རླབས་ཆེ་བའི་ཚོགས་ཆེན་ལ་བསྟོད་པ། ༼གཞས།༽

༼ ༢༠༡༣ལོར་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་༧དགའ་མལ་དགོན་ཆེན་དུ་གཡུང་དྲུང་བོན་དང་འབྲེལ་བའི་ཚོགས་ཆེན་གསུམ་ལྷན་འཚོགས་ཀྱི་ཆེད་བསྒྲིགས་(གཤེན་བསྟན་འོད་སྣང་)ལས་བཤུས་པའི་གླུ་གཞས་བདམས་བཀོད། ༽
རླབས་ཆེ་བའི་ཚོགས་ཆེན་ལ་བསྟོད་པ།
ཚིག སློབ་དཔོན་ཤེས་རབ་ལྷུན་གྲུབ།
དབྱངས། སྐལ་བཟང་བསྟན་འཛིན།
ལེན་མཁན། བོད་ཀྱི་གློག་བརྙན་འཁྲབ་སྟོན་མ་གྲགས་ཅན། བདེ་སྐྱིད།
སྒྲིག་སྦྱོར་མཁན། རྔ་བཟའ་ནོར་བུ། རིན་སྤུངས་ཚུལ་བསྟན།

གཡས་རུའི་མཁས་གྲུབ་སྟོང་གི། །
འཆད་རྩོད་བོན་དབྱངས་ལྡིར་བའི། །
བྱ་དུར་དགའ་མལ་དགོན་ཆེན། །
ཚད་གསུམ་རྩོད་གྲྭ་ཆེན་མོ། །

ཟབ་གསལ་གསུང་གི་མན་ངག །
སྣོད་ལྡན་བུ་ལ་སྦྱིན་པའི། །
དགེ་བའི་བཤེས་གཉེན་ཆེན་མོ། །
འདུས་སྡེའི་རྒྱན་དུ་མཛེས་སོང་། །

རིག་པའི་རྩལ་སྟོབས་འགྲན་པའི། །
བུ་སློབ་འདུས་པ་རྒྱ་མཚོ། །
མཐོང་ན་གཟི་བརྗིད་ལྡན་པ། །
ཉན་ན་གོ་རྟོགས་འཕེལ་བ། །

མེས་པོའི་ཐུགས་གཤིས་མངའ་བའི། །
རིག་གཞུང་ལྷ་ལམ་དབྱིངས་སུ། །
མི་བུ་ཤེས་རབ་ཅན་པོ། །
ཤེས་བྱའི་ནམ་འཕང་བཅད་སོང་། །