དགའ་མལ་དགོན་ཆེན་གྱིས་རིམས་ནད་སྔོན་འགོག་གི་སྨན་སྦྱིན་གནང་བ།

   ད་ལན་ཏོག་དབྱིབས་ཀྱི་ནད་ཡམས་སྔོན་འགོག་སྐོར་ལ། ཞིབ་འཇུག་ཆེད་མཁས་པ་རྣམས་ཀྱིས་གསུངས་པ་ལྟར། དུས་རྒྱུན་དུ་ཁ་ཤུབས་རྒྱག་རྒྱུ་དང་། ལག་པ་སོགས་གཙང་མར་བཀྲུ་རྒྱུ། སྟབས་ཡག་ན་མི་ཚོགས་མང་སར་མི་འགྲོ་བ་དང་། གལ་ཏེ་འགྲོ་དགོས་བྱུང་ན་གཞན་གྱི་ཁ་རླངས་དང་། རང་ཉིད་ཀྱི་ཁ་ལུད་སོགས་ལ་གཟབ་ནན་བྱ་རྒྱུ་བཅས་ནི། ནད་ཡམས་འདིའི་སྔོན་འགོག་ལ་ཆ་རྐྱེན་མེད་དུ་མི་རུང་བ་ཡིན་པས། ང་ནི་བོད་པ་དང་མཆོག་གསུམ་ལ་སྐྱབས་སུ་འགྲོ་མཁན་ཡིན་པས་ནད་ཡམས་འདི་ལ་མི་སྐྲག་སྙམ་པའི་རང་རློམ་གྱི་དབང་དུ་མ་སོང་བར། རང་རང་ས་ནས་ནད་ཡམས་འདི་ལ་གཟབ་ནན་བྱས་ན། ད་སྐབས་རང་གཞན་གཉིས་ཕན་གྱི་བྱ་བའང་དེ་རང་ཡིན་འདུག་པས། ཚང་མས་ཐུགས་ལ་འཇགས་པར་ཞུ་བ་དང་འབྲེལ། ངེད་དགའ་མལ་དགོན་ཆེན་ནས། ནད་ཡམས་འདིས་བློ་འཚབ་དང་དངངས་སྐྲག་སློང་བཞིན་པའི་མང་ཚོགས་ལ། སྨན་སྒྲུབ་སྟེར་རྒྱུ་ཡིན་ལ། མང་ཚོགས་མང་པོ་འགྲོ་འོང་གི་སྟབས་མི་བདེ་བས། དགོན་ཆེན་ངོས་ནས་སྡེ་དཔོན་རྣམས་ཀྱི་ལག་ཏུ་འཕྲོད་པར་བྱས་ཏེ། སྡེ་དཔོན་ནས་ཁྱིམ་ཚང་རེ་རེའི་ལག་ཏུ་འཕྲོད་པར་བྱ་རྒྱུའི་རེ་བ་ཞུ།
   སྤྱིར་སྨན་སྒྲུབ་ལ་རིགས་མང་པོ་ཡོད་ནའང་། ཇི་སྐད་དུ། མདོ་ཀ་བ་གླིང་དགུ་ལས། སྨན་རྣམས་གཡུང་དྲུང་འབྲས་བུར་བསྒྲུབས།། སྨན་སྒྲུབ་ཆེན་པོ་དེ་ལ་བྱ།། ཞེས་གསུངས་པ་ལྟར། འདི་ནི་བོན་གྱི་རིག་འཛིན་གོང་མ་དག་གི་མན་ངག་མ་ཉམས་པའི་༼    ཁྲོ་བོའི་སྨན་སྒྲུབ་བདུད་རྩི་འོད་ཟེར་འཁྱིལ་བའི་སྒྲུབ་ཆེན་ ༽  གྱི་ཕྱག་ལེན་མ་ནོར་བར་མཛད་དེ་བསྒྲུབས་པ་ཡིན་པས། དད་ལྡན་མང་ཚོགས་ལ་ཕན་ཞིག་ཐོགས་ན་སྙམ་པའི་ཀུན་སློང་གིས་བསྐུལ་ཏེ་ཕུལ་བ་ཡིན་ཡང་། ཁྱེད་ཅག་གིས་སྨན་སྒྲུབ་འདི་གཅིག་པུས་ནད་ཡམས་འགོག་ཐུབ་སྙམ་ཏེ་བློ་གཡེང་མི་ཤོར་བར། གོང་ཞུས་ཞིབ་འཇུག་ཆེད་མཁས་རྣམས་ཀྱིས་གསུངས་པ་གཞིར་བཅས།  སྨན་སྒྲུབ་འདི་ཆུ་ལ་སྦངས་ནས་འཐུང་ངམ། སྐེད་ལ་འདོགས་སམ།  ལུས་ལ་འཆང་བ་བཅས་གང་བདེ་བྱོས་དང་། མེ་གྲོགས་ཤིང་དང་ཆར་གྲོགས་ཆུ། ཞེས་པའི་དཔེ་ལྟར་ནད་ཡམས་སྔོན་འགོག་ལ་ཕན་པར་གདོན་མི་ཟའོ།།      
 
ཞེས་དགའ་མལ་དགོན་ཆེན་དམངས་གཙོ་དོ་དམ་པས༢༠༢༠ལོའི་ཟླ་བ་༡་པོའི་ཚེས་༣༡ཉིན།
 2013ལོར་མདོ་སྨད་བོན་གྱི་འདུས་སྡེ་ཆེན་མོ་དཔལ་གཤེན་བསྟན་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་ཐེངས་དང་བོའི་ཁྲོ་བོ་འོད་ཟེར་འཁྱིལ་བའི་སྨན་སྒྲུབ་ཆེན་མོ་འཚོགས་སྐབས་ཀྱི་འདྲ་པར་ཁག་གཅིག

 ༢༠༡༣ལོར་མདོ་སྨད་བོན་གྱི་འདུས་སྡེ་ཆེན་མོ་དཔལ་གཤེན་བསྟན་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་ཐེངས་དང་བོའི་ཁྲོ་བོ་འོད་ཟེར་འཁྱིལ་བའི་སྨན་སྒྲུབ་ཆེན་མོ་འཚོགས་པའི་གནས་བསྡུས།http://old.himalayabon.com/article/news/20130306955.html