སློབ་དཔོན་རིན་པོ་ཆེ་བསྐལ་བཟང་དར་རྒྱས་མཆོག་གི་དུས་མཆོད།

     དེ་ཡང་སྤྱི་ལོ་༢༠༡༩ལོའི་ཟླ་བ་༨པའི་ཚེས་༦ཉིན་རྒྱལ་བསྟན་སྤྱི་དང་ཁྱད་པར་དུ་གཡུང་དྲུང་བོན། ཡང་ཁྱད་དུ་རང་ཅག་ཤར་ཁོག་ཡུལ་ལུང་གི་བསྟན་འགྲོའི་དོན་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་སྙིགས་དུས་ཀྱི་འདྲེན་མཆོག་དམ་པ་ཆེན་པོ་༧བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་དཔོན་སློབ་ཁྲི་རབས་དང་པོ་༧དཔོན་སློབ་བསྐལ་བཟང་དར་རྒྱས་རིན་པོ་ཆེ་མཆོག་ཉིད་དགོངས་པ་བོན་དབྱིངས་སུ་སྐུ་ཞི་བར་གཤེགས་ཏེ་མི་ལོ་༣༡འཁོར་བའི་དུས་མཆོད་ཉིན་མོ་ཡིན་སྟབས།
བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་མཁན་སློབ་རྣམ་པ་དང་དེ་བཞིན་བཤད་སྒྲུབ་འདུས་སྡེའི་གྲྭ་མང་རྣམས་ཀྱིས་སྨྲ་སེང་སྟོང་སྐུའི་གཞལ་ཡས་ཁང་ནས་མཉམ་མེད་བླ་མ་ཆེན་པོའི་བླ་སྒྲུབ་ཀྱི་ཚོགས་འཁོར་ཉིན་འཚོགས་ཕུལ་བ་དང་།
 
  དེ་བཞིན་མདོ་སྔགས་བཤད་སྒྲུབ་གླིང་གི་བླ་སློབ་འདུས་པ་ཡོངས་ཀྱི་ཚེ་དབང་བོད་ཡུལ་མའི་ཚོགས་འཁོར་ཕུལ་བ་དང་། 
གཞན་གཞིས་དགོན་རིན་སྤུངས་བཀྲ་ཤིས་སྨིན་གྲོལ་གླིང་གི་བླ་གྲྭ་འདུས་པ་ཡོངས་ཀྱིས་རྫོགས་ཆེན་སྐུ་གསུམ་རང་ཤར་གྱི་ཚོགས་འཁོར་ཉིན་འཚོགས་གནང་སྟེ། དཔོན་སློབ་རིན་པོ་ཆེ་མཆོག་དགོངས་པ་བོན་དབྱིངས་སུ་གཤེགས་ཏེ་མི་ལོ་༣༡འཁོར་བའི་དུས་དྲན་མཆོད་པ་སོགས་ཕུལ་ཏེ་༧དཔོན་སློབ་རིན་པོ་ཆེ་བསྐལ་བཟང་དར་རྒྱས་མཆོག་རེ་ཞིག་འགྲོ་དོན་གྲུབ་ནས་དགོངས་པ་བོན་དབྱིངས་སུ་སྐུ་ཞི་བར་གཤེགས་པའི་དགོངས་རྫོགས་མཆོད་འབུལ་ཞུས་པ་རེད།