སྐྱིད་འཛོམས་གཡུང་དྲུང་དར་རྒྱས་གླིང་གི་དུ་ཏྲི་སུའི་སྒྲུབ་ཆེན།

མདོ་སྨད་བོན་གྱི་གདན་ས་དམ་པ་༧དཔལ་གཤེན་བསྟན་སྐྱིད་འཛོམས་གཡུང་དྲུང་དར་རྒྱས་གླིང་དུ་ལོ་ལྟར་བོད་ཟླ་བ་༤བའི་ཚེས་༢༣ནས་དབུ་བཟུང་ཞིང་ཉིན་དགུའི་རིང་ལ་བདག་གཞན་ཤི་གསོན་ཀུན་གྱི་དོན་དུ་སྒྲིབ་སྦྱོང་མུན་སེལ་སྒྲོན་མེའམ་དུ་ཏྲི་སུའི་སྒྲུབ་ཆེན་འཚོགས་བཞིན་ཡོད།

དེའི་ཚོགས་ཐོག་ཏུ་༧སྣང་ཞིག་མཆོག་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་རིན་པོ་ཆེ་དང་སྐྱིད་འཛོམས་དགོན་གྱི་ཁྲི་འཛིན་༧ཤེས་རབ་གོང་འཕེལ་རིན་པོ་ཆེ་རྣམ་གཉིས་གཙོས་དགོན་འདིའི་བླ་གྲྭ་ལྷན་རྒྱས་ཀྱིས་སྒྲུབ་ཆེན་ཚུལ་བཞིན་འཚོགས་པ་དང་།

ཉིན་བརྒྱད་པར་གཤེན་གྱི་བསྟན་པའི་རྒྱན་དང་སྔོན་བྱོན་གོང་མའི་ལུགས་སྲོལ་བཞིན་དུ། དད་ལྡན་འགྲོ་བ་མང་པོའི་འདྲེན་བྱེད་མིག་གི་བདུད་རྩི་རུ་འགོ་ལ་རྣམ་བརྒྱད་འཆམ་ནས་མཐར་གཤེན་རབ་དགུ་འཆམ་བར་འཆམ་རིགས་སྣ་ཚོགས་བརྒྱབ་ནས་ཉིན་དེའི་མཛད་སྒོ་ཟབ་རྒྱས་སྤེལ་བ་དང་།

དེ་ནས་ཉིན་དགུ་བའི་སྔ་དྲོར་བཀྲ་ཤིས་སྨོན་ལམ་རྣམ་དག་སོགས་ཀྱིས་ཡོངས་སུ་བརྒྱན་ནས་ད་ལོའི་སྨོན་ལམ་སྒྲུབ་ཆེན་གྱི་མཇུག་ཡོངས་སུ་རྫོགས་སོ།།