ཤར་སྐྱང་དགོན་དུ་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་༣༣པའི་ལྷ་ཁང་གསར་བཞེངས་གནང་།

   དེ་ཡང་གཤེན་གྱི་འབྱུང་ལྡན་༣༠༡ནང་ཚན་བོད་རབ་བྱུང་བཅུ་བདུན་པའི་ས་ཕག་ལོའི་བོད་ཟླ་བཞི་བ་དང་། རྒྱལ་ཟླ་ལྔ་བའི་ཚེས་༡༥ཉིན། སྤྱི་ལོ་༢༠༡༩ལོའི་ཟླ་བ་༦པའི་ཚེས་༡༨ཉིན་མདོ་སྨད་ཟིང་ཆུ་རྫོང་ཤར་སྐྱང་ཚང་དགོན་དུ་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གི་ལྷ་ཁང་གསར་བཞེངས་ལེགས་གྲུབ་ཀྱི་རབ་གནས་གནང་བ།
   དེ་ཡང་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་རིན་པོ་ཆེ་མཆོག་གི་གཞིས་དགོན་ནི་ཤར་སྐྱང་ཚང་དགོན་ཡིན་སྟབས། ཤར་སྐྱང་དགོན་གྱི་དཔོན་སློབ་ཚུལ་ཁྲིམས་དཔལ་འབྱོར་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན་དུ་དགོན་པའི་འགན་འཛིན་རྣམ་པ་དང་དེ་བཞིན་དད་ལྡན་མང་ཚོགས་ཀྱི་རོགས་འདེགས་ཞུས་ཏེ་སྐྱབས་རྗེ་ཞིང་གཤེགས་དམ་པ་རིན་པོ་ཆེའི་ལྷ་ཁང་གསར་བཞེངས་གནང་བ་དང་ལྷ་ཁང་ནང་ལ་༧སྐྱབས་རྗེ་ཞིང་གཤེགས་རིན་པོ་ཆེའི་སྐུ་འདྲ་སོགས་གསར་བཞེངས་གནང་སྟེ་ལེགས་གྲུབ་བྱུང་ལ།
  དེ་ནས་ཟླ་འདིའི་བོད་ཚེས་༡༥ཉིན་སྐྱང་དགོན་གྱི་བླ་རབས་ཉེ་གཉིས་པ་དབྲ་སྲས་ཚུལ་ཁྲིམས་འགྱུར་མེད་བསམ་གྲུབ་མཆོག་དང་དཔོན་སློབ་ཚུལ་ཁྲིམས་དཔལ་འབྱོར་རིན་པོ་ཆེ་སོགས་དགོན་པའི་གྲྭ་མང་འདུས་པ་ཡོངས་ནས་ལྷ་ཁང་སོགས་ལ་རབ་གནས་ཀྱི་ཆོ་ག་སྤེལ་བ་དང་། བླ་མ་མཆོད་པ་སོགས་ཀྱི་སྒོ་ནས་སྐྱབས་རྗེ་ཞིང་གཤེགས་རིན་པོ་ཆེ་ལ་རྗེས་དྲན་ཞུས།
  དེ་ནས་སྐྱབས་རྗེ་ཞིང་གཤེགས་རིན་པོ་ཆེའི་གསོལ་འདེབས་དབྱངས་སུ་གྱེར་ནས་བསྐོར་ཕྱག་སོགས་ཞུས། ༧སྐྱབས་རྗེ་ཞིང་གཤེགས་མཆོག་གི་བཀའ་དྲིན་རྗེས་དྲན་སོགས་ཀྱི་མཆོད་རྟེན་དུ་ཁོང་རིན་པོ་ཆེའི་གཞིས་དགོན་དུ་ལྷ་ཁང་སོགས་བཞེངས་པའོ། །
ཞེས་ལྷ་ཁང་སོགས་རབ་གནས་ཀྱི་གནས་བསྡུས་ཙམ་དུ་སྤེལ།