བླ་མ་གཡུང་དྲུང་ཚུལ་ཁྲིམས་མཆོག་གི་དགོངས་རྫོགས་གནས་བསྡུས།

   རིན་སྤུངས་བཀྲ་ཤིས་སྨིན་གྲོལ་གླིང་གི་གྲྭ་ཚང་བླ་མའི་ཁྲི་རབས་བཞི་བ་བླ་མ་གཡུང་དྲུང་ཚུལ་ཁྲིམས་མཆོག་ནི་བོད་རབ་བྱུང་བཅུ་དྲུག་པའི་ཆུ་ཡོས་ཏེ། སྤྱི་ལོ་༡༩༦༣ལོའི་ཟླ་བ་༢པའི་ཚེས་༨ཉིན་མདོ་སྨད་ཟིང་ཆུ་རྫོང་ཨ་སྟོང་ཤང་གཡང་རྟེན་སྡེ་བའི་གཡང་རྟེན་ཚང་དུ་ཡབ་གཡང་རྟེན་བསྐལ་བརྒྱ་དང་ཡུམ་གོང་བ་བཟའ་རྣམ་སྨིན་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་ཆུང་དུས་ནས་འབྲི་ཀློག་སོགས་ལ་སློབ་གཉེར་གནང་། དགུང་ལོ་བཅོ་བརྒྱད་སྟེང་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་༧དཔོན་སློབ་བསྐལ་བཟང་དར་རྒྱས་མཆོག་གི་མདུན་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བོན་སྒོ་ཕྱི་ནང་གསང་བའི་དབང་ལུང་ཁྲིད་གདམས་སོགས་ཞུས་ཏེ་ཀུན་མཁྱེན་ཤར་རྫ་པའི་རིང་ལུགས་བཞིན་དུ་སྒྲུབ་གྲྭ་ལོ་གསུམ་དུ་བཞུགས། དེ་ནས་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་གཙོས་པའི་སྐྱེས་ཆེན་དུ་མའི་མདུན་ནས་དབང་ལུང་ཁྲིད་ཀྱི་ཟབ་གདམས་ཅི་རིགས་ཞུས་ཤིང་། སྒྲུབ་པ་བསྙེན་སྒྲུབ་གནང་སྟེ་མི་ལོ་དུ་མར་བཞུགས དེ་ནས་རིན་སྤུངས་དགོན་པའི་ཀྲུའུ་རེན་འགན་མི་ལོ་དུ་མའི་རིང་དུ་འགན་བཞེས། ༢༠༠༤ལོར་གྲྭ་ས་སྨན་རིའི་རིང་ལུགས་བཞིན་དུ་རིན་སྤུངས་དགོན་པའི་གྲྭ་ཚང་བླ་མའི་རྟགས་རིལ་སྒྲིལ་སྐབས་སུ་ཁོང་ཉིད་རྟགས་རིལ་ཨང་དང་པོར་ཐོན་ནས་གྲྭ་ཚང་བླ་མའི་འགན་མི་ལོ་བཅུ་ཕྲག་རིང་དུ་འགན་བཞེས། དེ་ནས་༢༠༡༤ལོར་སྐུའི་སྙུང་གཞི་རྐྱེན་པས་གྲྭ་ཚང་བླ་མའི་འགན་ལས་ཁྲི་ཟུར་གནང་སྟེ་བཞུགས། དེ་ནས་༢༠༢༠ལོའི་ཟླ་བ་༦པའི་ཚེས་༩ཉིན་གྱི་ཞོགས་པ་པེ་ཅིང་ཆུ་ཚོད་༠༤ཡི་སྐར་མ་༡༦སྟེང་དགོངས་པ་བོན་དབྱིངས་སུ་གཤེགས།
   བླ་མ་རིན་པོ་ཆེ་མཆོག་ཚེས་༩ཉིན་དགོངས་པ་བོན་དབྱིངས་སུ་སྐུ་ཞི་བར་གཤེགས་ཁོང་རིན་པོ་ཆེ་ཐུགས་དམ་གསང་རྒྱ་གནང་བ་དང་དེའི་རིང་ལ་དགོན་པའི་འགན་འཛིན་རྣམ་པ་གཙོས་པའི་བླ་གྲྭ་ཁག་གཅིག་ནས་ཨ་སྙན་རྫོགས་གསུམ་དང་དཀར་པོ་སུམ་སྦྱོར་སོགས་ཀྱི་ཚོགས་མཆོད་དང་ཕྱི་ནང་གསང་བའི་མཆོད་པ་སོགས་ཕུལ། དེ་ནས་ཉིན་ཞག་གསུམ་གྱི་རྗེས་སུ་གསང་རྒྱ་གྲོལ་བ་དང་དགོན་པའི་བླ་གྲྭ་ཡོངས་ནས་རིམ་བཞིན་ཨ་སྙན་རྫོགས་གསུམ་སོགས་ཀྱི་མཆོད་པ་ཕུལ། དེ་ནས་སྤྱི་ཚེས་༡༤དང་༡༥ཉིན་གཉིས་གྲྭ་ཚང་ཡོངས་ནས་ཀུན་རིག་ལས་བཞི་རྒྱུན་ལྔའི་གཏོར་མ་བཅའ་བཟོ་ལག་ལེན་ལེགས་པར་གནང་། སྤྱི་ཚེས་༡༥ཉིན་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་༧མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་རིན་སྤུངས་དགོན་པའི་དཔོན་སློབ་གྲྭ་ཚང་བླ་མ་རྣལ་འབྱོར་ལྷུན་གྲུབ་བསྟན་འཛིན་མཆོག་གཙོས་པའི་སྐྱེས་ཆེན་རྣམས་ཕེབས་ཏེ་དུ་ཏྲི་སུའི་སྒྲུབ་གཞུང་བསྲངས་བ་དང་དཀར་པོ་སུམ་སྦྱོར་གྱི་ཚོགས་མཆོད་ཕུལ།
  དེ་ནས་སྤྱི་ཚེས་༡༧ཉིན་ནས་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་མཆོག་དང་བླ་མ་རྣལ་འབྱོར་ལྷུན་གྲུབ་བསྟན་འཛིན་མཆོག་རྣམ་གཉིས་དབུ་བཞུགས་ཐོག་བླ་གྲྭ་བཅུ་དྲུག་གིས་ཀུན་རིག་ལས་བཞི་རྒྱུན་ལྔའི་སྔགས་ཕྱི་ནང་གཉིས་སུ་ཕྱེས་ཏེ་བསྒྲུབས་པ་དང་།
   སྤྱིར་རང་དགོན་གྱི་ལྷ་སྡེ་མང་ཚོགས་ཡོངས་ལ་གདུང་མཇལ་གྱི་གོ་སྐབས་སྤྲད་དགོས་ཀྱང་དེང་དུས་འདིར་ད་རུང་ཏོག་དབྱིབས་ནད་དུག་ཕྱོགས་ཡོངས་ནས་ཞི་འཇགས་སོགས་བྱུང་མེད་སྟབས་དད་ལྡན་མང་ཚོགས་ལ་དམིགས་བསལ་གདུང་མཇལ་སོགས་ཀྱི་དུས་ཚོད་གོ་སྒྲིག་བྱས་མེད།
   དེ་ནས་སྤྱི་ཚེས་༡༨ཉིན་གྱི་ཞོགས་པ་ཐོ་རངས་ཆུ་ཚོད་༥བའི་སྟེང་རང་དགོན་བླ་གྲྭ་ཡོངས་ནས་སྐུ་གདུང་བསུས་ཤིང་ཞུགས་འབུལ་གནས་སུ་གདན་དྲངས་ཏེ། མཁན་བླ་གྲྭ་མང་རྣམས་ནས་དམིགས་བསལ་གདུང་སྲེག་ཞུགས་འབུལ་གྱི་ཀློང་རྒྱས་གདུང་སྲེག་གཞུང་བསྲངས་ཏེ་སྐུ་གདུང་ཞུགས་འབུལ་གནང་། སྐུ་གདུང་ཞུགས་འབུལ་སྐབས་སུའང་ཐུན་མིན་རྟགས་མཚན་སྣ་ཚོགས་བྱུང་།
   དེ་ནས་མཚན་མོར་བླ་གྲྭ་འདུས་པ་ཡོངས་ནས་བླ་མ་རིན་པོ་ཆེ་དགོངས་རྫོགས་སུ་ཚོགས་ཆེན་འདུ་ཁང་གི་འཁྱམ་རར་ཁོང་རིན་པོ་ཆེའི་མཚན་རིས་ཅན་གྱི་མར་མེ་དང་འཁོར་ལོ་སོགས་ཀྱི་མཚན་རིས་ཅན་གྱི་མར་མེའི་མཆོད་པ་ཕུལ།
   དེ་ནས་སླར་ཡང་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་མཆོག་དང་བླ་མ་རྣལ་འབྱོར་ལྷུན་གྲུབ་བསྟན་འཛིན་མཆོག སྣང་ཞིག་ལྕགས་མདུད་ཟླ་བ་རྒྱལ་མཚན་སོགས་ནས་ཀུན་རིག་ལས་བཞི་རྒྱུན་ལྔའི་མེ་སྤར་སོགས་གནང་སྟེ་ལས་བཞི་རྒྱུན་ལྔའི་མཆོད་སྐོར་འཕྲིན་ལས་གཞུང་རྒྱུན་བསྐྱངས།
   དེ་ནས་སྤྱི་ཚེས་༡༩ཉིན་མཁན་རིན་པོ་ཆེ་སོགས་ནས་སྐུ་གདུང་ཞུགས་འབུལ་ལས་གདུང་རུས་དང་གདུང་ཐལ་སོགས་ཕྱོགས་བསྡུས་གནང་སྟེ་བླ་མ་ཁོང་རིན་པོ་ཆེ་ཕྱི་ནང་གསང་བའི་སྡོམ་པ་རབ་ཏུ་བཙུན་པའི་དན་རྟགས་སུ་རིང་བསྲེལ་རིགས་མི་འདྲ་བ་དུ་མ་བྱུང་ལ།
   དེ་ནས་སྤྱི་ཚེས་༢༠ཉིན་མཁན་བླ་གྲྭ་མང་བཅས་ནས་གདུང་རུས་གདུང་ཐལ་རྣམས་ཡུལ་ལུང་གི་ཡུལ་སྲོལ་བཞིན་དུ་གནས་ཆེན་བྱང་བྱ་དུར་ལ་གདན་དྲངས་ཏེ་གནས་ཆེན་དུ་བཞུགས་སུ་གསོལ།

ཞེས་རིན་སྤུངས་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་ནས།
༢༠༢༠་༦་༢༠ཉིན།