སྐྱིད་འཛོམས་དགོན་པའི་སྒྲུབ་ཁང་གསར་བཞེངས་ལེགས་གྲུབ་ཀྱི་རབ་གནས་མཛད་སྒོ་སྤེལ་བ།

   དེ་ཡང་སྤྱི་ལོ་༢༠༢༠ཉིན་མདོ་སྨད་ཟིང་ཆུ་རྫོང་སྐྱིད་འཛོམས་གཡུང་དྲུང་གླིང་གི་སྒྲུབ་ཁང་གསར་བཞེངས་ལེགས་གྲུབ་དང་ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་མཆོག་གི་སྐུ་གདུང་གསར་བཞེངས་ལེགས་གྲུབ་ཀྱི་རབ་གནས་མཛད་སྒོ་སྤེལ་བ་སྟེ།

   རབ་གནས་མཛད་སྒོ་ལ་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་༧མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་རིན་པོ་ཆེ། སྣང་ཞིག་རྣམ་རྒྱལ་ཀུན་གྲགས་གླིང་གི་བསྟན་བདག་༧མཆོག་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་རིན་པོ་ཆེ། སྣང་ཞིག་ལྕགས་མདུད་དགོན་པའི་དབུ་བླ་ལྕགས་མདུད་ཟླ་བ་རྒྱལ་མཚན་རིན་པོ་ཆེ། དགའ་མལ་གཡུང་དྲུང་དར་རྒྱས་གླིང་གི་དབུ་བླ་ཁྱུང་ཚ་བསྟན་པ་གོང་འཕེལ་རིན་པོ་ཆེ། སྐྱིད་འཛོམས་གཡུང་དྲུང་གླིང་གི་དབུ་བླ་ཤེས་རབ་གོང་འཕེལ་རིན་པོ་ཆེ། སྣང་ཞིག་དགོན་པའི་དགེ་རྒན་དགེ་བཤེས་བདེ་ལེགས་ཀུན་འབྱུང་གཙོས་པའི་བླ་གྲྭ་དུ་མ་བཅས་ཕེབས་ཡོད་པ་དང་།
   ཐོག་མར་མཁན་སྤྲུལ་བླ་སློབ་རྣམས་སྐྱིད་འཛོམས་དབུ་བླའི་བླ་བྲང་ནས་གདན་དྲངས་ཏེ་འདུ་ཁང་འཁྱམ་ར་ནས་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་བླ་མ་ཤེས་རབ་གོང་འཕེལ་རྣམ་གཉིས་ནས་སྲིད་པའི་བརྡ་དར་ཆེན་མོ་མཁའ་དབྱིངས་སུ་བསྒྲེངས་པ་དང་བླ་གྲྭ་འདུས་པ་ནས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་ཤིང་།
   དེ་ནས་མཁན་སྤྲུལ་བླ་སློབ་རྣམས་གསར་བཞེངས་ལེགས་གྲུབ་བྱུང་བའི་སྐྱིད་འཛོམས་གཡུང་དྲུང་གླིང་གི་སྒྲུབ་ཁང་གསར་བ་ལ་གདན་དྲངས་ཤིང་།
སྣང་ཞིག་མཆོག་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་རིན་པོ་ཆེ་ནས་གཡུང་དྲུང་བསྟན་པ་རྒྱས་པའི་མཚོན་དོན་དུ་གསེར་སྐོང་མར་མེ་སྒྲོན་པ་དང་མཁན་སྤྲུལ་འདུས་པ་ནས་བཀྲ་ཤིས་སྒོ་དབྱེའི་ཚིག་བཤད་གསུངས།
དེ་ནས་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་ནས་སྒྲུབ་ཁང་སྒོ་དབྱེའི་དར་ཚོན་དབུ་འབྱེད་གནང་།
དེ་ནས་མཁན་སྤྲུལ་བླ་སློབ་རྣམས་སྒྲུབ་ཁང་དུ་ཕེབས་ཏེ་རབ་གནས་ཀྱི་ཆོ་གའི་གཞུང་བསྲངས་པ་དང་རྒྱལ་བ་སྨན་རིའི་རིང་ལུགས་བཞིན་གྱི་སྒྲུབ་ཁང་དུ་སྤྱི་སྤུངས་གཞུང་གི་བུམ་པ་བཙུགས།
དེ་ནས་དད་ལྡན་མང་ཚོགས་རྣམས་སྒྲུབ་ཁང་གི་རྟེན་དང་བརྟེན་པ་བཅས་ལ་མཇལ་ཁ་ཞུས།
   དེ་ནས་སླར་ཡང་མཁན་སློབ་བླ་སྤྲུལ་རྣམས་འདུ་ཁང་ནང་དུ་ཕེབས་ཏེ་གསར་བཞེངས་གནང་བའི་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་མཆོག་གི་སྐུ་གདུང་རིན་པོ་ཆེ་ལ་རབ་གནས་དང་མཇལ་ཁ་ཞུས།
   དེ་ནས་འདུ་ཁང་འཁྱམས་ར་ནས་༧སྣང་ཞིག་མཆོག་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་རིན་པོ་ཆེ་ནས་དད་ལྡན་མང་ཚོགས་རྣམས་ལ་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེའི་སྐུ་གདུང་དང་སྒྲུབ་ཁང་གསར་བཞེངས་སྐོར་དང་འབྲེལ་བའི་བཀའ་སློབ་གནང་ཞིང་།
དེ་ནས་མཁན་སྤྲུལ་བླ་སློབ་སོགས་ཀྱིས་སྐྱིད་འཛོམས་གཡུང་དྲུང་གླིང་གི་དབུ་བླ་ཤེས་རབ་གོང་འཕེལ་རིན་པོ་ཆེ་ལ་བཀའ་དྲིན་ལེགས་མཚོན་གྱི་དར་དཀར་སོགས་ཕུལ་བ་བཅས་ཀྱི་གནས་བསྡུས།