གནམ་ལོ་གསར་ཚེས་ལ་མུ་ཙུག་སྨར་རོ།

༄༅། །དགའ་མལ་དགོན་ཆེན་གྱི་༧སྐྱབས་རྗེ་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་ནས་གཤེན་གྱི་འབྱུང་ལྡན་༣༠༡ནང་ཚན་བོད་རབ་བྱུང་བཅུ་བདུན་པའི་ས་མོ་ཕགགི་ལོའི་གནམ་ལོ་གསར་ཚེས་ལ་རྟེན་འབྲེལ་ཤིས་ཚིག་གནང་བ།

IMG_9195.JPG 

འདི་ཕྱིའི་སྐྱབས་གནས་དམ་པ་ཡུལ་མཆོག་གནས་བཞི་དང་ཁྱད་པར་དུ་འཛམ་གླིང་བོན་གྱི་གཙུག་རྒྱན་མཉམ་མེད་པ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་གཙོས་པའི་༧སྐྱབས་རྗེ་མཁན་སློབ་གཤེན་གསུམ་ཚོགས་ཀྱི་སྐྱབས་མཆོག་དམ་པ་རྣམས་ལ་ཕྱག་འཚལ་ལོ།

   དེ་ཡང་གཤེན་གྱི་འབྱུང་ལྡན་༣༠༡གཅིག་གི་ནང་ཚན་བོད་རབ་བྱུང་བཅུ་བདུན་པའི་ས་མོ་ཕག་གི་ལོའི་གནམ་ལོ་གསར་དུ་ཚེས་པའི་དུས་བཟང་འདི་ལ་འཛམ་གླིང་ཡུལ་གྲུ་ཀུན་ཏུ་བཞུགས་པའི་རྒྱ་ཆེ་མི་མང་ཡོངས་ལ་ལོ་སར་གྱི་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཁྱད་པར་དུ་ལོ་སར་བའི་ནང་ལ་ཕྱིའི་མི་མཐུན་ནད་མུག་མཚོན་གསུམ་དང་འབྱུང་རྐྱེན་གྱི་རྒུད་པ་ཐམས་ཅད་སྨིག་མེད་དུ་བསལ་ཞིང་། ནང་སེམས་ཀྱི་མི་མཐུན་ཉོན་མོངས་སྡེ་ཚོགས་ཐམས་ཅད་རིང་ནས་རིང་དུ་གྱེས་ཏེ་རང་གཞན་ཀུན་ལ་ཕན་པའི་ཞི་བདེ་སེམས་ཀྱི་དཔལ་ལ་ལོངས་སུ་སྤྱོད་པའི་བཀྲ་ཤིས་རྟེན་འབྲེལ་ཞུ།
211.jpg

   གཞན་རང་ཅག་མདོ་སྨད་ས་ཡི་ཐིག་ལེ་ཟིང་ཆུའི་ཡུལ་ལུང་ངམ་ཤར་ཁོག་ལ་མཚོན་ན་ལོ་རྙིང་ས་ཁྱི་ལོ་ལ་རང་ཅག་དགའ་མལ་དགོན་ཆེན་གཙོས་པའི་དགོན་མ་ལག་ཡོངས་ཀྱི་སྐྱ་སེར་ཡོངས་ལ་བཀའ་དྲིན་བླ་ན་མཐོ་བའི་༧མདོ་སྔགས་བཤད་སྒྲུབ་གླིང་གི་༧སྒྲུབ་སློབ་ཁྲི་རབས་གཉིས་པ་༧སྒྲུབ་སློབ་ཤེས་རབ་གཡུང་དྲུང་ཚུལ་ཁྲིམས་རིན་པོ་ཆེ་མཆོག་རེ་ཞིག་སྐུ་མི་རྟག་དགོངས་པ་བོན་དབྱིངས་སུ་གཤེགས་པ་ནི་རང་ཅག་ཡུལ་ལུང་གི་བསྟན་སྲིད་གཉིས་ཀྱི་གྱོང་གུད་དུ་སོང་བ་ནི་སྨྲོས་མ་དགོས་པ་རེད། འོན་ཀྱང་བླ་མ་དགོངས་པ་བོན་དབྱིངས་སུ་གཤེགས་ནའང་ཁོང་རིན་པོ་ཆེས་བཞག་པའི་ཕྱི་ནང་གསང་གསུམ་གྱི་བསྟན་པ་བཞག་པའི་འཕྲིན་ལས་ནི་དུས་ནམ་ཡང་ནུབ་མེད་དུ་གནས་ཡོད་སྟབས། རང་ཅག་སྐྱ་སེར་ཡོངས་ཀྱིས་ཁོང་རིན་པོ་ཆེར་བཀའ་དྲིན་རྗེས་སུ་དྲན་པ་ནི་འོས་འགན་དུ་ཆགས་ཡོད་ཕྱིར་ཁྱེད་སྐྱ་སེར་ཡོངས་ནས་རྣམ་དཀར་དགེ་བའི་ཚོགས་ཆེན་བསགས་ཏེ་རང་གཞན་ཀུན་ལ་ཕན་བདེ་བསྐྲུན་པའི་ལས་ལ་འབད་དགོས་སོ། །
322.jpg
དེར་མ་ཟད་རང་ཅག་ཡུལ་ལུང་གི་༧སྐྱབས་དང་མགོན་དུ་བཞུགས་པའི་༧སྐྱབས་རྗེ་མཁན་ཆེན་ཤེས་རབ་ཚུལ་ཁྲིམས་མཐར་ཕྱིན་རིན་པོ་ཆེ་གཙོས་པའི་དགོན་མ་ལག་བཅུ་དགུ་ཡི་བསྟན་བདག་༧མཁན་སློབ་བླ་སྤྲུལ་སེམས་དཔའ་འདུས་སྡེ་ཡོངས་ཀྱིས་བསྟན་འགྲོའི་དོན་ཆེན་ཁུར་དུ་བཞེས་ཤིང་༧ཁོང་རྣམ་པ་ཡང་སྐུ་ཚེ་བསྐལ་བརྒྱར་བརྟན་པར་རང་གཞན་ཡོངས་ཀྱིས་གསོལ་བ་འདེབས་དགོས་པ་གལ་ཆེ་ལ། ཁྱད་པར་དུ་རང་ཅག་མི་མང་ཡོངས་ནས་རང་མི་རིགས་ཀྱི་བླ་སྲོག་སྟེ། བོད་རང་གི་སྐད་དང་ཡི་གེ་སློབ་སྦྱོང་གནང་རྒྱུ་དང་། ཡང་ཁྱད་དུ་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ན་གཞོན་སློབ་སྦྱོང་བ་ཡོངས་ནས་བོད་ཡིག་སྦྱོང་རྒྱུ་གཙོ་གནད་དུ་འཛིན་རྒྱུ་དང་། གཞན་རང་མི་རིགས་ཀྱི་ཆ་ལུགས་དང་ཡུལ་སྲོལ་གོམས་གཤིས་སོགས་བོད་མི་རིགས་ཀྱི་ཐུན་མོངས་མ་ཡིན་པའི་རིག་གཞུང་དག་མ་ཉམས་གོང་སྤེལ་རྒྱུན་འཛིན་དང་ཉམས་པ་སླར་གསོའི་བྱ་བ་བསྒྲུབ་རྒྱུ་རེ་འབོད་ཀྱང་ཞུས་པ་ལགས།

   དེ་བཞིན་དེང་དུས་རབས་ཉེར་གཅིག་པའི་དུས་སྐབས་འདི་ལ་མཚོན་ལ་ཕྱི་ཡི་དཔལ་འབྱོར་སོགས་ཀྱི་ཐད་ལ་འཕེལ་རྒྱས་ཆེས་འགྲོ་དང་འགྲོ་བཞིན་པའི་དུས་ཚིགས་ཤིག་ཏུ་ཆགས་ཡོད། འོན་ཀྱང་ཕྱི་ཡི་དཔལ་འབྱོར་འཕེལ་རྒྱས་ཅི་ཙམ་ཆེ་ནའང་ནང་སེམས་ཀྱི་བདེ་སྐྱིད་ལ་ཕན་མིན་སྣ་ཚོགས་འབྱུང་སྟབས། དེ་ཕྱིར་ང་ཚོ་ནང་པ་སངས་རྒྱས་པའི་རྗེས་འཇུག་རྣམས་ནི་གཙོ་བོ་ལྟ་བ་རྟེན་འབྱུང་གི་འབྲེལ་བ། བྱམས་དང་སྙིང་རྗེ་སོགས་ལ་བརྟེན་ནས་འགྲོ་བ་ཀུན་ལ་ནང་སེམས་ཀྱི་བདེ་སྐྱིད་བསྐྲུན་པ་ནི་དེང་འཛམ་གླིང་ཡོངས་ནས་གླེང་དང་གླེང་བཞིན་པའི་གནས་སུ་ཆགས་ཕྱིར། བྱ་བ་དེ་ལ་དུས་དང་རྣམ་པ་ཀུན་ཏུ་སེམས་ལ་གལ་པོ་ཆེར་འཛིན་རྒྱུ་ཤིན་ཏུ་ལེགས་སོ། །

   དེ་ལྟར་བོད་ས་མོ་ཕག་གི་ལོའི་ནང་ལ་རང་ཉིད་༧དགའ་མལ་དགོན་ཆེན་གྱི་༧མཁན་མིང་ཞིག་གི་མིང་ཐོག་ནས་ཀྱང་དུས་དང་རྣམ་པ་ཀུན་ཏུ་སྤྱིར་འཛམ་གླིང་ཡུལ་གྲུ་ཀུན་དང་སྒོས་སུ་བོད་མི་མང་ཡོངས། ཡང་སྒོས་སུ་འབྲེལ་ཡོད་ཐོག་དྲངས་སྐྱེ་འགྲོ་ཡོངས་ལ་མི་མཐུན་རྒུད་ཚོགས་ཐམས་ཅད་དང་བྲལ་ཏེ་བྱ་བ་མཐའ་དག་ཡར་ངོའི་ཟླ་ལྟར་རྒྱས་པ་དང་། ༧སྐྱབས་རྗེ་མཁན་སློབ་གཤེན་གསུམ་གཙོས་པའི་གང་ལ་བསྟན་འཛིན་སྐྱེས་ཆེན་བཞུགས་པ་རྣམས་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་ཐུགས་སྨོན་གསོལ་བ་འདེབས་པ་ལགས་སོ། །
IMG_9193.JPG
བཀྲ་ཤིས་བདེ་ལེགས་ཕུན་སུམ་འཚོགས།
ཨ་མ་བག་དྲོ་སྐུ་ཁམས་བཟང་།
གཏན་དུ་བདེ་བ་འཐོབ་པར་ཤོག།
ཨེ་མ་ཧོ།
ཚེ་ཡི་རྒྱལ་པོ་ཚེ་རིང་ནད་མེད་ཤོག།
འདོད་པའི་རྒྱལ་པོ་ཕུན་སུམ་འཚོགས་པར་ཤོག།
བསོད་ནམས་རྒྱལ་པོ་འཕེལ་ཞིང་བརྟན་པར་ཤོག།
སྨོན་ལམ་རྒྱལ་པོ་གང་བཟླས་འགྲུབ་པར་ཤོག།
འབྲས་བུའི་རྒྱལ་པོ་མངོན་སངས་རྒྱས་པར་ཤོག།

ཞེས་གཤེན་གྱི་འབྱུང་ལྡན་༣༠༡གཅིག་གི་ནང་བོད་རབ་བྱུང་བཅུ་བདུན་པའི་ས་མོ་ཕག་གི་ལོ་ཡི་གནམ་ལོ་གསར་ཚེས་ཀྱི་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྟེན་དུ་༧བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་༧མཁན་རབས་གཉིས་པ་༧མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་ལམ་རིན་སྤུངས་པ་བླ་མ་ཚེ་རིང་ནས་༢༠༡༩་༢་༤ཉིན།