ཟུང་ཆུ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ལོ་རྒྱུས་ཐོག་མར་འགྲེམ་སྤེལ་བྱས་པ།

     ཟླ་9ཚེས་22ཉིན་གྱི་སྔ་དྲོར། ཀྲུང་གུང་ཟུང་ཆུ་རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྫོང་མི་རིགས་ཆོས་ལུགས་ཅུས། རྫོང་ནང་བསྟན་མཐུན་ཚོགས་བཅས་ཀྱིས་ཟུང་ཆུ་རྫོང་དུ《ཟུང་ཆུ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ལོ་རྒྱུས》ཐོག་མར་སྤེལ་བའི་མཛད་སྒོ་སྤེལ།

     རྒྱུས་ལོན་བྱུང་བ་ལྟར་ན། 《ཟུང་ཆུ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ལོ་རྒྱུས》ཞེས་པའི་དཔེ་དེབ་འདི་འཆར་འགོད་དང་ཕྱོགས་བསྒྲིགས། འགྲེམས་སྤེལ་བྱེད་པའི་བར་ལོ་4ལྷག་སོང་། འདི་ནི་སི་ཁྲོན་ཞིང་ཆེན་གྱིས་དངོས་སུ་དཔེ་སྐྲུན་འགྲེམ་སྤེལ་བྱས་པའི་རྫོང་རིམ་པའི་ནང་བསྟན་མཐུན་ཚོགས་ཀྱི་ལོ་རྒྱུས་ཀྱི་དེབ་དང་པོ་རེད།

     མཛད་སྒོ་རུ། ཟུང་ཆུ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྣང་ཞིག་མཆོག་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་གྱིས《ཟུང་ཆུ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ལོ་རྒྱུས》ཀྱི་རྩོམ་སྒྲིག་གི་གོ་རིམ་ཧྲིལ་བོ་དང་དཔེ་དེབ་འདི་བསྒྲིགས་པའི་དོན་སྙིང་སོགས་ངོ་སྤྲོད་བྱས།  

     མཇུག་མཐར། ཐེངས་འདིའི་མཛད་སྒོ་རུ་ཞུགས་པའི་འགོ་ཁྲིད་རྣམས་ཀྱིས་ཚོགས་ཞུགས་འཐུས་མིར《ཟུང་ཆུ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ལོ་རྒྱུས》ལེགས་སྐྱེས་སུ་ཕུལ་ཏོ།།