ཚྭ་སྒང་གཏེར་ཆུ་སྲུང་སྐྱོབ་གནང་བ།

   དེ་རིང་སྟེ་བོད་ས་ཕག་ལོའི་ཟླ་བ་༧པའི་ཚེས་༡༥ཉིན། སྤྱི་ལོ་༢༠༡༩ལོའི་ཟླ་བ་༩བའི་ཚེས་༡༣ཉིན་ཨ་སྟོང་གཡང་འཁྱིལ་ཁག་གསུམ་གྱི་གྲྭ་བཙུན་རྣམ་པས་སྤྱིའི་བཀོད་སྒྲིག་འཆར་གཞི་གནང་སྟེ། སྐྱབས་རྗེ་རིན་སྤུངས་མཆོག་སྤྲུལ་༧ཨ་ལགས་ཤེས་རབ་རྣམ་རྒྱལ་༼སྤྱི་ལོ་༡༨༩༥ལོར་སྐུ་འཁྲུངས། སྤྱི་ལོ་༡༩༥༩ལོར་དགོངས་པ་གཤེགས།༽རིན་པོ་ཆེ་མཆོག་གི་གཏེར་ཆུ་སྟེ།
ཚྭ་སྒང་གཏེར་ཆུ་སྲུང་སྐྱོབ་ཀྱི་ཕྱག་ལས་གནང་སྟེ། བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་༧མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་མཆོག་ཆེད་དུ་གདན་ཞུས་ཏེ་ཁྲུས་གསོལ་དང་དག་གཙང་། སྲུང་སྐྱོབ་ཀྱི་ཆེད་དུ་དར་གདང་དང་དར་ཆེན་སོགས་བསྒྲེངས་གནང་མཛད་པ་དང་།
ཚྭ་སྒང་གཏེར་ཆུ་འདི་ནི་ཟིང་ཆུ་རྫོང་གཡང་རྟེན་གྲོང་ཚོའི་རྒྱབ་ངོས། གཉན་ཆེན་ཤར་དུང་རིའི་རི་བརྒྱུད། རི་ཆུ་མྱིག་སྔོན་མོའི་མདུན་ཞོལ་གྱི་ཚྭ་སྒང་དུ་གནས་ལ། མཆོག་སྤྲུལ་ཨ་ལགས་ཤེས་རབ་རྣམ་རྒྱལ་རིན་པོ་ཆེ་གནས་དེར་སྒྲུབ་པ་ཉམས་ལེན་དུ་དུས་ཚོད་ཡུན་རིང་དུ་བཞུགས་པ་གྲགས་ཤིང་། སྐབས་དེ་དུས་རྟགས་རྟེན་འབྲེལ་དུ་མར་བརྟེན་ནས་ཨ་ལགས་ཁོང་གིས་གཏེར་ཆུ་འདི་དྲངས་པ་དང་།
གཏེར་ཆུ་འདིའི་ཕན་ཡོན་ལ། མི་གཙང་བཙོག་གྲིབ་རིམས་ནད་སོགས་བསལ་བ་དང་ཁྱད་པར་དུ་བད་ཀན་ནད་རིགས་ལ་དམིགས་བསལ་ཕན་པས་ནད་པ་རྣམས་ཀྱིས་གཏེར་ཆུ་འཐུང་གིན་ཡོད།
དགེ་མཚན་དེ་དག་ལ་དམིགས་བསལ་ཨ་སྟོང་གཡང་འཁྱིལ་ཁག་གསུམ་གྱི་གྲྭ་བཙུན་རྣམ་པས་བདག་སྐྱོང་གི་མཛད་བཟང་གནང་སོགས་ཀྱི་གནས་བསྡུས་ཙམ་སྤེལ་བའོ། །