སྐད་གཉིས་དགེ་རྒན་གྱི་གསོ་སྦྱོང་སྤེལ་བཞིན་པ།

                    ཟླ་8ཚེས་11ཉིན། ཟིང་ཆུ་རྫོང་སློབ་གསོ་ཅུས་ཀྱིས་སྒྲུབ་གཙོ་བྱས་པའི་2019ལོའི་ཟིང་ཆུ་རྫོང་གི་སྐད་གཉིས་དགེ་རྒན་གྱི་བརྡ་སྤྲོད་གསོ་སྦྱོང་དངོས་སུ་མགོ་ཚུགས། ཐེངས་འདིའི་གསོ་སྦྱོང་ལ་ཟིང་ཆུ་རྫོང་བོད་ཡིག་སློབ་འབྲིང་དང་། གཙོ་ཚང་དགོན་གྲོང་རྡལ་གྱི་སློབ་ཆུང་དང་པོ། ཨ་སྟོང་སློབ་ཆུང་། སྐྱང་ཚང་སློབ་ཆུང་། དམུ་དགེ་སློབ་ཆུང་སོགས་ཀྱི་སྐད་གཉིས་དགེ་རྒན་100ལྷག་ཞུགས་ཡོད། 

                   མགོ་ཚུགས་བྱེད་སྒོ་རུ་རྫོང་སློབ་གསོ་ཅུས་ཀྱི་སློབ་དཔྱོད་ཁང་གི་ཐང་སྟོང་སྐྱབས་ཀྱིས་གསོ་སྦྱོང་ཡུལ་དངོས་སུ་ཕེབས་པའི་འགོ་ཁྲིད་དང་ཆེད་ལས་དགེ་རྒན་བཅས་གཟབ་རྒྱས་ངང་མཚམས་སྦྱོར་བྱས་པར་མ་ཟད། ཐེངས་འདིའི་གསོ་སྦྱོང་གི་འབྲེལ་ཡོད་དོན་ཚན་ངོ་སྤྲོད་དང་བཀོད་སྒྲིག་བྱས། 

                   རྒྱུས་ལོན་པ་ལྟར་ན་ཐེངས་འདིར་གདན་ཞུ་བྱས་པའི་དགེ་རྒན་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སྐྱ་རེངས་དཔལ་ལོ་ཡིན་ལ། གསོ་སྦྱོང་གི་དུས་ཡུན་ཉིན་7གྱི་རིང་ལ་སུམ་ཅུ་བ་སློབ་ཁྲིད་གནང་རྒྱུ་ཡིན་ཞིང་། གསོ་སྦྱོང་ལ་ཞུགས་པའི་དགེ་རྒན་དག་ཚོ་ཆུང་བཅུ་གཉིས་ལ་བགོས་ཏེ་སློབ་སྦྱོང་བྱེད་པ་དང་སློབ་སྦྱོང་མཇུག་སྒྲིལ་རྗེས་སློབ་མ་ཕུལ་བྱུང་12འདེམས་དགོས་པ་རེད། 

                  རྫོང་བོད་ཡིག་སློབ་འབྲིང་གི་དགེ་རྒན་བཀྲ་ཤིས་ལྷ་མོས་གསར་འགོད་པར་བཤད་རྒྱུར། ཐེངས་འདིའི་གསོ་སྦྱོང་ནི་རང་ལ་མཚོན་ན་དོན་སྙིང་གིས་ཕྱུག་པ་ཞིག་དང་རང་ཉིད་ཡར་རྒྱས་ལ་ཤིན་ཏུ་ཕན་ཆེ་བའི་བྱེད་སྒོ་ཞིག་རེད། ལམ་ཐག་རིང་བོའི་ངལ་བ་ལ་མ་འཛེམ་པར་ས་འདིར་ཕེབས་པའི་དགེ་རྒན་དཔལ་ལོ་ལ་ཐུགས་རྗེ་ཆེ། རྫོང་སློབ་གསོ་ཅུས་ཀྱིས་ང་ཚོ་ལ་འདི་ལྟ་བུའི་གོ་སྐབས་ཀྱི་སྟེགས་བུ་ཞིག་བསྩལ་བར་བཀའ་དྲིན་ཆེ། ང་ཚོས་གོ་སྐབས་དམ་འཛིན་བྱས་ཏེ་སློབ་སྦྱོང་ཡག་པོ་བྱ་ངེས་ཟེར།

དགེ་རྒན་དཔལ་ལོའི་མཚམས་སྦྱོར་མདོར་བསྡུས།

                   སྐྱ་རེངས་དཔལ་ལོ། མཚོ་སྔོན་ཞིང་ཆེན་གཅན་ཚ་རྫོང་གི་མི། 1991ལོའི་ཟླ་8པར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན། 1991ནས་1995ལོའི་བར་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ནས་དགེ་རྒན་གྱི་ལས་ཀ་གཉེར། 1995ནས་1998ལོའི་བར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་བོད་ཀྱི་སྐད་ཡིག་དང་རྩོམ་རིག་གི་རབ་འབྱམས་ཞིབ་འཇུག་བཏོན། 1998ནས་2000ལོའི་བར་གཅན་ཚ་རྫོང་གི་སློབ་དཔྱོད་ཁང་ནས་བྱ་བ་བསྒྲུབས། 2000ལོའི་ཟླ་9བ་ནས་ད་བར་དུ་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་དུ་སློབ་ཁྲིད་ཀྱི་ལས་ལ་གཞོལ་གྱིན་ཡོད། སྔ་གཞུག་ཏུ་མཚོ་སྔོན་མི་རིགས་སློབ་ཆེན་དང་མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་སློབ་ཆེན་བཅས་ཀྱི་སློབ་མ་མང་པོར་བརྡ་སྤྲོད་དང་། ཚིག་རྒྱན་རིག་པ། དུས་རབས་རིམ་བྱུང་གི་རྩོམ་ཡིག  ནང་རིག་སྤྱི་བཤད། ཚད་མ་རིག་པ། སྒྲ་མཚམས་སྦྱོར་ལྔ་བ། སྐར་རྩིས་རིག་པ་སོགས་སྣ་མང་ཤེས་བྱ་སློབ་ཁྲིད་བྱས་དང་བྱེད་བཞིན་ཡོད། བོད་ཀྱི་རྣམ་ཐར་རྩོམ་རིག་གི་ཞིབ་འཇུག་སོགས་དཔྱད་རྩོམ་60ལྷག་ཀྲུང་གོའི་བོད་རིག་པ་དང་། བོད་ལྗོངས་ཞིབ་འཇུག་སོགས་དུས་དེབ་དུ་བཀོད་ཡོད། མཚོ་སྔོན་དགེ་ཐོན་སློབ་ཆེན་ཀྱི་སློབ་དཔོན་ཆེན་མོ་གཞོན་པ་དང་། པཎ་ཆེན་ཞིབ་འཇུག་གླིང་གི་དམིགས་བསལ་གདན་ཞུའི་ཞིབ་འཇུག་པ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཙོང་ཁ་པ་ཞིབ་འཇུག་གླིང་གི་དམིགས་བསལ་གདན་ཞུའི་ཞིབ་འཇུག་པ། བོད་ལྗོངས་བོད་སྨན་ཁང་གི་བོད་ཀྱི་སྐར་རྩིས་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ་སོགས་ཀྱི་འགན་ཁུར་ཡོད། 

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།