སྣང་ཞིག་མཆོག་སྤྲུལ་རིན་པོ་ཆེའི་མཛད་བཟང་།

IMG_7259.JPG
ལྷག་བསམ་གཙང་མའི་རང་མདངས་ཁ་བའི་སྤུན། །

བཅོས་མིན་བརྩེ་སེམས་དྲོད་མོ་ཉི་གཞོན་གྱིས། །

གྲང་ངར་གདུང་བའི་པད་མའི་སློབ་ཚོགས་ལ། །

དྲོད་འཇམ་ལྡན་པའི་གྱོན་ཆས་འོད་གནང་རྨད། །
IMG_7258.JPG
   དེ་ཡང་སྣང་ཞིག་རྣམ་རྒྱལ་ཀུན་གྲགས་གླིང་གི་༧མཆོག་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་རིན་པོ་ཆེ་མཆོག་གི་བྱམས་བརྩེའི་འོད་མདངས་ཕྱི་རུ་མངོན་ཏེ། མི་རིགས་ཞིག་ལ་མཚོན་ན་བླ་སྲོག་ལྟ་བུ་སྐད་དང་ཡི་གེ་ནི་མེད་དུ་མི་རུང་བ་དང་། མེས་པོ་གོང་མ་དག་གི་ཚེ་སྲོག་ལས་བསྐྲུན་པའི་རིག་གཞུང་རྒྱུན་སྤེལ་གྱི་ཆེད་དང་མཐོ་སྒང་གི་གསར་སྐྱེས་སློབ་མ་དག་གི་མདུན་ལམ་དང་ཕུང་ཁམས་དྲོད་གྲང་འཕྲོད་བསྟེན་སོགས་ལ་ཐུགས་དགོངས་རྒྱ་ཆེར་བཞེས་ཏེ། དེ་སྔར་མི་ལོ་དྲུག་གི་རིང་ལ་ཁྲི་སྨིན་ཤང་གི་སློབ་ཆུང་དང་ཧ་འཕེན་གྲོང་སྡེའི་སློབ་ཆུང་གཉིས་ཀྱི་དགེ་སློབ་ཡོངས་ལ། དགུན་ཁར་དྲོད་འཇམ་ལྡན་པའི་གྱོན་ཆས་ཕུན་སུམ་ཚོགས་པ་དང་དཔེ་ཁུག དེ་མིན་སློབ་མ་དག་ལ་རྩེད་ཆས་འདྲ་མིན་སོགས་ཀྱི་ལེགས་སྐྱེས་སྣ་ཚོགས་གནང་བཞིན་ཡོད་ལ།
IMG_7260.JPG

   ད་ལོ་ཡང་སྤྱི་ལོ་༢༠༡༨/༡༡/༢༦ཉིན་མཆོག་སྤྲུལ་ཁོང་གི་རྒྱ་ཡུལ་གྱི་སློབ་མ་དག་གིས་གོང་ལྟར་གྱི་སློབ་ཆུང་གཉིས་ཀྱི་དགེ་སློབ་ཡོངས་ལ་གྱོན་གོས་དང་དཔེ་ཁུག བྱིས་པའི་རྩེད་ཆས་འདྲ་མིན་གྱི་སོགས་ལེགས་སྐྱེས་གནང་། དུས་མཚུངས་སུ་མཆོག་སྤྲུལ་ཁོང་གིས་སེམས་གཏམ་ཞིག་གསུངས་པ་སྟེ། གྲོགས་པོ་ཆུང་ཆུང་ཚོ། ཁྱེད་ཚོ་ནི་མེས་རྒྱལ་གྱི་མེ་ཏོག་དང་། རྒྱལ་ཁབ་ཀྱི་རེ་བ། མི་རིགས་ཀྱི་རྗེས་རབས་པ་བཅས་ཡིན་པས་ངེས་པར་དུ་སློབ་སྦྱོང་ཡག་པོ་བྱ་དགོས། ད་ལྟའི་སྤྱི་ཚོགས་འདིར་རིག་གནས་མེད་ན་དུས་རབས་ཀྱི་རྗེས་ཟིན་མི་ཐུབ་པས་སྤྱི་ཚོགས་ཀྱི་རྗེས་ལུས་པར་ཆགས་རྒྱུ་འགྲོ་ཉེན་ཆེ། དེ་བརྟེན་ངེས་པར་དུ་ཁྱེད་ཚོས་སློབ་སྦྱོང་ཡག་པོ་བྱེད་ནས་མི་དམངས་ལ་ཞབས་ཞུ་དང་རྒྱལ་ཁབ་ལ་སྲི་ཞུ་བསྒྲུབས་ནས་སྔོན་ཐོན་གྱི་རྒྱལ་ཁབ་དང་སྔོན་ཐོན་མི་རིགས་གྲལ་དུ་ཚུད་དགོས་པ་དེ་ངའི་རེ་བ་ཉག་གཅིག་ཡིན། མ་འོངས་པའང་རང་གི་ནུས་ཤུགས་གང་ཡོད་ཀྱིས་ཁྱེད་ཚོ་ལ་རོགས་རམ་དང་རྒྱབ་སྐྱོར་བྱེད་ངེས་ཡིན་གསུངས་ཤིང་།
IMG_7261.JPG
མཐར་ཁོང་རིན་པོ་ཆེ་ནས་བསྡོམས་ཚིག་ཀྱང་འདི་ལྟར་བཀོད་པ་སྟེ།
མཐུན་སྒྲིལ་བྱོས་དང་མི་རིགས་གྱི་རྒྱལ་ཁ་འདི་ན་ཡོད། །

མདུན་དུ་བསྐྱོད་དང་མ་འོངས་པའི་ལམ་བཟང་འདི་ན་མཆིས། །
ནན་ཏན་སྦྱོངས་དང་ཕ་མེས་ཀྱི་རིག་གཞུང་འདི་ན་ཡོད། །

འབད་བརྩོན་གྱིས་དང་མི་རིགས་ཀྱི་བླ་སྲོག་འདི་ན་བཞུགས། །
ཞེས་གསུངས།
IMG_7262.JPG
དེར་བརྟེན་བླ་མ་ཁོང་རིན་པོ་ཆེས་མི་རིགས་ལ་བཅངས་པའི་ལྷག་བསམ་དང་བྱམས་བརྩེ་ལ་གུས་འདུད་ཞུ་བ་དང་། མཛད་འཕྲིན་དང་ཕུག་མདུན་ལ་བསྟོད་བསྔགས་དང་ཡི་རང་བཅས་ཞུ་འོས་པ་ལགས་སོ། །