཡུམ་ལྕགས་སྨན་བྱ་བ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་མེ་སྟག་ལོ་སྟེ་ཕྱི་ལོ་༡༩༢༦ལོར་སྐུ་འཁྲུངས་ཤིང༌། མཚན་ལ་མ་ཏིའམ་བློ་གྲོས་ཞེས་སུ་གསོལ།
   སྐུ་ན་ཆུང་ངུའི་དུས་ནས་ཀྱང་ཐུགས་གཤིས་བཟང་ཞིང་རྣམ་དཀར་དགེ་བའི་རིགས་ཀྱི་མྱུ་གུ་དུས་སུ་སྨིན་སྟབས་རིན་སྤུངས་ཨ་ལགས་ཚང་ངམ་མཆོག་སྤྲུལ་ཤེས་རབ་རྣམ་རྒྱལ་མཆོག་གིས་རྗེས་སུ་བཟུང་སྟེ་གང་གི་དྲུང་ནས་གཙང་མ་གཙུག་ཕུད་ཀྱི་སྡོམ་ཁྲིམས་མནོས་པས། ཚུལ་མཚན་དུ་བསྐལ་བཟང་དར་རྒྱས་ཞེས་སུ་བསྩལ། དེ་ནས་རིམ་བཞིན་འབྲི་ཀློག་འདོན་གསུམ་ནས་དབུ་བཟུང་སྟེ་བརྡ་དག་སྙན་གསུམ་སོགས་རིག་གནས་ཀྱི་སྐོར་དང༌། ཁྱད་པར་ཀུན་མཁྱེན་ཤར་རྫ་པའི་གསུང་འབུམ་མཛོད་ཆེན་རྣམ་ལྔ་སོགས་ཁྲིད་ཞུས་མཛད་ཅིང༌། གཞན་ཡང་མདོ་སྔགས་སེམས་གསུམ་གྱི་དབང་ལུང་ཁྲིད་གསུམ་སོགས་གདམས་ཁྲིད་ཅི་རིགས་ཞུས་ཏེ་ཐོས་བསམ་གྱི་གནས་ལ་འབུངས་པར་མཛད། རྣམ་དཔྱོད་ཀྱི་ཤེས་རབ་ཤིན་ཏུ་རྒྱས་ཤིང་མཁས་པའི་བྱ་བ་གསུམ་ལ་མངའ་དབང་བསྒྱུར་བའི་སྤོབས་པ་ཐོབ། དེ་མཚམས་བྱང་སྔགས་གཉིས་ཀྱི་བསླབ་སྡོམ་དང༌། དེ་བཞིན་སྔོན་འགྲོ་དང་དངོས་གཞི་ཐབས་ལམ་དྲུག་སོགས་མན་ངག་མཐའ་དག་ཉམས་བཞེས་ཀྱིས་སྒོམ་སྒྲུབ་ཚུལ་བཞིན་བསྐྱངས་པས་སུམ་ལྡན་རིག་པ་འཛིན་པའི་གྲལ་དུ་ཚུད་དོ། །
   དེ་རྗེས་རྩ་བའི་བླ་མ་རིན་སྤུངས་མཆོག་སྤྲུལ་རིན་པོ་ཆེས་བྱབྱང་ཡི་རྗེས་སུ་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་ཁྱེད་ཀྱིས་འཛིན་དགོས་བྱབྱཞེས་རྒྱལ་ཐེབས་དཔོན་སློབ་ཀྱི་ཁྲི་ལ་མངའ་གསོལ་མཛད་པས་དེ་ནས་བཟུང་དཔོན་སློབ་ཚང་ཞེས་མཚན་དུ་གྲགས། ད་དུང་ཁོང་གིས་བྱབྱཁྱེད་དེ་ཙམ་གྱིས་མ་ངོམས་པར་མདོ་དབུས་ཁམས་གསུམ་ཀུན་ཏུ་ཕེབས་ཏེ་རིས་མེད་ཀྱི་དགོན་སྡེ་དང་སྐྱེས་ཆེན་དུ་མའི་མདུན་ནས་ཐོས་བསམ་སྒོམ་གསུམ་གྱི་རིག་རྩལ་འཕྲུལ་གྱི་འཁོར་ལོའི་གར་བསྒྱུར་ལ་དབང་ཐོབ་པར་གྱིས་ལ་ཤོག་བྱབྱཅེས་བཀའ་མངགས་ཀྱང་མཛད།
   དེ་ལྟར་རྩ་བའི་བླ་མའི་བཀའ་བཀོད་ལྟར་དགུང་ལོ་ཉི་ཤུའི་ཐོག་འཕེན་ཆུ་བསམ་འགྲུབ་དགོན་པའི་སྒྲུབ་གྲྭའི་མཁན་པོ་གཡུང་དྲུང་བསྟན་པའི་མདུན་ནས་ལོ་འཁོར་གཉིས་རིང་གྲུབ་དབང་ཤར་རྫ་པའི་བཀའ་འབུམ་ཡོངས་རྫོགས་དབང་ཁྲིད་བསྐྱར་ཞུས་ཀྱིས་རྒྱས་པར་སྦྱངས། དེ་མཚམས་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་པར་ཕེབས་ཏེ། ལོ་ཆེན་བཻཻ་རོ་ལྟ་བུའི་མཁས་པར་འགྱུར་བའི་སྨོན་འདུན་གྱིས་གནས་ལྔ་རིག་པའི་རྩེར་སོན་ཨ་ཁུ་ལྷ་མོ་ཚུལ་ཁྲིམས་ཚང་གི་ཞབས་དྲུང་ནས་བསྡུས་ཆུང་ནས་བཟུང་སྟེ་གྲུབ་དོན་ས་གསུམ་དང་ཚད་མ་ཕར་ཕྱིན་དབུ་མ་བཅས་ལ་གསན་བསམ་མཐའ་རུ་ཕྱིན་པར་གནང་རྗེས་ལྷ་ལྡན་ཕྱོགས་སུ་ཞབས་བསྐྱོད་ཀྱིས་འབྲས་སྤུངས་གྲྭ་སར་ཞུགས། རྒན་ངག་དབང་ཉི་མ་དང་སོག་རིགས་ཐུབ་བསྟན་ཉི་མ་ཞེས་མཁས་དབང་ཉི་ཟླ་རྣམ་གཉིས་ཀྱི་མཁྱེན་བརྩེའི་འོད་སྣང་ཕྱོགས་མེད་དུ་བརྡལ་བའི་བཀའ་འོག་ནས་ཕར་ཕྱིན་ཐེག་པའི་གཞུང་སོགས་ལ་བསྐྱར་སྦྱོང་གི་ཚུལ་བཟུང་སྟེ་སྦྱང་བརྩོན་ཆུ་བོའི་རྒྱུན་བཞིན་མཛད་མཐར་གཞུང་ཆེན་བཀའ་པོད་ལྔའི་དགོངས་དོན་མཐིལ་དུ་ཕྱིན་པར་རྟོགས་ནས་མཁྱེན་དཔྱོད་བློ་གྲོས་ཀྱི་འདབ་སྟོང་ཀུན་ནས་ཡངས་པར་བཞད་སྟེ་གཤེན་བསྟན་འཛིན་མའི་རྒྱན་དུ་གྱུར།
   དེ་ནས་ཕག་གི་ལོར་དུས་འགྱུར་བྱུང་བས་དབུས་ཀྱི་དགོན་སྡེ་ཆོས་སྤྱོད་ཐམས་ཅད་གཏོར་བརླག་ཏུ་ཕྱིན་པས་བཞུགས་བཟོད་བྲལ་སྟབས། གཙང་ལ་ཕེབས་ནས་གདན་ས་འོག་མ་རབ་ལེགས་གཡུང་དྲུང་གླིང་དུ་ལོ་གཅིག་བཞུགས། དེར་བཞུགས་རིང་གཡུང་དྲུང་གླིང་གི་ཕུག་མཛོད་ཁང་དུ་བཞུགས་པའི་བཀའ་བརྟེན་ཡོད་རིགས་མཇལ་བས་མ་ཚད་ཕུག་མཛོད་ཁང་དུ་བཞུགས་པའི་དཔེ་དཀོན་ཡོད་རིགས་ཟིན་ཐོར་བཀོད་སྟེ་༼གླེགས་བམ་གཏེར་གྱི་ཁ་བྱང་༽ཞེས་པའི་དཀར་ཆག་ཅིག་ཀྱང་མཛད།
   དེ་བཞིན་གདན་ས་གོང་མ་བཀྲ་ཤིས་སྨན་རིའི་གླིང་དང༌། གདན་ས་བར་མ་མཁར་སྣ་བསམ་གཏན་གླིང༌། གཤེན་ཚང་ཁྲི་བརྟན་ནོར་བུ་རྩེ་སོགས་དགོན་གནས་དུ་མར་མཇལ་མཚམས་ད་ནི་འདིར་བསྡད་པས་དོན་མེད་སྙམ་སྟེ་རང་ཡུལ་ཕྱོགས་སུ་ལོག་ཕེབས་མཛད་ཅིང་མ་རྒན་དང་འཕྲད། རིག་གསར་གྱི་དུས་སྐབས་སུ་ལོ་དུ་མའི་རིང་ལ་ངལ་རྩོལ་གྱི་ལས་ལ་ཞུགས་ཀྱང༌། རང་རྒྱུད་ན་ལུང་དང་རྟོགས་པའི་དཔའ་གདེང་ཞིག་ཡོད་པས། ལས་སྣང་ཇི་ལྟར་གྱུར་ཀྱང་བསྟན་པ་ནི་ཡོད་གསུངས། ཉི་མ་ནུབ་ཀྱང་སླར་འཆར་བ་བཞིན་སྤྱི་མཐུན་དགེ་བའི་ལས་ཀྱིས་བོན་སྒོ་སླར་ཡང་ཕྱེས་ཏེ་བསྟན་པ་བསྐྱར་དུ་དར་བའི་དགེ་མཚན་ཤར་བས། རྔ་ལྗོངས་བོན་གྱི་འདུས་སྡེ་ཆེན་མོ་རྟོགས་ལྡན་བཀྲ་ཤིས་འཁྱིལ་གླིང་གི་ཡོངས་འཛིན་བཟོད་པ་རིན་པོ་ཆེ་མཆོག་གི་སྐུ་མདུན་དུ་མཇལ་བཅར་ཞུས་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། ཚུལ་མཚན་དུ་ཚུལ་ཁྲིམས་བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོ་ཞེས་སུ་གསོལ། དགོན་གནས་དེར་ཡོངས་འཛིན་རིན་པོ་ཆེས་གཙོས་པའི་སྐྱེས་ཆེན་ཁག་གི་དྲུང་ནས་ལུང་ཁྲིད་སོགས་མན་ངག་ཟབ་མོའི་བདུད་རྩིས་ཐུགས་ཀྱི་བུམ་པ་གང་བར་བྱས་ནས་བླ་མའི་བཀའ་བཞིན་རང་ཡུལ་དུ་ཕེབས། དེ་ནས་གནས་མཆོག་མ་རྒྱུད་གསང་མཆོག་མཐར་ཐུག་རྒྱལ་པོའི་གནས་ཆེན་གྱི་ནང་ཚན་བྱང་བྱ་དུར་མཁའ་འགྲོ་འུག་གདོང་མའི་རི་ཁྲོད་དུ་བཞུགས་ཏེ་སློབ་གཉེར་པ་དང་རི་ཁྲོད་པ་སོགས་སྐལ་ལྡན་གྱི་གདུལ་བྱ་བཅུ་ཕྲག་བརྒྱད་ལྷག་ལ་བརྡ་སྦྱོར་སྙན་ངག་རྩིས་སོགས་ཐུན་མོང་རིག་གནས་ཀྱི་སྐོར་དང༌། ཐུན་མིན་ནང་གི་སྔོན་འགྲོ་དང༌། དངོས་གཞི། ལམ་རིམ། ཨ་ཁྲིད་རྫོགས་ཆེན་བཅས་ཀྱི་སློབ་ཁྲིད་བསྐྱངས་ནས་བཞུགས།
   དེ་ལྟར་ལོ་ངོ་གསུམ་ཙམ་བཞུགས་རྗེས་ཤར་ཁོག་ཟིང་ཆུ་ཕྱོགས་ཀྱི་ནང་དགོན་ཁག་ལྔ་དང་དགོན་ལག་བཅུ་གསུམ་གྱི་གདན་ས་དགའ་མལ་དགོན་ཆེན་དུ་བཤད་སྒྲུབ་ཀྱི་བསྟན་པ་སླར་འཛུགས་ཀྱི་དབུ་བཟུང་དགོས་པར་ནན་གྱིས་ཞུས་ངོར་དགའ་མལ་དགོན་ཆེན་དུ་ཕེབས་ཤིང༌། བཤད་གྲྭ་དང་སྒྲུབ་གྲྭ་ཟུང་འབྲེལ་གྱི་སྒོ་ནས་མདོ་སྨད་ཟིང་ཆུའི་ཡུལ་དུ་སླར་ཡང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་དང༌། འཆད་ཉན་སྒོམ་སྒྲུབ་ཀྱི་ངང་ནས་དར་ཞིང་རྒྱས་པར་མཛད།

001.jpg
༧ དཔོན་སློབ་རིན་པོ་ཆེ་ཁོང་སྐུ་བཞུགས་དུས་ཀྱི་༧དགའ་མལ་དགོན་ཆེན་གྱི་བཤད་གྲྭ་བ་རྣམས་དང་ལྷན་བསྐྱོན་གྱི་སྐུ་པར།

དེ་བཞིན་ལྷ་སྡེ་མང་ཚོགས་རྣམས་ལའང་ལོ་བསྟར་སྔོན་འགྲོ་བསགས་སྦྱོང་དང་སྐྱབས་འགྲོ་སྒོམ་ཁྲིད་སོགས་ཀྱི་བཀའ་ཁྲིད་བསྐྱངས་ནས་འགྲོ་རྣམས་འཁོར་བའི་དུཿཁ་ལས་སྐྱོབས་པའི་དོན་ཆེན་ཐུགས་ལས་གཡེལ་མེད་དུ་བསྐྱངས་མཐར། རེ་ཞིག་འགྲོ་དོན་རྫོགས་པའི་ཚུལ་ཙམ་བསྟན་ནས་ཕྱི་ལོ་༡༩༨༩སྟེ་བོད་རབ་བྱུང་བཅུ་བདུན་པའི་ས་སྦྲུལ་ལོའི་ཧོར་ཟླ་བདུན་པའི་ཚེས་དྲུག་ཉིན་དགུང་ལོ་རེ་བཞི་བཞེས་པའི་ཐོག་དགོངས་པ་བོན་དབྱིངས་སུ་གཤེགས་སོ། །

0000.jpg
དཔོན་སློབ་རིན་པོ་ཆེ་མཆོག་དང་དངོས་སློབ་འགའ་དང་ལྷན་བསྐྱོན་གྱི་སྐུ་པར།

   མདོར་ན་དེང་གི་ཆར་ཟིང་ཆུ་ཤར་ཁོག་ཡུལ་དུ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ཅུང་ཟད་དར་རྒྱས་སུ་གནས་པ་འདི་ཡང་དམ་པ་གང་གི་བཀའ་དྲིན་ཁོ་ན་ལས་གྲུབ་པ་ཡིན་ལ། ཁྱད་པར་དུ་དགའ་མལ་དགོན་ཆེན་ན་བཤད་སྒྲུབ་ཀྱི་བསྟན་པ་སླར་ཚུགས་ནས་ད་ལྟའི་བར་དུ་རྒྱུན་གནས་སུ་ཆགས་པ་དེ་ཡང་དམ་པ་ཁོང་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ནི་སྨོས་སུ་མེད་དོ། །
   ཁོང་གི་དངོས་སློབ་ཀྱང་མདོ་དབུས་ཁམས་གསུམ་ཀུན་ལ་ཁྱབ་ནས་ཡོད་ཅིང༌། ཁྱད་པར་ད་ལྟའི་ཆར་ཤར་ཁོག་གི་ཕྱི་དགོན་ལག་བཅུ་གསུམ་དང་ནང་དགོན་ཁག་ལྔའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད་པའི་བླ་སྤྲུལ་དང་མཁན་པོ་དེ་བཞིན་དགེ་བཤེས་སོགས་ཡོད་ཚད་ཀྱང་ཁོང་གི་དངོས་སློབ་བམ་ཡང་སློབ་ཏུ་མ་གྱུར་པ་མེད་སྟེ། མཚན་འགའ་ཞིག་སྨྲོས་ན། རབ་ལེགས་གཡུང་དྲུང་གླིང་གི་དགེ་སློང་ཤེས་རབ་བསྟན་འཛིན་རིན་པོ་ཆེ་དང༌། དགའ་མལ་དགོན་ཆེན་གྱི་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་ལམ་བླ་མ་ཚེ་རིང༌། ཁྱུང་པོ་རྩེ་དྲུག་དགོན་པའི་སྤྲུལ་སྐུ་འཇམ་མེ། ལྕགས་མདུད་ཟླ་བ་རྒྱལ་མཚན། ཤར་པ་སྣང་ཞིག་མཆོག་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན། རིན་སྤུངས་སྒྲུབ་སློབ་རྣལ་འབྱོར་ལྷུན་གྲུབ་བསྟན་འཛིན། སྐྱང་ཚང་དཔོན་སློབ་ཚུལ་ཁྲིམས་དཔལ་འབྱོར། ཁོད་པོའི་མཆོག་སྤྲུལ་བོན་མཁར་བླ་མ་སྐལ་བཟང་རིན་ཆེན། དགའ་མལ་དགོན་ཆེན་གྱི་སྒྲུབ་སློབ་ཤེས་རབ་ཚུལ་ཁྲིམས་སོགས་ནི་དེང་གི་ཆར་རང་ཡུལ་དང་རང་དགོན་ཕྱོགས་སུ་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་ཐུགས་འགན་བཞེས་དང་བཞེས་བཞིན་པ་ཤ་སྟག་གོ། །
   ཁོང་གི་གསུང་འབུམ་ལའང་༼ཞྭ་དཀར་བསྟན་པའི་ལོ་རྒྱུས་ཀེ་ཏ་ཀའི་འཕྲེང་མཛེས་༽དང༌། ༼གསོ་རིག་སྨན་དཔྱད་རྒྱུད་འབུམ་བྱུང་ཚུལ།༽ ༼བསྡུས་གྲྭའི་རྣམ་བཞག་བློ་གསལ་པད་མོ་བཞད་པའི་ཉི་མ།༽ ༼བསྡུས་གྲྭའི་རྣམ་བཞག་རིགས་ལམ་འདབ་སྟོང་དགའ་ཚལ།༽ ༼རྟགས་རིགས་ཀྱི་རྣམ་བཞག་ཉུང་བསྡུས་ནོར་བུའི་དོ་ཤལ།༽ ༼ཁྱབ་པ་སྒོ་བརྒྱད་ཀྱི་སྐོར་སོགས་ཅུང་ཟད་ཁ་གསལ་དུ་བཀོད་པ།༽ ༼སེམས་ཙམ་པའི་མཚན་ཉིད་གསུམ་དང་ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཅུང་ཟད་བཤད་པ།༽ ༼གླེགས་བམ་གཏེར་གྱི་ཁ་བྱང༌།༽ ༼བརྡ་སྦྱོར་སྙིང་པོ་དོན་གསལ།༽ ༼དོན་རྒྱན་སོ་ལྔའི་དཔེར་བརྗོད་རིན་ཆེན་རྒྱན་བཟང༌།༽ ༼མངོན་བརྗོད་ཆུ་སྐྱེས་དོ་ཤལ་བློ་གསལ་དགའ་སྐྱེད།༽ ༼བོན་རྙིང་དང་བོན་ཆོས་དབྱེར་མེད་སྐོར་གྱི་མོལ་མཆིད།༽ ༼གསུང་རྩོམ་ཐོར་བུའི་སྐོར་༽སོགས་ཡོད་པ་རྣམས་ཐམས་ཅད་གསུང་འབུམ་དུ་ཕྱོགས་བསྒྲིགས་ཞུས་ཏེ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་༢༠༠༩ལོར་དཔར་དུ་བསྐྲུན་ཡོད།

00888.jpg

སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་བྱས་པ།

   ཅེས་པ་འདི་ཉིད་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་དཔོན་སློབ་བསྐལ་བཟང་དར་རྒྱས་རིན་པོ་ཆེ་མཆོག་གི་མཛད་རྣམ་ཆུ་གཏེར་རྒྱ་མཚོ་ལས་ཆུ་ཐིགས་ཙམ་ཞིག་བླངས་ཏེ་བྲིས་ཁུལ་བྱས་པ་འདིར་ནོར་སྐྱོན་དང་ཞན་ཆ་ཅི་མཆིས་དམ་པ་གང་ལ་མཐོལ་ཞིང་བཤགས་ལ། དེ་བཞིན་དགེ་བའི་ཆ་ཡང་གང་ཞིག་སྲིད་ཚེ་གྱེར་བསྟན་དར་ཞིང་རྒྱས་པར་སྡོང་བའི་རྒྱུ་རུ་བསྔོ་བར་བྱེད་པ་པོ་ནི་དམ་པ་གང་གི་ཡང་སློབ་ཏུ་གཏོགས་པ་རིན་སྤུངས་ཚུལ་བསྟན་ནམ་པན་ཙ་ཚུལ་ཁྲིམས་བསྟན་འཛིན་དུ་འབོད་པས་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནས་སྦྱར་བའོ།། །།

བོན་མཐུན་འབྲེལ་ལྷན་ཁང་གི་ལོ་དེབ་༼བོན་སྒོ༽སྤྱིའི་འདོན་ཐེངས་ཉེར་གསུམ་པ་ལས་བཤུས།