བོད་ས་ཕག་ལོའི་དགའ་མལ་དགོན་ཆེན་གྱི་མ་ཏྲི་སྒྲུབ་ཆེན་གྱི་སྨོན་ལམ་འཚོགས་པ།

   དེ་ཡང་གཤེན་གྱི་འབྱུང་ལྡན་༣༠༡ནང་ཚན་བོད་རབ་བྱུང་བཅུ་བདུན་པའི་ས་ཕག་ལོའི་བོད་ཟླ་བཞི་བ་དང་། རྒྱལ་ཟླ་ལྔ་བ། སྤྱི་ལོ་༢༠༡༩ལོའི་ཟླ་བ་༦པའི་ཚེས་༡༠ཉིན་ནས་སྤྱི་ཚེས་༡༨ཉིན་བར་དུ་མདོ་སྨད་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་༧དཔལ་གཤེན་བསྟན་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་མ་ཏྲི་སྒྲུབ་ཆེན་གྱི་སྨོན་ལམ་ཆེན་མོ་འཚོགས་པ་དང་།
   འཆར་ཅན་ལྟར་ད་ལོའི་སྨོན་ལམ་ཆེན་མོའི་སྤྱི་ཡོངས་ཀྱི་འགན་ཁུར་བ་སྣང་ཞིག་རྣམ་རྒྱལ་ཀུན་གྲགས་གླིང་ཡིན་ལ། དེ་ཡང་སྤྱི་ཚེས་༡༠ཉིན་ནས་ཡར་འཚོགས་གནང་སྟེ། ཉིན་རེར་མ་ཏྲི་རིན་ཆེན་སྒྲོན་མའི་གཞུང་བསྲངས་ཏེ་༧སྐྱབས་རྗེ་མཁན་སློབ་རྣམ་པ་དང་དེ་བཞིན་སྣང་ཞིག་མཆོག་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་རིན་པོ་ཆེ། སྣང་ཞིག་ལྕགས་མདུད་ཟླ་བ་རྒྱལ་མཚན། རིན་སྤུངས་བླ་མ་རྣལ་འབྱོར་ལྷུན་གྲུབ་བསྟན་འཛིན་གཙོས་པའི་དགོན་ལག་ཁག་གི་བླ་སྤྲུལ་གྲྭ་མང་འདུས་པ་རྒྱ་མཚོ་ཡོངས་བདུན་ཕྲག་གཅིག་ལྷག་གི་རིང་ལ་འཛམ་གླིང་ཡུལ་གྲུ་ཀུན་ཏུ་མི་བདེའི་ཕྱོགས་རྣམས་ཞི་བ་དང་འགྲོ་རྣམས་བདེ་སྐྱིད་ཀྱི་དཔལ་ལ་ལོངས་སུ་སྤྱོད་པའི་ཕྱིར་དང་།
   ཁྱད་པར་དུ་ཤར་ཁོག་གི་བསྟན་འགྲོའི་ཀུན་ལ་ཕྱི་ནང་གསང་བའི་མི་མཐུན་བར་ཆད་ཀུན་ལས་རྣམ་པར་རྒྱལ་བ་སོགས་ཀྱི་ཆེད་དམིགས་སུ་གནང་སྟེ་ལོ་ལྟར་དུ་དགའ་མལ་དགོན་ཆེན་དུ་བོད་ཟླ་དང་པོའི་ནང་ལ་དུ་ཏྲི་སུའི་སྒྲུབ་ཆེན་དང་བོད་ཟླ་ལྔ་བའི་ནང་ལ་མ་ཏྲིའི་སྒྲུབ་ཆེན་འཚོགས་ཀི་ཡོད།
   དེ་ནས་སྤྱི་ཚེས་༡༦ཉིན་ལ་ཟིང་ཆུ་རྫོང་བོན་གྱི་རིག་གནས་སྐུལ་སྤེལ་ཚོགས་པའི་ཡན་ལག་ཤར་དུང་རིའི་རིག་གཞུང་བགྲོ་གླེང་ཐེངས་དང་པོ་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་༧སྨྲ་སེང་སྟོང་སྐུའི་གཞལ་ཡས་ཁང་དུ་འཚོགས།
   དེ་ནས་སྤྱིར་ཡིན་ན་བོད་ཚེས་༡༥ཉིན་ལ་ཤར་ཁོག་གི་དད་ལྡན་མང་ཚོགས་ཡོངས་དང་ཁྱད་པར་དུ་སྣང་ཞིག་རྣམ་རྒྱལ་ཀུན་གྲགས་གླིང་གི་ལྷ་སྡེ་མང་ཚོགས་ཡོངས་དགའ་མལ་དགོན་ཆེན་དུ་ཕེབས་ཏེ་སྐེད་གཅིག་བར་མ་ནས་མང་ཚོགས་རྣམས་ཀྱིས་གླུ་གར་སོགས་འཁྲབ་སྲོལ་ཡོད་པ་དང་། དེ་ནས་སྣང་ཞིག་དགོན་གྱི་གྲྭ་མང་ནས་འཆམ་སྣ་ཚོགས་རྒྱག་དགོས་ཀྱང་།
 
ད་ལོ་ནི་རང་ཅག་ཤར་ཁོག་གི་༧སྐྱབས་ཀྱི་དམ་པ་མཁན་ཆེན་ཤེས་རབ་ཚུལ་ཁྲིམས་མཐར་ཕྱིན་རིན་པོ་ཆེ་དང་སྒྲུབ་སློབ་རིན་པོ་ཆེ་ཤེས་རབ་གཡུང་དྲུང་ཚུལ་ཁྲིམས་རྣམ་གཉིས་དགོངས་པ་བོན་དབྱིངས་སུ་སྐུ་ཞི་བར་གཤེགས་ནས་མི་ལོ་གཅིག་སོན་མེད་སྟབས་མཁན་སློབ་རྣམ་པ་དང་སྣང་ཞིག་མཆོག་སྤྲུལ་སོགས་བཀའ་གྲོས་གནང་སྟེ་དེ་རིགས་མི་གནང་བར་གྲོས་ཆོད་གནང་།
   དེ་ནས་བོད་ཚེས་༡༥ཉིན་འཆར་ཅན་ལྟར་སྔ་དྲོ་ལ་དགའ་མལ་དགོན་ཆེན་གྱི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བ་ཡོངས་ནས་འཚོགས་ཆེན་འདུ་ཁང་ནས་དམ་བཅའ་འཚོགས་པ་དང་།
ཉིན་གུང་དགའ་སྤྲོའི་འཆམ་རྣམས་རྒྱབ་མེད་ཅིང་དམིགས་བསལ་མཆོད་པ་རྣམ་པ་ཅན་གྱི་འཆམ་ཁག་གཅིག་རྒྱབ་པ་དང་། དེ་ནས་མང་ཚོགས་རྣམས་ནས་དད་ཕྱག་བསྐོར་བ་སོགས་ལ་འབད་བརྩོན་བྱས་ཏེ་དགེ་བའི་ཚོགས་ཆེན་བསགས་པའི་གནས་ལ་ཕྱོགས་པར་གནང་།
   དེ་ནས་ཕྱི་དྲོར་གཤེན་རབ་དགུ་འཆམ་གྱི་འཆམ་རྒྱབ་པ་དང་དམིགས་བསལ་སྣང་ཞིག་ལྷ་སྡེའི་འཐུས་ཚབ་མི་སྣ་བཅུ་ཕྲག་ལྷག་ཕེབས་ཏེ་གཏོར་རྒྱག་གི་མདོས་སྐྱེལ་བ་སོགས་ཞུས། དེ་ནས་དེ་རིང་སྟེ་སྤྱི་ཚེས་༡༨ཉིན་གྱི་སྔ་དྲོར་མ་ཏྲི་སྒྲུབ་ཆེན་སྨོན་ལམ་གྱི་བཀྲ་ཤིས་བསྔོ་སྨོན་སོགས་ཀྱིས་རྒྱས་གདབ་པར་ཞུས་ཏེ་འཚོགས་གྲོལ་བའོ། །
  ཞེས་བོད་ས་ཕག་ལོའི་དགའ་མལ་དགོན་ཆེན་གྱི་མ་ཏྲི་སྒྲུབ་ཆེན་གྱི་སྨོན་ལམ་གྱི་གནས་བསྡུས་སུ་སྤེལ་བའོ། །