ལྷ་སྡེ་མི་མང་ཡོངས་ལ་གནམ་ལོ་གསར་ཚེས་ཀྱི་འཚམས་འདྲི།

   དང་ཐོག་རྒྱལ་ཕྱི་ནང་དང་བོད་མདོ་དབུས་ཁམས་གསུམ་གྱི་མིང་མང་ཡོངས་ལ་ངོས་ནས་གནམ་ལོ་གསར་ཚེས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།
   རང་ཅག་ཤར་ཁོག་གི་ཡུལ་ལུང་ལ་མཚོན་ན་བོད་རབ་བྱུང་བཅུ་བདུན་པའི་ས་ཕག་ལོ་ནི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་དམ་པར་གྱུར་བ་༧སྐྱབས་རྗེ་མཁན་ཆེན་ཤེས་རབ་ཚུལ་ཁྲིམས་མཐར་ཕྱིན་རིན་པོ་ཆེ་མཆོག་རེ་ཞིག་རྟག་ཏུ་རེ་རྣམས་བསུན་ཕྱུང་ཕྱིར་བོད་ས་ཕག་ལོའི་ཟླ་བ་དང་པོའི་ཚེས་༡༠ཉིན་དགོངས་པ་བོན་དབྱིངས་སུ་སྐུ་ཞི་བར་གཤེགས་པ་ནི། རང་ཅག་སྐྱབས་འབངས་ཡོངས་ལ་བཟོད་ཐབས་བྲལ་བའི་གནས་སུ་གྱུར་བ་ནི་སྨྲོས་མ་དགོས་པ་རེད། འོན་ཀྱང་རང་ཅག་རྗེས་འབངས་པ་རྣམས་ཀྱིས་༧སྐྱབས་རྗེ་གང་གི་ཐུགས་དགོངས་བཞིན་དུ་གཞན་ཕན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དོན་དུ་གཉེར་བ་དང་དུས་རྣམ་ཀུན་ཏུ་ཡུལ་མཆོག་དམ་པ་རྣམས་ལ་སྐྱབས་སུ་གསོལ་ཞིང་། དགེ་བའི་ཚོགས་ཆེན་བསགས་ཏེ་འཛམ་གླིང་ལ་ཕན་པ་དང་། རྒྱལ་ཁབ་ལ་ཕན་པ། མི་རིགས་ལ་ཕན་པ། ཡུལ་ལུང་ལ་ཕན་པ་ལ་སོགས་མདོར་ན་རང་གཞན་ཀུན་ལ་ཚེ་འདི་དང་ཕྱི་མ་ཐམས་ཅད་ལ་བྱ་བ་ལམ་འགྲོ་ཅི་བསམ་ལྷུན་གྲུབ་ཀྱི་ལས་དོན་ལ་འབད་པ་ནི་ཁ་ཚར་དགོས་གཏུགས་ཀྱི་གནས་སུ་ཆགས་ཡོད།
   དེ་ཕྱིར་༧སྐྱབས་རྗེ་གང་ཉིད་དགོངས་པ་བོན་དབྱིངས་སུ་སྐུ་གཤེགས་ཏེ་ལོ་འཁོར་སོན་མེད་སྟབས། བོད་ལྕགས་བྱི་ལོའི་ལོ་སར་རིང་ལ། འདི་གའི་བྱང་བྱ་དུར་དགའ་མལ་དགོན་ཆེན་གཙོས་པའི་དགོན་མ་ལག་ཡོངས་ཀྱི་འབོད་སྐུལ་བཞིན་ལོ་སར་རིང་ལ་ཕྱག་སྐོར་སྒྲིབ་སྦྱོང་དང་མར་མེ་ལ་སོགས་ཅི་འབྱོར་འབུལ་རྒྱུ་དང་། ཁྱད་པར་དུ་༧སྐྱབས་རྗེ་ཞིང་གཤེགས་རིན་པོ་ཆེའི་གསོལ་འདེབས་གཙོས་པའི་སྐྱེས་ཆེན་རིག་འཛིན་གོང་མའི་གསོལ་འདེབས་དང་། དེ་བཞིན་ཉིན་མཚན་ཀུན་ཏུ་སྐྱབས་གནས་དཀོན་མཆོག་གསོལ་བ་འདེབས་རྒྱུ། གཞན་འཁོར་ཡུག་དང་མཁའ་དབུགས་སོགས་ལ་གནོད་བཙོག་ཆེ་བའི་ཤོག་སྦག་རིགས་མི་སྤར་བ་དང་སྲིད་གཞུང་གི་བཀོད་སྒྲིག་མ་ཡིན་པའི་གླུ་གར་སྤྲོ་ཚོགས་སོགས་རྒྱས་སྤྲོས་མི་གནང་རྒྱུའི་རེ་སྐུལ་བཞིན། ཁྱེད་རང་ཅག་ལྷ་སྡེ་མང་ཚོགས་ཡོངས་ནས་དེ་ལྟར་གནང་རྒྱུའི་ཆོད་སེམས་བརྟན་པོར་ཡོད་པ་གོ་ཐོས་བྱུང་བར་བརྟེན་ངོས་ནས་ཁྱེད་དགོན་སྡེ་དང་ལྷ་སྡེ་མི་མང་ཡོངས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་དང་།  
   ཁྱད་པར་དུ་རང་ཅག་མི་མང་ཡོངས་ནས་རང་མི་རིགས་ཀྱི་བླ་སྲོག་སྟེ། བོད་རང་གི་སྐད་དང་ཡི་གེ་སློབ་སྦྱོང་གནང་རྒྱུ་དང་། ཡང་ཁྱད་དུ་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ན་གཞོན་སློབ་སྦྱོང་བ་ཡོངས་ནས་བོད་ཡིག་སྦྱོང་རྒྱུ་གཙོ་གནད་དུ་འཛིན་རྒྱུ་དང་། གཞན་རང་མི་རིགས་ཀྱི་ཆ་ལུགས་དང་ཡུལ་སྲོལ་གོམས་གཤིས་སོགས་བོད་མི་རིགས་ཀྱི་ཐུན་མོངས་མ་ཡིན་པའི་རིག་གཞུང་དག་མ་ཉམས་གོང་སྤེལ་རྒྱུན་འཛིན་དང་ཉམས་པ་སླར་གསོའི་བྱ་བ་བསྒྲུབ་རྒྱུ་རེ་འབོད་ཀྱང་ཞུས་པ་ལགས།
   དེ་བཞིན་དེང་དུས་རབས་ཉེར་གཅིག་པའི་དུས་སྐབས་འདི་ལ་མཚོན་ལ་ཕྱི་ཡི་དཔལ་འབྱོར་སོགས་ཀྱི་ཐད་ལ་འཕེལ་རྒྱས་ཆེས་འགྲོ་དང་འགྲོ་བཞིན་པའི་དུས་ཚིགས་ཤིག་ཏུ་ཆགས་ཡོད། འོན་ཀྱང་ཕྱི་ཡི་དཔལ་འབྱོར་འཕེལ་རྒྱས་ཅི་ཙམ་ཆེ་ནའང་ནང་སེམས་ཀྱི་བདེ་སྐྱིད་ལ་ཕན་མིན་སྣ་ཚོགས་འབྱུང་སྟབས། དེ་ཕྱིར་ང་ཚོ་ནང་པ་སངས་རྒྱས་པའི་རྗེས་འཇུག་རྣམས་ནི་གཙོ་བོ་ལྟ་བ་རྟེན་འབྱུང་གི་འབྲེལ་བ། བྱམས་དང་སྙིང་རྗེ་སོགས་ལ་བརྟེན་ནས་འགྲོ་བ་ཀུན་ལ་ནང་སེམས་ཀྱི་བདེ་སྐྱིད་བསྐྲུན་པ་ནི་དེང་འཛམ་གླིང་ཡོངས་ནས་གླེང་དང་གླེང་བཞིན་པའི་གནས་སུ་ཆགས་ཕྱིར། བྱ་བ་དེ་ལ་དུས་དང་རྣམ་པ་ཀུན་ཏུ་སེམས་ལ་གལ་པོ་ཆེར་འཛིན་རྒྱུ་ཤིན་ཏུ་ལེགས་སོ། །
   ཡང་ཁྱད་དུ་དེང་སང་རང་རྒྱལ་གྱི་ཞིང་ཆེན་ཁག་ལ་ཏོག་དབྱིབས་གློ་བའི་འགོ་ནད་性新型冠状病毒感染གང་སར་མཆེད་ཡོད་སྟབས། ཚད་ལྡན་སྨན་ཁང་དང་ཚན་རྩལ་ལྡན་པའི་སྔོན་འགོག་བྱེད་ཐབས་བཞིན་གནང་རྒྱུ་གལ་ཆེན་ཡིན་པ་དང་། གང་བྱུང་གི་མཚོ་ཤའི་རིགས་གཙོས་པའི་བོད་རང་གི་སྲོལ་རྒྱུན་དང་མི་མཐུན་པའི་ཤ་རིགས་དང་སྒོང་རིགས་སོགས་གནས་སྐབས་རིང་སྤང་བ་དང་། རྒྱལ་ནང་སོགས་སུ་ཕེབས་སྐབས་ཡིན་འགྱུར་ཚད་ལྡན་གྱི་ཁ་དཀྲིས་སོགས་དུས་ལྟར་གྱོན་རྒྱུ་མ་བརྗེད་པར་གནང་བར་འཚལ། དེ་ནས་འགོ་ནད་སྔོན་འགོག་ཕྱིར་དུ་སྨན་ལྷའི་གཟུངས་སྙིང་འདོན་རྒྱུ་དང་སངས་རྒྱས་སྨན་ལྷ་ལ་གསོལ་འདེབས་གནང་རྒྱུ་གལ་ཆེ། སྨན་ལྷའི་སྙིང་པོ།  ཨཱོྃ་ན་མ་སྨྲི་ཏ་གཡུ་འབྲང་རཏྣ་ཨ་མུ་ཏ་བྷྲུྃ་འདུ།    药师佛心咒  嗡纳嘛美达玉章热纳阿牟达忠德
   མཐར་གནམ་ལོ་གསར་ཚེས་ཀྱི་དུས་སྐབས་དང་བསྟུན་རྒྱལ་སྤྱི་དང་རྒྱལ་ནང་བོད་མདོ་དབུས་ཁམས། རང་ཅག་ཤར་ཁོག་གི་ཡུལ་ལུང་གཙོས་པའི་དད་ལྡན་མང་ཚོགས་རིས་སུ་མ་ཆད་པ་ཡོངས་ལ་ལོ་སར་བའི་ནང་ཅི་བསམ་ལྷུན་གྲུབ་དང་ནད་མེད་ཚེ་རིང་བཀྲ་ཤིས་ཕུན་སུམ་ཚོགས་པའི་སྐྱབས་སྨོན་ཞུས་དང་ཞུ་བཞིན་པ་ལགས།
   གཞན་རང་ཅག་ཡོངས་ཀྱི་འདི་ཕྱི་གཉིས་ཀྱི་༧སྐྱབས་གནས་དམ་པར་གྱུར་བའི་ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་དང་༧སྐྱབས་རྗེ་སྨྲ་དབང་ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ། རྒྱལ་བ་གཤེན་གྱི་གདུང་འཛིན་ཆེན་མོ་༧གཤེན་སྲས་ནོར་བུ་དབང་གི་རྒྱལ་པོའི་ཡབ་སྲས་རྣམ་པ་གཙོས་པའི་གང་ལ་བཞུགས་པའི་བསྟན་འཛིན་སྐྱེས་ཆེན་རྣམས་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་ཅི་སྲིད་འཁོར་བ་མ་སྟོང་གི་བར་དུ་དེ་སྲིད་མཛད་འཕྲིན་ཕྱོགས་སུ་ཁྱབ་པའི་སྨོན་འདུན་ཞུ།
   ད་ལོ་ནི་རང་ཅག་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་སྐུ་ཡི་དགུང་གྲངས་༩༥ལ་ཕེབས་པའི་དུས་ཆེན་ཁྱད་པར་ཅན་ཡིན་སྟབས། སྐྱབས་རྗེ་གང་གི་སྐྱབས་འོག་ཏུ་བཙུད་པའི་རང་གཞན་ཡོངས་ནས་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པ་དང་མཛད་པའི་འཕྲིན་ལས་ཕྱོགས་བཅུར་རྒྱས་པའི་བརྟན་བཞུགས་ཀྱི་ཕྱིར་དུ་དགེ་བའི་ཚོགས་ཆེན་བསགས་ན་དེ་ལས་དགེ་བ་འབུམ་འགྱུར་ཆེ་བ་ཡིན་ཕྱིར་རང་གཞན་ཚང་མས་དེ་དོན་ལ་འབད་པར་འཚལ།
ཨེ་མ་ཧོ།
ཚེ་ཡི་རྒྱལ་པོ་ཚེ་རིང་ནད་མེད་ཤོག །
འདོད་པའི་རྒྱལ་པོ་ཕུན་སུམ་འཚོགས་པར་ཤོག །
བསོད་ནམས་རྒྱལ་པོ་འཕེལ་ཞིང་བརྟན་པར་ཤོག །
སྨོན་ལམ་རྒྱལ་པོ་གང་བཟླས་འགྲུབ་པར་ཤོག །
འབྲས་བུའི་རྒྱལ་པོ་མངོན་སངས་རྒྱས་པར་ཤོག །
   ཞེས་གཤེན་གྱི་འབྱུང་ལྡན་༣༠༡གཅིག་གི་ནང་བོད་རབ་བྱུང་བཅུ་བདུན་པའི་ལྕགས་བྱི་ལོ་ཡི་གནམ་ལོ་གསར་ཚེས་ཀྱི་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྟེན་དུ་༧བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་༧མཁན་རབས་གཉིས་པ་༧མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་ལམ་རིན་སྤུངས་པ་བླ་མ་ཚེ་རིང་ནས་༢༠༢༠་༡་༢༤ཉིན།