དཔོན་སློབ་བསྐལ་བཟང་དར་རྒྱས་རིན་པོ་ཆེ་མཆོག་གི་དུས་མཆོད་འཚོགས་པ།

བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་དཔོན་སློབ་དམ་པ་བསྐལ་བཟང་དར་རྒྱས་རིན་པོ་ཆེ་དགོངས་པ་བོན་དབྱིངས་སུ་སྐུ་གཤེགས་ཏེ་མི་ལོ་༣༡འཁོར་བའི་དུས་མཆོད་འཚོགས་པ།

དེ་ཡང་མདོ་སྨད་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་༧དཔོན་སློབ་ཁྲི་རབས་དང་པོ་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་དམ་པ་དཔོན་སློབ་བསྐལ་བཟང་དར་རྒྱས་རིན་པོ་མཆོག་ནི། མདོ་སྨད་ཤར་ཁོག་གནས་ཆེན་དུང་རིའི་མདུན་ཞོལ་ཟིང་ཆུ་རིན་སྤུངས་དགོན་པའི་ལྷ་སྡེ་ཨ་སྟོང་གྲོང་ཚོའི་དྲང་སྲོང་ཚང་ཞེས་པའི་རིགས་རུས་ཕུན་སུམ་ཚོགས་པའི་ཁྱིམ་གཞིས་སུ་ཡབ་ལྕགས་ཕོ་འབྲུག་བྱ་བ་དང་ཡུམ་ལྕགས་སྨན་བྱ་བ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་མེ་སྟག་ལོ་སྟེ་སྤྱི་ལོ་༡༩༢༦ལོར་སྐུ་འཁྲུངས་ཤིང༌། སྐུ་ན་ཆུང་དུས་ནས་རིན་སྤུངས་མཆོག་སྤྲུལ་ཤེས་རབ་རྣམ་རྒྱལ་མཆོག་གི་མདུན་ནས་རབ་ཏུ་བྱུང་སྟེ་རིམ་བཞིན་རིན་སྤུངས་དགོན་དང་རི་བོ་དགེ་ལྡན་པའི་གདན་ས་བླ་བྲང་བཀྲ་ཤིས་འཁྱིལ་དང་འབྲས་སྤུངས་དགོན། གདན་ས་གཡུང་དྲུང་གླིང་སོགས་ནས་གཞུང་ཆེན་ཁག་ལ་སློབ་གཉེར་ཚུལ་བཞིན་གནང་བ་དང་། གཞན་ཡང་རིས་མེད་ཀྱི་གདན་ས་ཁག་གི་སྐྱེས་ཆེན་དུ་མའི་མདུན་ནས་དབང་ལུང་ཁྲིད་གསུམ་གྱི་གདམས་པ་ཞུས་ཏེ། བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་༧དཔོན་སློབ་ཁྲི་རབས་དང་པོའི་ཐུགས་འགན་བཞེས་ཏེ་དགའ་མལ་དགོན་ཆེན་དུ་བཤད་གྲྭ་དང་སྒྲུབ་གྲྭ་ཟུང་འབྲེལ་དུ་བཙུགས་ཏེ་མདོ་སྨད་ཟིང་ཆུ་ཡུལ་ལུང་དུ་བཤད་སྒྲུབ་བསྟན་པ་ཕྱོགས་སུ་རྒྱས་པར་མཛད། དེང་ཟིང་ཆུ་ཡུལ་ལུང་འདི་ལ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ཅུང་དར་རྒྱས་བྱུང་བ་འདིའང་ཁོང་རིན་པོ་ཆེའི་བཀའ་དྲིན་དང་ཁ་འབྲལ་ཐབས་མེད་ལ། མཐར་རིན་པོ་ཆེ་སྤྱི་ལོ་༡༩༨༩ལོའི་བོད་ཟླ་བདུན་པའི་ཚེས་༦ཉིན་རེ་ཞིག་དགོངས་པ་བོན་དབྱིངས་སུ་སྐུ་ཞི་བར་གཤེགས།
ཁོང་རིན་པོ་ཆེའི་མཛད་རྣམ་བསྡུས་པ་དྲ་གནས་འདིར་གསལ།https://www.himalayabon.com/figure/great/2013-12-21/321.html
   སྤྱི་ལོ་༢༠༢༠ལོའི་བོད་ཟླ་བདུན་པའི་ཚེས་༦ཉིན་བཀའ་དྲིན་བླ་ན་མཐོ་བའི་དཔོན་སློབ་དམ་པ་ཁོང་རིན་པོ་ཆེ་དགོངས་པ་བོན་དབྱིངས་སུ་སྐུ་གཤེགས་པའི་དུས་མཆོད་ཉིན་ལ་དགའ་མལ་དགོན་ཆེན་གྱི་བཤད་སྒྲུབ་འདུས་སྡེའི་དགེ་སློབ་ཡོངས་ནས་དུས་མཆོད་དུ་མཉམ་མེད་བླ་མའི་བླ་སྒྲུབ་ཀྱི་ཚོགས་མཆོད་ཉིན་ཚོགས་འཚོགས་པ་དང་།
   དེ་བཞིན་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་སྒྲུབ་གྲྭ་མདོ་སྔགས་བཤད་སྒྲུབ་གླིང་གི་བླ་སློབ་རྣམས་ཀྱིས་ཚེ་དབང་བོད་ཡུལ་མའི་ཉིན་འཚོགས་དང་།
   གཞན་ཁོང་རིན་པོ་ཆེའི་གཞིས་དགོན་རིན་སྤུངས་དགོན་པའི་བླ་གྲྭ་འདུས་པ་ཡོངས་ནས་རྫོགས་ཆེན་སྐུ་གསུམ་རང་ཤར་གྱི་ཉིན་འཚོགས་གནང་བ་སོགས་ཀྱི་གནས་བསྡུས།