ཚྭ་སྒང་གཏེར་ཆུ་དང་འབྲེལ་བའི་གནས་བསྡུས།

   དེ་རིང་སྟེ་བོད་ལྕགས་བྱི་ལོའི་ཟླ་བ་༨པའི་ཚེས་༡༥ཉིན། སྤྱི་ལོ་༢༠༢༠ལོའི་ཟླ་བ་༡༠བའི་ཚེས་༡ཉིན་ཨ་སྟོང་གཡང་འཁྱིལ་ཁག་གསུམ་གྱི་གྲྭ་བཙུན་རྣམ་པས་སྤྱིའི་བཀོད་སྒྲིག་འཆར་གཞི་གནང་སྟེ། སྐྱབས་རྗེ་རིན་སྤུངས་མཆོག་སྤྲུལ་༧ཨ་ལགས་ཤེས་རབ་རྣམ་རྒྱལ་༼སྤྱི་ལོ་༡༨༩༥ལོར་སྐུ་འཁྲུངས། སྤྱི་ལོ་༡༩༥༩ལོར་དགོངས་པ་གཤེགས།༽རིན་པོ་ཆེ་མཆོག་གི་གཏེར་ཆུ་སྟེ།  
   ཚྭ་སྒང་གཏེར་ཆུ་སྲུང་སྐྱོབ་ཀྱི་ཕྱག་ལས་གནང་ལ། ན་ནིང་སྟེ་བོད་ས་ཕག་ལོའི་ཟླ་བ་༧པའི་ཚེས་༡༥ཉིན། སྤྱི་ལོ་༢༠༡༩ལོའི་ཟླ་བ་༩བའི་ཚེས་༡༣ཉིན་ཨ་སྟོང་གཡང་འཁྱིལ་ཁག་གསུམ་གྱི་གྲྭ་བཙུན་རྣམ་པ་གཙོས་པའི་ལྷ་སྡེ་མང་ཚོགས་རྣམས་ཚྭ་སྒང་གཏེར་ཆུ་དེ་ཉིད་སྲུང་སྐྱོབ་ཀྱི་ཕྱག་ལས་གནང་ཞིང་།
  དེ་ནས་ད་ལོ་ཡང་ལོ་སྔོན་མའི་འཆར་གཞི་ལྟར་ཚ་སྒང་གཏེར་ཆུ་སྲུང་སྐྱོབ་ཀྱི་ཕྱག་ལས་གནང་བ་སྟེ། ཤར་གཡང་རྟེན་བོན་ཁྱིམ་ཚང་གི་པད་མ་ལྷ་རྒྱལ་ནས་ལྕགས་རག་ལས་གྲུབ་པའི་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་ཞིག་དང་སྐྱང་སྨད་མཁའ་ཀློང་ཚང་གི་གདུགས་དཀར་སྐྱབས་ནས་ལྕགས་རག་ལས་གྲུབ་པའི་མར་མེ་གདུང་ཁང་ཞིག་གསར་བཞེངས་ཀྱི་ཡོན་སྦྱོར་བ་དེ་༢༠༢༠ལོའི་ཟླ་བ་༡༠ཚེས་༡ཉིན་ཨ་སྟོང་གཡང་འཁྱིལ་ཁག་གསུམ་གྱི་གྲྭ་བཙུན་རྣམ་པ་དང་དེ་བཞིན་དད་ལྡན་མང་ཚོགས་རྣམས་ནས་གོང་གསལ་རྟེན་རྣམ་གཉིས་ཚྭ་སྒང་གཏེར་ཆུའི་གནས་སུ་གདན་དྲངས་པ་དང་དེ་ནས་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་༧མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་མཆོག་གཙོས་པའི་མཁན་གྲྭ་རྣམས་ནས་རབ་གནས་ཁྲུས་གསོལ་དང་དག་གཙང་། སྲུང་སྐྱོབ་ཀྱི་ཆེད་དུ་དར་གདང་དང་དར་ཆེན་སོགས་བསྒྲེངས་གནང་མཛད་པའོ། །
གཏེར་ཆུ་འདིའི་ཕན་ཡོན་ལ། མི་གཙང་བཙོག་གྲིབ་རིམས་ནད་སོགས་བསལ་བ་དང་ཁྱད་པར་དུ་བད་ཀན་ནད་རིགས་ལ་དམིགས་བསལ་ཕན་པས་ནད་པ་རྣམས་ཀྱིས་གཏེར་ཆུ་འཐུང་གིན་ཡོད་པའོ། །