རྔ་བ་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་རྣམ་པ་རིན་སྤུངས་དགོན་དུ་གཟིགས་རྟོག་ཏུ་ཕེབས་པ།

སྤྱི་ལོ་༢༠༢༠ལོའི་ཟླ་བ་༡༠བའི་ཚེས་༢༡ཉིན་རྔ་བ་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་༢༠༢༠ལོའི་ལས་འཛིན་གསོ་སྦྱོང་འཛིན་གྲྭའི་བླ་སྤྲུལ་རྣམ་པ་རིན་སྤུངས་དགོན་དུ་གཟིགས་རྟོག་ཏུ་ཕེབས་པ།
   དེ་ཡང་རྔ་བ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྟག་ཚ་སྐལ་བཟང་ཐུབ་བསྟན་ལེགས་བཤད་རྒྱ་མཚོ་མཆོག་གཙོས་པའི་རྔ་བ་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་རྒན་གཞོན་དང་དྲུང་ཡིག་ཆེན་མོ་རྣམ་པ་དང་དེ་བཞིན་རྫོང་ཁག་སོ་སོའི་སྲིད་གྲོས་སྐུ་གཞོན་རྣམ་པ་དང་རྫོང་ཁག་སོ་སོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་རྣམ་པ་སོགས་རྔ་བ་ཁུལ་ཁོངས་ཀྱི་ཆོས་བརྒྱུད་དྲུག་གི་སྐྱེས་ཆེན་བླ་སྤྲུལ་དང་དེ་བཞིན་འབྲེལ་ཡོད་ཀྱི་གཞུང་གི་དབུ་ཁྲིད་རྣམ་པ་སོགས་དང་། གཞན་ཟིང་ཆུ་རྫོང་འཐབ་ཕྱོགས་གཅིག་གྱུར་པུའི་མི་སྣ་དང་། རྫོང་མི་རིགས་ཆོས་དོན་ཁང་གི་དབུ་ཁྲིད། གཙོ་ཚང་དགོན་གྲོང་རྡལ་གྱི་འབྲེལ་ཡོད་དབུ་ཁྲིད་སོགས་བླ་སྤྲུལ་དབུ་ཁྲིད་ལྔ་བཅུ་ལྷག་ཕེབས་པ་དང་།
   རིན་སྤུངས་དགོན་པའི་བླ་གྲྭ་རྣམ་པས་ཕེབས་བསུ་ཞུས་ཏེ་ཁོང་རྣམ་པས་རིན་སྤུངས་དགོན་པའི་ཚོགས་ཆེན་འདུ་ཁང་དང་སྐུ་གདུང་། བླ་བྲང་ཁང་། སྤྱི་གཉེར་ཁང་སོགས་དང་དེ་བཞིན་དགོན་པའི་ཕྱི་ནང་གི་འཁོར་ཡུག་སོགས་གཟིགས་རྟོག་གནང་བ་མ་ཟད། དགོན་པའི་འགན་འཛིན་རྣམ་པས་དགོན་པའི་སྔར་སོང་གི་ལོ་རྒྱུས་དང་ད་ལྟའི་གནས་འབབས་སོགས་ཀྱི་ཐད་ལ་ཡར་ཞུས་གནང་ལ།
   དེ་ནས་རྔ་བ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྟག་ཚ་སྐལ་བཟང་ཐུབ་བསྟན་ལེགས་བཤད་རྒྱ་མཚོ་མཆོག་གིས་རིན་སྤུངས་དགོན་ལ་རྔ་བ་ཁུལ་སྐྱེས་ཆེན་ཁག་གི་གསུང་འབུམ་ལེགས་སྐྱེས་སུ་རིན་སྤུངས་དགོན་པའི་ཀྲུའུ་རེན་རྣམ་རྒྱལ་ཚེ་རིང་ལ་བརྒྱུད་དེ་གནང་།
རིན་སྤུངས་དགོན་གཞུང་ནས་བླ་སྤྲུལ་སྐྱེས་ཆེན་དབུ་ཁྲིད་ཡོངས་ལ་<<རིན་སྤུངས་དགོན་པའི་ལོ་རྒྱུས།>><<རིན་སྤུངས་མཆོག་སྤྲུལ་ཤེས་རབ་རྣམ་རྒྱལ་གྱི་གསུང་འབུམ།>><<གཡུང་གླིང་དགེ་སློང་ཤེས་རབ་བསྟན་འཛིན་གྱི་རྣམ་ཐར།>>བཅས་ཕུལ་བ་དང་། དེ་བཞིན་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་ངོས་ནས་<<མ་རྒྱུད་གནས་ཆེན་བྱང་བྱ་དུར་གྱི་དཀར་ཆག>>སྐུ་མགྲོན་ཡོངས་ལ་ཕུལ་བ་དང་།
དེ་ནས་དགོན་པའི་ཚོགས་ཁང་མདུན་ནས་དྲན་རྟེན་གྱི་སྐུ་པར་བསྐྱོན་པ་དང་། དེ་ནས་ཁོང་རྣམ་པ་གཙོ་ཚང་དགོན་གྲོང་རྡལ་གྱི་དམར་དམག་རྒྱང་སྐྱོད་ཁང་དང་དབྱི་སི་ལན་ལྷ་ཁང་སོགས་ལ་གཟིགས་རྟོག་ཏུ་ཕེབས།