སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་དང་འབྲེལ་བའི་གནས་བསྡུས།

IMG_1128.JPG
ཨེ་མ་ཧོ།
སྐྱེ་མེད་གདོས་བྲལ་ཀུན་བཟང་དགོངས་བརྙེས་ཤིང་།

འགག་མེད་ལྷུན་གྲུབ་བསྐྱེད་རྫོགས་ཟུང་འཇུག་ཅན།

གཉིས་མེད་རྩལ་སྣང་བསླབ་གསུམ་རྣམ་པར་དག

སྐྱབས་མཆོག་ཤེས་རབ་མཐར་ཕྱིན་གསོལ་བ་འདེབས།
IMG_1125.JPG

   དེ་ཡང་རང་ཅག་འདི་ཕྱིའི་སྐྱབས་གནས་དམ་པར་གྱུར་བ་༧མདོ་སྨད་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་༧དཔལ་གཤེན་བསྟན་དགའ་མལ་དགོན་ཆེན་གྱི་༧སྐྱབས་རྗེ་མཁན་ཆེན་ཤེས་རབ་ཚུལ་ཁྲིམས་མཐར་ཕྱིན་རིན་པོ་ཆེ་མཆོག་དགུང་ལོ་བརྒྱད་ཅུ་གྱ་བདུན་སྟེ། བོད་ས་ཕག་ལོའི་ཟླ་༡ཚེས་༡༠ཉིན། སྤྱི་ལོ་༢༠༡༩་༢་༡༤ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༡་དང་སྐར་མ་༡༨སྟེང་རྟག་འཛིན་ཅན་རྣམས་སུན་ཕྱུང་ཕྱིར་རེ་ཞིག་མི་རྟག་བསྟན་ཚུལ་སོགས་ཟུར་ནས་གསལ་བ་ལྟར།

 

1551259273606619.jpg

ཆུ་ཚོད་བརྒྱད་པ་ཡས་མས་སུ་༧སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་མགོན་དུ་༧མཁས་དབང་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་མཆོག་དགའ་མལ་དགོན་ཆེན་དུ་ཕེབས་གནང་བ་མ་ཟད་ཆེད་དུ་༧སྐུ་གདུང་རིན་པོ་ཆེའི་མདུན་ནས་གདུང་མཆོད་འབུལ་གནང་མཛད།

IMG_1046.JPG

 དེ་ནས་འཆར་ཅན་ལྟར་བོད་ཚེས་༢ཉིན་༧སྐྱབས་རྗེ་མཁན་ཆེན་ཤེས་རབ་ཚུལ་ཁྲིམས་མཐར་ཕྱིན་རིན་པོ་ཆེ་མཆོག་གི་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་ཉིན་མོ་ཡིན་སྟབས།

IMG_1091.JPG

   ཞོགས་པ་ཆུ་ཚོད་༦པ་ཡས་མས་སུ་དགོན་ཁག་སོ་སོར་བཀོད་སྒྲིག་ཞུས་པའི་རྒྱལ་བ་མཉམ་མེད་བླ་སྒྲུབ་དང་རྒྱལ་བ་རྒྱ་མཚོའི་ཆོག་གཞུང་། ཚེ་དབང་བོད་ཡུལ་མ་སོགས་ཀྱི་ཚོགས་འཁོར་ཕུལ་བ་དང་

  IMG_1063.JPG

  དེ་བཞིན་༧སྐྱབས་རྗེ་མཁན་སློབ་རྣམ་པ་དང་དགོན་ལག་ཁག་གི་དབུ་བླ་རྣམ་པ་གཙོས་པའི་སྣང་ཞིག་རྣམ་རྒྱལ་ཀུན་གྲགས་གླིང་གི་བླ་གྲྭ་འདུས་པ་གཙོས་པའི་གྲྭ་མང་ཡོངས་ཀྱིས་ཚོགས་ཆེན་འདུ་ཁང་ནས་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོག་གཞུང་བསྲངས་ཏེ་བདེ་བར་གཤེགས་པའི་སྟོང་གི་མཚན་བརྗོད་པ་སོགས་ཀྱི་ཞོགས་འཚོགས་གནང་།

IMG_1064.JPG 

  དེ་ནསགཞིས་དགོན་སྐྱང་ཚང་དགོན་པའི་བླ་གྲྭ་ཡོངས་ནས་སྨྲ་སེང་སྟོང་སྐུའི་གཞལ་ཡས་ཁང་ནས་ཀུན་རིག་ལས་བཞི་རྒྱུན་ལྔའི་འཕྲིན་ལས་ཆོ་གའི་གཞུང་བསྲངས། དགའ་མལ་དགོན་པའི་གྲྭ་མང་ནས་སྒྲུབ་ཁང་ནས་བོན་སྐྱོང་ཚོགས་བརྒྱའི་ཚོགས་འཁོར་སོགས་ཕུལ་བ་དང་

IMG_1520.JPG

  དེ་ནས་སྔ་དྲོ་ཆུ་ཚོད་༩དང་སྐར་མ་༣༠སྟེང་སྐྱབས་རྗེ་མཁན་སློབ་རྣམ་གསུམ་དང་དགོན་ལག་ཁག་གི་དབུ་བླ་རྣམ་པ། དེ་བཞིན་ཟིང་ཆུ་རྫོང་ཨུ་དང་རྫོང་སྲིད་གཞུང་། རྫོང་མི་དམངས་མཐུས་ཚོགས། རྫོང་སྲིད་གྲོས། རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ། རྫོང་ནང་བསྟན་མཐུན་ཚོགས། རྫོང་མི་རིགས་ཆོས་དོན་ཅུས། ཁྲི་སྨིན་ཡུལ་ཚོ་སོགས་ཀྱི་འབྲེལ་ཡོད་དབུ་ཁྲིད་རྣམ་པ་སྐུ་གདུང་རིན་པོ་ཆེ་ཞལ་གྱེས་ཞུ་བའི་མཛད་རིམ་ལ་ཆེད་ཕེབས་གནང་།

1551271850139547.jpg

   དེ་ནས་སྐྱ་སེར་ཁྲི་གཉིས་ལྷག་ལྷན་འཛོམས་འོག ཟིང་ཆུ་རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གིས་མདོ་འཛིན་གནང་སྟེ། ཁོང་གིས་འབྲེལ་ཡོད་དབུ་ཁྲིད་རྣམ་པ་སོགས་ཐེངས་འདིའི་༧སྐྱབས་རྗེ་མཁན་ཆེན་ཤེས་རབ་ཚུལ་ཁྲིམས་མཐར་ཕྱིན་རིན་པོ་ཆེའི་སྐུ་གདུང་ཞལ་གྱེས་ཞུ་བའི་མཛད་སྒོར་ཕེབས་པའི་མི་སྣ་གལ་ཆེན་རྣམ་པ་ངོ་སྤྲོད་ཞུས་ཤིང་། དེ་ནས་སྐུ་གདུང་ཞལ་གྱེས་ཞུ་བའི་འགྲོ་རིམ་སོགས་གསལ་བཤད་གནང་།

1551257690179012.jpg

   དེ་ནས་ཟིང་ཆུ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ལགས་ནས་༧སྐྱབས་རྗེ་མཁན་ཆེན་ཁོང་རིན་པོ་ཆེའི་མཛད་རྣམ་གནད་བསྡུས་བརྒྱུད་བསྒྲོགས་ཞུས་ཤིང་། ཁྱད་པར་དུ་མི་ལོ་བརྒྱད་ཅུ་ལྷག་གི་རིང་ལ་ཁོང་རིན་པོ་ཆེ་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་མཛད་འཕྲིན་རླབས་ཆེན་མཛད་ཚུལ། དེ་བཞིན་ཟིང་ཆུའི་དགོན་མ་ལག་བཅོ་བརྒྱད་ཀྱི་གཞིས་དགོན་ཆེན་མོ་༧དཔལ་གཤེན་བསྟན་དགའ་མལ་དགོན་ཆེན་གྱི་༧མཁན་རབས་དང་པོའི་འགན་བཞེས་གནང་སྟེ་རྒྱལ་བསྟན་སྤྱི་དང་ཁྱད་པར་དུ་གཡུང་དྲུང་བོན། ཡང་ཁྱད་དུ་ཤར་ཁོག་ཡུལ་ལུང་གི་བསྟན་སྲིད་གཉིས་ཀྱི་ཐད་ལ་ཕྱི་ནང་གསང་བའི་མཛད་འཕྲིན་མཐའ་ཡས་པ་ཞིག་མཛད་ཚུལ་སོགས་ཀྱི་མཚམས་སྦྱོར་ཞུས་ཤིང་།

1551257728713208.jpgIMG_1079.JPG

   དེ་ནས་༧མཁན་སློབ་བླ་སྤྲུལ་རྣམ་པ་དང་གྲྭ་མང་། དེ་བཞིན་འབྲེལ་ཡོད་དབུ་ཁྲིད་རྣམ་པ་བཅས་སྐྱ་སེར་ཁྲི་གཉིས་ལྷག་གིས་༧སྐྱབས་རྗེ་མཁན་ཆེན་ཁོང་རིན་པོ་ཆེའི་མཛད་རྗེས་བླ་མེད་དང་འབྲེལ་བའི་གུས་འདུད་རྣམ་པ་གསུམ་ཞུས་པ་དང་།

 

   དེ་ནས་སྔ་དྲོ་ཆུ་ཚོད་༡༠བའི་སྟེང་༧སྐྱབས་རྗེ་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་༧དཔོན་སློབ་སྨན་རིའི་དགེ་བཤེས་ཤེས་རབ་མཐར་ཕྱིན། སྒྲུབ་སློབ་ཤེས་རབ་ལྷུན་གྲུབ། སྣང་ཞིག་མཆོག་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན། ཁྱུང་ཚ་བསྟན་པ་གོང་འཕེལ། ལྕགས་མདུད་ཟླ་བ་རྒྱལ་མཚན། རྣལ་འབྱོར་ལྷུན་གྲུབ་བསྟན་འཛིན། བྲག་དགོན་བསྟན་འཛིན་ཚུལ་རྒྱལ། བླ་མ་ཁམས་བརྒྱད་འབུམ། བླ་མ་ཤེས་རབ་གོང་འཕེལ། བྱ་འཕུར་གཡུང་དྲུང་ཉི་མ་རྒྱལ་མཚན། ལྕགས་མདུད་གཙུག་ཕུད་འོད་ཟེར་གཙོས་པའི་མཁན་སློབ་བླ་སྤྲུལ་འདུས་པ་སུམ་བརྒྱ་ལྷག་དང་།

 

   དེ་བཞིན་དད་ལྡན་མང་ཚོགས་ཉིས་ཁྲི་ལྷག་བཅས་ཀྱིས་༧བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་ཚོགས་ཆེན་འདུ་ཁང་གི་མདུན་ནས་༧སྐྱབས་རྗེ་མཁན་ཆེན་ཤེས་རབ་ཚུལ་ཁྲིམས་མཐར་ཕྱིན་རིན་པོ་ཆེ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་ནས་དགོངས་རྫོགས་བླ་མའི་མཆོད་པ་ཕུལ་བ་དང་།

IMG_1444.JPGIMG_1332.jpgIMG_1447.JPG

   དེ་ནས་སྔ་དྲོ་ཆུ་ཚོད་༡༠དང་སྐར་མ་༤༠ཡས་མས་སུ་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱིས་དང་ཐོག་༧སྐྱབས་རྗེ་མཁན་ཆེན་ཁོང་རིན་པོ་ཆེའི་སྐུ་གདུང་གདན་ཞུས་ཀྱི་ཡར་བཀྱགས་གནང་བ་དང་། དེ་ནས་བླ་མ་ཤེས་རབ་གོང་འཕེལ་དང་བྱ་འཕུར་གཡུང་དྲུང་ཉི་མ་རྒྱལ་མཚན། དགེ་བཤེས་བསོད་ནམས་ཚེ་རིང་། དོལ་པོ་སྟག་ལ་འགྲུབ་རྣམ་པ་བཞིས་སྐུ་གདུང་རིན་པོ་ཆེ་གདན་ཞུས་གནང་སྟེ། ཁོང་རིན་པོ་ཆེའི་བླ་བྲང་ནས་ཚོགས་ཆེན་འདུ་ཁང་སྐོར་བ་དང་། དེ་ནས་༧མཁན་སློབ་བླ་སྤྲུལ་རྣམ་པ་དང་གྲྭ་མང་འདུས་པ་རྒྱ་མཚོ།

 

1551262395609028.jpg

1551262395575334.jpg

   དེ་བཞིན་དད་ལྡན་མང་ཚོགས་ཉིས་ཁྲི་ལྷག་གིས་དགའ་མལ་དགོན་ཆེན་གླིང་སྐོར་ནས་ཁོང་རིན་པོ་ཆེའི་གསོལ་འདེབས་གདུང་དབྱངས་སུ་གྱེར་ནས་སྐུ་གདུང་རིན་པོ་ཆེ་གདན་ཞུས་གནང་།

 

IMG_1538.JPG

དེ་ནས་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་ཁང་དུ་གདན་ཞུས་གནང་བ་དང་༧སྙིགས་དུས་ཀྱི་འདྲེན་པ་ཆེན་པོ་༧མཁས་དབང་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་མཆོག་ཆེད་དུ་གདན་ཞུས་ཕེབས་ཏེ་སྐུ་གདུང་རིན་པོ་ཆེ་གདུང་ཞུགས་འབུལ་ཁང་དུ་གདན་དྲངས་ནས་༧སྦྱིན་སྲེག་བླ་མ་སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་གཙོས་པའི་བླ་གྲྭ་རྣམ་པས་གདུང་བསྲེག་གསུངས་ཤིང་།

 

1551258327539790.jpg

དེ་ནས་༧སྐྱང་སྤྲུལ་རིན་པོ་ཆེ་ནས་སྐུ་གསུམ་མེ་ལྷ་གསུངས་ཤིང་། དེ་ནས་སྐྱང་སྤྲུལ་རིན་པོ་ཆེ་དང་དང་མཁན་ཆེན་རིན་པོ་ཆེ། དཔོན་སློབ་རིན་པོ་ཆེ། སྒྲུབ་སློབ་རིན་པོ་ཆེ་རྣམ་པ་བཞིས་གདུང་ཁང་ཕྱོགས་བཞིའི་མེ་སྤར་གནང་། དེ་ནས་དགོན་ལག་ཁག་གི་དབུ་བླ་རྣམ་པས་ཀུན་རིག་ལས་བཞི་རྒྱུན་ལྔའི་མེ་ཐབ་མེ་སྤར་གནང་ཞིང་། དེ་ནས་གྲྭ་མང་སྐྱ་སེར་ཡོངས་ནས་༧སྐྱབས་རྗེ་མཁན་ཆེན་ཁོང་རིན་པོ་ཆེའི་གསོལ་འདེབས་དོན་གཉིས་ལྷུན་གྲུབ་གདུང་དབྱངས་སུ་གྱེར་གནང་མཛད། ཁྱད་པར་དུ་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་སྐབས་སུ་དམིགས་བསལ་དབུ་གཡང་འཕེན་པ་དང་བྱ་རྒོད་ལྡིང་སྐོར་གནང་བ་སོགས་ཐུན་མིན་རྟགས་མཚན་མཐའ་ཡས་པ་ཤར་ཡང་གནས་སྐབས་གསང་དམ་དགོས་ཞེས་གསུངས་པར་ལྟར་གསང་བའོ། །

 

IMG_1391.JPG

   དེ་ནས་གདུང་བསྲེག་བླ་གྲྭ་རྣམས་ཀྱིས་གདུང་བསྲེག་གསུངས་ཤིང་། སྐྱང་སྤྲུལ་རིན་པོ་ཆེ་གཙོས་པའི་མཁན་སློབ་བླ་སྤྲུལ་རྣམ་པ་༧དཔོན་སློབ་རིན་པོ་ཆེའི་བླ་བྲང་དུ་གདན་ཞུས་གནང་།

1551278988689369.jpg1551278988112674.jpg

   གཞན་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་ཉིན་སྟབས་དང་བསྟུན་ནས་བོད་ལྗོངས་ཆབ་མདོ་ཁྱུང་པོ་སྟེང་ཆེན་ཕྱོགས་ལ་ཡོད་པའི་ཨ་མདོ་ཤར་པའི་ཚོང་བ་རྣམས་ཀྱིས་༧བཟོད་པ་རིན་པོ་ཆེའི་གདན་ས་གཡུང་དྲུང་དཔལ་རིའི་དགོན་གྱི་བླ་གྲྭ་འདུས་མང་རྣམས་ཀྱིས་མདོ་གཡུང་དྲུང་ཀློང་རྒྱས་ཉིན་འཚོགས་དང་༧སྐྱབས་རྗེ་མཁན་ཆེན་ཤེས་རབ་ཚུལ་ཁྲིམས་མཐར་ཕྱིན་རིན་པོ་ཆེའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གཡུང་དྲུང་དཔལ་རི་དགོན་གྱི་ཚོགས་ཆེན་འདུ་ཁང་ནས་བཤམས་ཏེ་གདུང་མཆོད་རྒྱས་འབུལ་ཞུས་པའི་ཞབས་ཏོག་ལེགས་བསྒྲུབས་ཞུས།

 

IMG_2660.JPG

  དེ་ནས་ཉིན་གུང་ཆུ་ཚོད་༣པ་ཡས་མས་ནས་འཆར་ཅན་ལྟར་དགའ་མལ་དགོན་ཆེན་གྱི་དམིགས་བསལ་ལྷ་སྡེ་ཕྱུགས་རྭ་གྲོང་སྡེའི་དད་ལྡན་མང་ཚོགས་ནས་དགའ་མལ་དགོན་ཆེན་གྱི་ཚོགས་ཆེན་འདུ་ཁང་མདུན་ནས་་མར་མེ་ཉིས་ཁྲི་ལྷག་གི་དགོངས་རྫོགས་མཚན་མཆོད་མར་མེའི་མཆོད་པ་ཕུལབཀྲ་ཤིས་རྟགས་བརྒྱད་རྣམ་པ་དང་གཡུང་དྲུང་ཆག་ཤིང་། མཆོད་རྐོང་རྣམ་པ་སོགས་ཀྱི་མར་མེ་འབུལ། གཞན་༧སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་མཁྱེན་ནོ། །ཞེས་མཚོན་གྱི་མཚན་མཆོད་མར་མེ་ཕུལ་བ་དང་། དེ་ནས་སེར་སྐྱ་ཡོངས་ནས་ཁོང་རིན་པོ་ཆེའི་གསོལ་འདེབས་དབྱངས་སུ་གྱེར་སྟེ་ཚོགས་ཁང་དང་བླ་བྲང་སོགས་ལ་སྐོར་ཕྱག་ཞུས་ཏེ་དགོངས་རྫོགས་ཞུས་ཤིང་། གཞན་དད་ལྡན་བརྒྱ་ཕྲག་དུ་མས་དགའ་མལ་གླིང་སྐོར་དང་གནས་ཆེན་བྱ་དུར་ལ་སྐོར་བ་དང་རྐྱང་ཕྱག་འཚལ་ཞུ།

དགའ་མལ་དགོན་ཆེན་གྱི་དོ་དམ་ཨུ་ཡོན་ལྷན་ཁང་དང་
དགོངས་རྫོགས་བཀོད་སྒྲིག་ཚན་ཆུང་ནས་
༢༠༡༩་༢་༢ཉིན།