འབོད་སྐུལ་དང་འབྲེལ་བའི་གསལ་བརྡ།

   དེ་ཡང་ད་ལོ་སྟེ་བོད་ས་ཕག་ལོ། སྤྱི་ལོ་༢༠༡༩ལོ་ནི་རང་ཅག་ཤར་ཟིང་ཆུ་ཡུལ་ལུང་གི་དད་ལྡན་བོན་འབངས་ཡོངས་ཀྱི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་དམ་པ་གྱུར་བ་༧སྐྱབས་རྗེ་མཁན་ཆེན་ཤེས་རབ་ཚུལ་ཁྲིམས་མཐར་ཕྱིན་རིན་པོ་ཆེ་མཆོག་དགོངས་པ་བོན་དབྱིངས་སུ་སྐུ་ཞི་བར་གཤེགས་པའི་ལོ་ཡིན་པས། སྐྱབས་རྗེ་གང་གི་སྐྱབས་འོག་དམ་པར་ཚུད་པའི་རང་ཅག་ཟིང་ཆུ་རྫོང་ཡུལ་ལུང་གི་དགོན་མ་ལག་ཡོངས་ཀྱི་དད་འབངས་སྐྱ་སེར་ཡོངས་ནས་དགེ་སྒྲུབ་སྡིག་སྤང་གཞན་ཕན་གྱི་ལས་དོན་བསྒྲུབ་རྒྱུ་གལ་ཆེན་དུ་ཆགས་ཡོད་པར་མ་ཟད། དགེ་བའི་ཚོགས་བསགས་ན་ཕན་ཡོན་འབུམ་འགྱུར་བླ་ལྷག་ཏུ་ཆེ་བ་ཡང་ཚང་མས་མཁྱེན་གསལ་ལྟར་རེད། དེ་ཕྱིར་དགའ་མལ་དགོན་ཆེན་གྱི་དགོན་མ་ལག་ཡོངས་ཀྱི་དད་ལྡན་ལྷ་འབངས་རྣམས་ནས་ཤར་ལ་ཉེ་བའི་བོད་ལྕགས་བྱི་ལོའི་གནམ་ལོའི་གསར་ཚེས་སྐབས་སུ་གླུ་གར་དགོང་ཚོགས་སོགས་ཀྱི་མཛད་སྒོ་རྒྱས་སྤྲོས་མི་གཏོང་བར་རང་གཞན་གཉིས་ལ་ཕན་པའི་དགེ་བའི་ཚོགས་ཆེན་བསྒྲུབ་རྒྱུའི་འབོད་སྐུལ་ཞུ་བ་ལགས།
༡༽ ལོ་སར་གཏོང་སྐབས་ཀྱི་རིང་ལ་དགོན་ལག་སོ་སོའི་ལྷ་སྡེ་མི་མང་ཡོངས་ནས་ཕྱག་སྐོར་དང་མར་མེ་སོགས་ཀྱི་མཆོད་པ་གང་ཐུབ་འབུལ་རྒྱུ།
༢༽  ལོ་སར་གྱི་རིང་ལ་སྲིད་གཞུང་གིས་རྩ་འཛུགས་མ་ཡིན་པའི་མི་མང་འདུ་འཛོམས་བྱས་ཏེ་གླུ་གར་བྲོ་བརྡུང་གི་སྤྲོ་ཚོགས་མི་བསྡུ་རྒྱུ།
༣༽  ལོ་སར་གཏོང་སྐབས་ཀྱི་རིང་ལ་སྤྱི་ཚོགས་ཀྱི་འཁོར་ཡུག་ལ་གནོད་བཙོག་ཆེ་བའི་ཤོག་སྦག་རིགས་མི་སྤར་རྒྱུ།
༤༽ ལྕགས་བྱི་ལོའི་བོད་ཟླ་དང་པོའི་ཚེས་གཅིག་ནས་སོ་སོའི་འབྱོར་ཚད་དང་བསྟུན་ནས་མར་མེ་མཆོད་པ་སོགས་གང་ཐུབ་འབུལ་རྒྱུ་དང་། ཁྱད་པར་དུ་ལོ་སར་གྱི་ཚེས་བཅོ་ལྔ་ཉིན་སྟེ། སྟོན་པའི་འཁྲུངས་མཆོད་ཆེན་མོའི་ཉིན་ནམ། ༧སྐྱབས་རྗེ་མཆོག་གི་དགོངས་གྲོལ་ཞག་གསུམ་དུས་ཆེན་ཉིན་ལ་དམིགས་བསལ་གྱི་མར་མེ་མཆོད་སྤྲིན་སོགས་རྒྱས་འབུལ་གནང་བའི་གལ་ཆེན་འབོད་སྐུལ་ཞུས་པ་ལགས།
ཞེས་དགའ་མལ་དགོན་ཆེན་གཙོས་པའི་དགོན་མ་ལག་རྣམས་ཀྱི་བསྟན་བདག་མཁན་སློབ་བླ་སྤྲུལ་རྣམ་པ་དང་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་རྣམ་པས་སྤྱི་ལོ་༢༠༡༩ལོའི་ཟླ་བ་༡༡པའི་ཚེས་༢༢ཉིན་གྲོས་ཆོད་གནང་བ་ལྟར།
བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་དོ་དམ་ཨུ་ཡོན་ལྷན་ཁང་ནས་ཕུལ།