སྒྲུབ་སློབ་ཤེས་རབ་ཚུལ་ཁྲིམས་རིན་པོ་ཆེ།

མདོ་སྨད་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་༧དཔལ་གཤེན་བསྟན་དགའ་མལ་དགོན་ཆེན་གྱི་སྒྲུབ་གྲྭ་མདོ་སྔགས་བཤད་སྒྲུབ་གླིང་གི་སྒྲུབ་སློབ་ཤེས་རབ་ཚུལ་ཁྲིམས་རིན་པོ་ཆེ་མཆོག་གི་མཛད་རྣམ་གནད་བསྡུས།
06.jpg
 སྒྲུབ་སློབ་ཤེས་རབ་ཚུལ་ཁྲིམས་རིན་པོ་ཆེ་མཆོག་གི་ཉེ་པར།
མདོ་སྨད་དགའ་མལ་དགོན་ཆེན་གྱི་སྒྲུབ་གྲྭའི་དཔོན་སློབ་ཤེས་རབ་ཚུལ་ཁྲིམས་མཆོག་ནི་སྤྱི་ལོ༡༩༣༨བོད་ས་ཕོ་སྟག་གི་ལོ་ཟླ་བ་༨པའི་ཚེས་༡༨ལ་ཟིང་ཆུ་རྫོང་ཆོས་ཡག་གྲོང་སྡེའི་ཁང་རྙིང་ཚང་དུ་ཡབ་དོན་འགྲུབ་དང་ཡུམ་མཁར་སྒང་ཟ་གཉན་མོ་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་དགུའི་སྟེང་རྟོགས་ལྡན་ཤེས་རབ་ཕུན་ཚོགས་མདུན་ནས་འབྲི་ཀློག་འདོན་གསུམ་སྦྱོང་སྟེ་རྟོགས་ལྡན་གྱིས་དགོངས་རྟགས་ལེགས་པར་གཟིགས་ཏེ་སློབ་བུ་གཞན་དང་མི་འདྲ་གསུངས་ནས་མཚན་ལ་ཤེས་རབ་བློ་གསལ་གསོལ། དགུང་ལོ་བཅུ་གཉིས་ཐོག་སྐྱིད་འཛོམས་གཡུང་དྲུང་གླིང་གི་ཚོགས་གྲལ་དུ་བཞུགས། བཅུ་གསུམ་སྟེང་བྱ་འཕུར་ཕུན་ཚོགས་དབང་རྒྱལ་དྲུང་དུ་བློ་ལྡོག་རྣམ་བཞི་སྔོན་འགྲོ་བསགས་སྦྱོང་སོགས་གསན་བསམ་གནང་བ་དང་གཞན་དབང་ལུང་དུ་མ་ཐོབ། དགེ་བསྙེན་གྱི་སྡོམ་པ་ཞུས་ནས་མཚན་ལ་ཤེས་རབ་མཐར་ཕྱིན་གསོལ། རྣམ་གཙང་དགེ་རྒན་སྐལ་བཟང་ཚུལ་ཁྲིམས་དྲུང་ནས་བྲིས་དང་གར་འཆམ། མདོ་སྔགས་ཀྱི་འདོན་ཕྱག་ལེན་གྱེར་དབྱངས་སོགས་སློབ། རང་ལོ་བཅོ་ལྔའི་ཐོག་དགའ་མལ་གཡུང་དྲུང་དར་རྒྱས་གླིང་གི་སེར་ཚ་གཡུང་དྲུང་བློ་གསལ་དྲུང་དུ་གསོ་རིག་ཕྱི་མ་རྒྱུད་དང་མཁར་ཡགས་རིན་པོ་ཆེའི་མཛད་པས་སྙིང་པོ་བཅུད་བསྡུས་སོགས་སྦྱངས། ཨ་འབེལ་ཁང་གསར་ཚང་རྟོགས་ལྡན་ཚུལ་ཁྲིམས་ཡེ་ཤེས་དྲུང་ནས་ས་སྨན་དང་རྡོ་སྨན་འབྲུ་སྨན་ཤིང་སྨན་རྩི་སྨན་སོགས་སྨན་སྣའི་ངོས་འཛིན་སློབ། དེ་ནས་སྨན་སྦྱོར་ལུགས་དང་རྡུང་ལུགས་རྣམས་སྔ་སྲོལ་བཞིན་སྦྱངས་པར་མཛད། རང་ལོ་བཅུ་བདུན་ཐོག་སྣང་ཞིག་དགོན་ནས་ཁྲི་སྨིན་སོག་པོ་རྟོགས་ལྡན་དྲུང་དུ་ག
སོ་རིག་རྩ་རྒྱུད་དང་སྨན་སྦྱོར་སྙིང་པོ་བཅུད་བསྡུས་སོགས་སྦྱངས། རང་ལོ་ཉེར་གཅིག་སྟེང་དུས་འགྱུར་སྐབས་སུ་ཞིང་འབྲོག་གི་ངལ་རྩོལ་སྣ་ཚོགས་བྱས། དེ་ནས་ངེས་འབྱུང་གི་བློ་སྐྱེས་ནས་ཧོར་བཙུན་དམ་པ་བསྟན་འཛིན་བློ་གྲོས་ཞབས་པད་སྤྱི་བོར་བཀུར་སྟེ་ཐུན་མོང་རིག་གནས་དང་གཏན་གྱི་འདུན་མ་སྔོན་འགྲོ་བསགས་སྦྱོང་ནས་ལོ་གསུམ་ལ་སྔོན་འགྲོ་འབུམ་དགུ་རེར་རྫོགས། རང་ལོ་༣༤ཐོག་དངོས་གཞི་རྫོགས་ཆེན་སྐུ་གསུམ་རང་ཤར་ལྟར་ཨ་གཏད་ལ་སེམས་སྦྱང་དང་སེམས་ངོ་འཕྲོད་པས་རྗེ་བླ་མའི་ཞལ་ནས་རྟེན་འབྲེལ་ལེགས་གསུངས་ནས་དམར་ཁྲིད་གདམས་པ་གང་མང་གནང་། དེ་ནས་གྲུབ་དབང་ཤར་རྫ་རིན་པོ་ཆེའི་གྲོས་འདེབས་སོགས་ཞལ་ཁྲིད་གནང་ནས་རང་གཞན་གྱི་ལས་དོན་ལ་འབད་དགོས་ཚུལ་སོགས་བསླབ་བྱ་གནང་། རང་ལོ་སོ་དྲུག་སྟེང་སྒེར་གྱི་སྨན་བཅོས་འཕྲོད་བསྟེན་ཁང་བཙུགས་ནས་མི་དམངས་ལ་སྨན་གྱི་སྦྱིན་པ་གཏོང་། རང་ལོ་ཞེ་གཅིག་ཐོག་སྐྱང་ཚང་གྲོང་ཚོ་ནས་ཟླ་༤རིང་ལ་སྨན་རྒན་ལྷུན་གྲུབ་གི་དྲུང་ནས་རྩ་རྒྱུད་བཤད་རྒྱུད། མན་ངག་ལྷན་ཐབས་སོགས་བསྐྱར་སྦྱོང་གནང་། ༡༩༧༩ལོར་རྒྱ་ནག་གླང་ཆེན་འགྱིང་རི་སོགས་གནས་མཇལ་ཞུས། ༡༩༨༠ལོར་ལྷ་སར་ཕེབས་ཏེ་གདན་ས་ཁག་དང་ཀོང་པོ་བོན་རི་སོགས་ལ་མཇལ་སྐོར་ཕེབས། ཁྱད་པར་དུ་གྲྭ་ས་སྨན་རི་དཔོན་སློབ་ཚུལ་ཁྲིམས་དབང་ལྡན་དང་གཡུང་དྲུང་གླིང་གི་དགེ་སློང་ཤེས་རབ་བསྟན་འཛིན་རྣམ་གཉིས་དྲུང་ནས་རབ་བྱུང་ཡོངས་རྫོགས་ཀྱི་སྡོམ་པ་ཞུས་ཏེ་འདུལ་ཁྲིམས་རྨ་མེད་མིག་འབྲས་བཞིན་དུ་བསྲུངས། རང་ལོ་ཞེ་བཞིའི་སྟེང་རྒྱལ་ཁབ་ཀྱིས་ཟིང་ཆུ་རྫོང་གི་དགོན་ཁག་རྣམས་ལྷན་གཅིག་ཏུ་འཚོགས་ཆོག་པའི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལྟར་ཆོག་ཆེན་གནང་ནས་སྐྱ་སེར་ཡོངས་ནས་མཁན་ཆེན་ཤེས་རབ་མཐར་ཕྱིན་དང་དཔོན་སློབ་བསྐལ་བཟང་དར་རྒྱས་རྣམ་གཉིས་མཁན་སློབ་ཀྱི་ཁྲི་བཞེངས་མཛད་དེ་དགའ་མལ་དགོན་ཆེན་སླར་ཚུགས་མཛད་ནས་ནང་དགོན་ཁག་ལྔ་དང་ཕྱི་དགོན་ལག་བཅུ་གསུམ་ལྷན་དུ་འཚོགས།

 

02.jpg
དགའ་མལ་དགོན་ཆེན་གྱི་མཁན་རབས་དང་པོ་༧མཁན་ཆེན་ཤེས་རབ་མཐར་ཕྱིན་རིན་པོ་ཆེ་དང་སྒྲུབ་སློབ་ཤེས་རབ་ཚུལ་ཁྲིམས་རིན་པོ་ཆེ། མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ། སྣང་ཞིག་མཆོག་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་སོགས།

༡༩༨༢ལོར་དགའ་མལ་དགོན་ཆེན་གྱི་དབུ་མཛད་གནང་། དགོན་ཆེན་གྱི་ཚོགས་ཁང་བཞེངས་པར་བར་ཆད་ཟློག་ཕྱིར་ཕྱི་ནང་གསང་བའི་བསྙེན་སྒྲུབ་ལས་གསུམ་གྱི་ཕྲིན་ལས་བསྐྱངས། གནས་ཆེན་མཁའ་འགྲོ་འུག་གདོང་རི་ཁྲོད་དུ་དཔོན་སློབ་རིན་པོ་ཆེ་བསྐལ་བཟང་དར་རྒྱས་ཀྱི་མདུན་ནས་རྫོགས་ཆེན་ཁྲེགས་ཆོད་དང་རྩ་རླུང་། ཐོད་རྒལ། འོད་གསལ་འཁོར་འདས་རུ་ཤན། བཅུད་ལེན། མུན་མཚམས་སོགས་ཀྱི་ཞལ་ཁྲིད་མཛད་དེ་དབང་ལུང་གང་མང་གནང་། དེ་ནས་དང་ར་ཕྱུག་གཙོ་མཁན་པོ་རང་ཡུལ་མདོ་སྨད་དུ་ཕེབས་སྐབས། གནས་ཆེན་མཁའ་འགྲོ་འུག་གདོང་དུ་གདན་དྲངས་ནས་མཁའ་འགྲོ་གསང་གཅོད་ཕྱི་ནང་གསང་གསུམ་དབང་ལུང་མན་ངག་དང་ཀུན་རིག་ལས་བཞི་རྒྱུ་ལྔ་སོགས་དབང་ལུང་གནང་བ་མཛད། དཔོན་སློབ་བསྐལ་བཟང་དར་རྒྱས་མཆོག་དགའ་མལ་དགོན་ཆེན་དུ་སྒྲུབ་གྲྭ་མདོ་སྔགས་བཤད་སྒྲུབ་སློབ་གླིང་འགོ་ཚུགས་ཏེ་ལོ་ངོ་བཞིའི་རིང་ལ་གསང་གཅོད་ཕྱི་ནང་གསང་གསུམ། ཁྱུང་གི་གཅོད་གདམས་དང་བཅས་པ་སྒྲུབ་པ་བསྙེན་ཚད་རྫོགས། གཞན་བོད་ཡུལ་མ་དང་དྲན་པ་ཡང་གསང་སོགས་སྒྲུབ་ཆེན་རྫོགས། དེའི་སྐབས་སུ་ཡོངས་འཛིན་སྨྲ་དབང་བསྟན་འཛིན་རྣམ་དག་རིན་པོ་ཆེ་གངས་ཅན་བོད་ལ་ཆིབས་བསྒྱུར་གནང་སྐབས་མདོ་སྨད་ཤར་ཁོག་ཏུ་ཕེབས་སྐབས་མཆོག་གི་ཞལ་སྔ་ནས་མཁའ་ཀློང་གསང་མདོས་ཀྱི་ཕྱག་ལེན་དང་ཙི་ཏ་འདྲེན་ལུགས། ནམ་མཁའ་རྒྱང་བུ་ཤིང་བྱང་གཏོར་མ་བཅའ་ཐབས་སོགས་གཞི་ཁྲིད་དང་དབང་ལུང་སོགས་ཞུས། སྐབས་དང་པོ་བཤད་སྒྲུབ་རྣམས་ལ་སློབ་དཔོན་མཆོག་གི་ཞལ་བཀོད་ལྟར་སྨན་སྤོས་སྣ་ཚོགས་གང་དགོས་ལས་དོན་སྒྲུབ།

04.jpg
སྒྲུབ་སློབ་ཤེས་རབ་ཚུལ་ཁྲིམས་རིན་པོ་ཆེ་དང་སྒྲུབ་གྲྭ་བ་རྣམས།

༡༩༨༩ལོ་སྒྲུབ་གྲྭ་སྐབས་གཉིས་པའི་མི་བཅོ་ལྔ་ལ་དཔེ་ཁྲིད་དགེ་རྒན་མཁན་སློབ་གཉིས་ཀྱིས་ཞལ་བཀོད་ལྟར་འགན་བཞེས་ནས་དུས་དང་རྣམ་པ་ཀུན་ཏུ་སངས་རྒྱས་ཀྱི་བསྟན་པའི་ལས་དོན་ཁོ་ན་ཐུགས་འགན་བཞེས། སླར་ཡང་མཁན་སློབ་དྲུང་ནས་དྲང་སྲོང་གི་སྡོམ་པ་ཆིག་རྫོགས་ཞུས་ཏེ་མཚན་ལ་ཤེས་རབ་གཡུང་དྲུང་ཚུལ་ཁྲིམས་གསོལ་ནས་སློབ་དཔོན་བསྐང་བཟང་དར་རྒྱས་མཆོག་གི་རྗེས་འཛིན་སྒྲུབ་གྲྭའི་སློབ་དཔོན་ཁྲི་བཀོད་མཛད། དེ་ནས་སྒྲུབ་གྲྭ་སྐབས་གཉིས་པའི་ལོ་བར་མའི་ནང་དུ་རྗེ་མཁས་བཙུན་དམ་པ་དཔོན་སློབ་བསྐལ་བཟང་དར་རྒྱས་མཆོག་དགོངས་པ་བོན་ཉིད་དབྱིངས་སུ་གཤེགས་ཏེ་སྒྲུབ་གྲྭ་རྣམས་ལ་དཀའ་ཁག་གང་མང་བྱུང་ཡང་ཐུགས་ལ་དམ་བཅའ་གཏན་པོ་ཐང་མ་ལྷོད་པས་བབ་བཟོའི་རྟོགས་ལྡན་བསྟན་འཛིན་ཉི་མ་མཆོག་གདན་དྲངས་ནས་བདེར་གཤེགས་འདུས་པའི་དབང་དང་ཞི་ཁྲོ་དབང་ལུང་གསང་གཅོད་དབང་ལུང་སོགས་མན་ངག་གང་མང་ཞུས། དགོན་ཆེན་དུ་ཡང་དཔལ་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་གདན་དྲངས་ནས་ཀུན་མཁྱེན་ཤར་རྫ་པའི་གསུང་འབུམ་ཆ་ཚང་གི་ལུང་དང་སྡེ་སྣོད་རིན་པོ་ཆེ་འཆད་ཁྲིད་མཛད། རྗེས་སུ་རྫོགས་ཆེན་སྐུ་གསུང་རང་ཤར་དབང་དང་ཚེ་དབང་བྱ་རུ་མའི་ཚེ་སྒྲུབ་དབང་ཞལ་འདོན་བསང་མཆོད་སྐབས་སོགས་ལུང་དུ་མར་གནང་ནས་བཀའ་དྲིན་སྩལ། ༡༩༩༡ལོ་སྒྲུབ་གྲྭ་སྐབས་གསུམ་པ་རྣམས་ལ་སྔོན་འགྲོ་བཀའ་ལུང་རྒྱ་མཚོ་དང་སྡེ་སྣོད་མཛོད་སྡོམ་གསུམ་ཊྀ་ཀའི་སོགས་ཞལ་ཁྲིད་གནང་། ༡༩༩༤ཤིང་ཁྱི་ལོའི་སྒྲུབ་གྲྭ་བ་རྣམས་ལ་སྔར་བཞིན་འཆད་ཁྲིད་གནང་། དེ་ནས་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གངས་ཅན་བོད་ལ་ཕེབས་སྐབས་སུ་དབང་ལུང་སོགས་གང་མང་ཞུས།

05.jpg
སྒྲུབ་སློབ་ཤེས་རབ་ཚུལ་ཁྲིམས་རིན་པོ་ཆེ་དང་སྒྲུབ་གྲྭ་བ་རྣམས།
༡༩༩༧ལོའི་སྒྲུབ་གྲྭ་བ་རྣམས་ལ་སྔར་ལྟར་གྲུབ་དབང་ཤར་རྫ་རིན་པོ་ཆེ་དང་སློབ་དཔོན་བསྐལ་བཟང་དར་རྒྱས་མཆོག་གི་ཞལ་ལུང་ལྟར་སྔོན་འགྲོ་ནས་རིམ་བཞིན་སྔ་ལྟར་འཆད་ཁྲིད་གནང་། ༡༩༩༨ལོ་ནས་སྐྱིད་འཛོམས་གཡུང་དྲུང་གླིང་གི་དབུ་བླའི་འགན་བཞེས་གནང་སྟེ་༢༠༡༤ལོའི་བར་གྱི་རིང་ལ་སྐྱིད་འཛོམས་གཡུང་དྲུང་གླིང་གི་ཕྱི་ནང་གི་རྟེན་དང་བརྟེན་པའི་དོན་ལ་མཛད་འཕྲིན་རྒྱ་ཆེར་བསྐྱངས།  ༢༠༠༠ལོའི་སྒྲུབ་གྲྭ་བ་རྣམས་ལ་སྔོན་འགྲོ་དངོས་གཞིན་ནས་སྔར་ལྟར་འཆད་ཁྲིད་གནང་ཞོལ་དུ་སྒྲུབ་གྲྭ་ཁང་གི་འཚོགས་ཁང་ཐོག་རྩེ་ཅན་ཞིག་གསར་བསྐྲུན་མཛད།

03.jpg
སྒྲུབ་སློབ་ཤེས་རབ་ཚུལ་ཁྲིམས་རིན་པོ་ཆེ་དང་སྒྲུབ་གྲྭ་བ་རྣམས།
༢༠༠༣ལོའི་སྒྲུབ་གྲྭ་བ་རྣམས་ལ་གྲུབ་དབང་ཀུན་མཁྱེན་མཆོག་གི་ལུགས་དང་མཁས་བཙུན་དམ་པ་རྣམ་གཉིས་ལུགས་ལྟར་འཆད་ཁྲིད་མཛད། དེའི་སྐབས་སུ་གཡུང་དྲུང་གླིང་གི་དགེ་སློང་རིན་པོ་ཆེ་ནས་འཚོགས་ཁང་གསར་བཞེངས་ལེགས་གྲུབ་བྱུང་བས་དགའ་སྟོན་མགྲོན་ཤོག་འབྱོར་བས་དུས་ལྟར་དབུ་གཙང་ལ་ཕེབས་ནས་གྲྭ་ས་གོང་འོག་དང་གཤེན་དར་ལྡིང་སོགས་ལ་མཆོད་མཇལ་བསྐོར་བར་ཕེབས། མར་ཀོང་པོ་བསྐོར་བ་དང་རྒྱལ་རོང་མུ་རྡོ་ཕྱོགས་སུ་གནས་མཇལ་བསྐོར་ནས་གནས་ཀྱི་བྱིན་རླབས་ཞུས། སྔ་བཞིན་དགའ་མལ་དགོན་ཆེན་གྱི་སྒྲུབ་གྲྭ་བ་རྣམས་དབང་ལུང་ཁྲིད་གསུམ་གྱི་མཛད་འཕྲིན་བསྐྱངས་ཏེ་བཞུགས། ༢༠༡༣ལོར་དགོན་ཆེན་གྱི་སྒྲུབ་གྲྭའི་དཔོན་སློབ་ལས་ཁྲི་ཟུར་གནང་སྟེ་སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་མཆོག་སྒྲུབ་སློབ་ཀྱི་ཁྲི་བཞེངས། ཁོང་ད་ལྟ་ཡང་དགའ་མལ་དགོན་ཆེན་སྒྲུབ་གྲྭ་ཁང་དུ་བཞུགས་ནས་འདོན་ཕྲིན་ལས་ཕྱག་ལེན་བསླབ་པ་དང་ནད་པ་གང་མང་ལ་སྨན་གྱི་སྦྱིན་པ་གཏོང་ནས་འགྲོ་དོན་གང་མང་སྒྲུབ་བཞིན་བཞུགས་ཡོད།

གཡུང་དྲུང་བོན་དང་འབྲེལ་དཔྱད་གླེང་ལོ་དེབ་མུ་ཁྲི་བཙན་པོ་ལས་བཤུས།