ས་འབྲུག་དགོན་དུ་བཀའ་དབང་གནང་བ།

  དེ་ཡང་༢༠༡༩ལོའི་ཟླ་བ་༡༢པའི་ཚེས་༡༠ཉིན་མདོ་སྨད་ཟིང་ཆུ་རྫོང་ཞང་ངུའི་དཔྱོད་དཔྱིད་ཁོག་གི་༧དཔལ་གཤེན་བསྟན་ས་འབྲུག་དགོན་པའི་བླ་གྲྭ་རྣམ་པ་དང་དད་ལྡན་མང་ཚོགས་ཀྱིས་གདན་ཞུས་ལྟར་༧བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་༧སྐྱབས་རྗེ་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་མཆོག་ཟིང་ཆུ་རྫོང་བོན་གྱི་དགོན་བཅུ་དགུའི་ཡ་གྱལ། ཕྱིའི་དགོན་ལག་བཅུ་གསུམ་གྱི་ནང་ཚན་ས་འབྲུག་དགོན་དུ་ཕེབས་ཏེ།

དད་ལྡན་སྐྱ་སེར་མི་མང་ལ་སྒྲོན་སྦྱོང་མུན་སེལ་སྒྲོན་མའི་བཀའ་དབང་གནང་སྟེ། ཞང་ངུའི་སྨད་དཔྱོད་དཔྱིད་ཁོག་གི་དད་ལྡན་མང་ཚོགས་རྣམས་ལ་ཕན་བདེ་བསྐྲུན།

བཀའ་དབང་གནང་ཟིན་པ་དང་ཡུལ་ལུང་དེ་གའི་མང་ཚོགས་རྣམས་ལ་སྤྱིར་རང་གི་མི་རིགས་ཀྱི་རིག་གནས་སྐོར་ལ་སློབ་སྦྱོང་གནང་དགོས་ཚུལ་དང་། ཁྱད་པར་དུ་རང་སོ་སོའི་ཡུལ་ལུང་གི་སྲོལ་རྒྱུན་རིག་གནས་གོམས་གཤིས་སོགས་བདག་སྐྱོང་གནང་སྟེ། ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་སོགས་གནང་དགོས་པའི་བཀའ་སློབ་ཟབ་རྒྱས་གནང་བ་སོགས་ཀྱི་གནས་བསྡུས།