ཟིང་ཆུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་དུས་ཆེན་མཛད་སྒོའི་བཀའ་སློབ།

 མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་མཆོག་གིས་ཟིང་ཆུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་དུས་ཆེན་མཛད་སྒོའི་བཀའ་སློབ་གནད་བསྡུས། 

WechatIMG74.jpg

དེ་རིང་ང་ཚོ་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་བཤད་སྒྲུབ་འདུས་སྡེའམ་ཟིང་ཆུ་གཡུང་དྲུང་བོན་གྱི་འདུས་སྡེའི་དུས་ཆེན་ལ་ཕེབས་པའི་མཁན་སློབ་བླ་སྤྲུལ་སེམས་དཔའ་འདུས་སྡེ་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་གི་དུས་ཆེན་དང་འབྲེལ་ཏེ་བདག་གིས་བསམ་ཚུལ་ལམ་རེ་བ་ཁ་ཤས་ཞིག་ཞུ་འདོད་བྱུང་ལ།

༡༽  བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་བྱུང་རབས་དང་འབྲེལ་ཏེ་འདུས་སྡེ་འདིར་བཤད་སྒྲུབ་བསྟན་པ་དར་ཚུལ་ཅུང་ཙམ་ཞུ་བ་ལ། དེ་ཡང་ཅི་སྐད་དུ། ལོ་རྒྱུས་ཁོང་ནས་མ་བཤད་ན། །ཡིད་མི་ཆེས་པའི་རྒྱུ་རུ་འགྱུར། །ཞེས་གསུངས་པ་ལྟར། སྤྱིར་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་དར་ནས་ད་བར་མི་ལོ་ཆིག་ཁྲི་བརྒྱད་སྟོང་བརྒྱ་མེད་སུམ་ཅུ་སོ་ལྔར་སོང་ཡོད་ལ། སྒོས་སུ་ང་ཚོ་ཡུལ་ལུང་འདི་ལ་མཚོན་ན་ཉུང་མཐའ་ཡང་ཞང་བོད་ཀྱི་གྲུབ་ཆེན་སྐྱེས་ཆེན་རྒྱ་བོན་ཟིང་བ་མཐུ་ཆེན་མཆོག་གནས་འདིར་ཕེབས་པ་ནས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་དར་བ་ཡོད་ཤས་ཆེ་བ་མ་ཟད། དེ་ནས་རིམ་བཞིན་རིག་འཛིན་སྐྱེས་ཆེན་མཐའ་ཡས་པ་ཞིག་ཕེབས་ཏེ་ནང་གི་དགོན་ཁག་ལྔ་དང་ཕྱིའི་དགོན་ལག་བཅུ་གསུམ་བཅས་ཕྱག་བཏབ་མཛད་དེ་སྤྱིར་འགྲོ་བ་སེམས་ཅན་ཡོངས་དང་ཁྱད་པར་ང་ཚོ་འདིར་གནས་ཀྱི་འགྲོ་བ་སེམས་ཅན་གྱི་དོན་མཛད་འཕྲིན་བརྗོད་ཀྱིས་མི་ལོངས་པ་ཞིག་མཛད་ལ། ཡང་ཁྱད་པར་དུ་ང་ཚོ་ཡུལ་ལུང་འདིའི་སྤྱི་དགོན་ནམ་གཞིས་དགོན་ཆེན་མོ་སྟེ། དཔལ་གཤེན་བསྟན་ཀུན་ཁྱབ་བདེ་ཆེན་གླིང་ངམ་༧བྱང་བྱ་དུར་དགའ་མལ་དགོན་ཆེན་འདི་ཉིད་བོད་རབ་བྱུང་བཅུ་དྲུག་པའི་མེ་ཕག་སྟེ། སྤྱི་ལོ་༡༩༤༧ལོར་དགོན་ཁག་དབུ་བརྙེས་པ་བཟུང་ད་བར་མི་ལོ་བདུན་ཅུ་ལྷག་སོང་ཡོད་ལ། དེ་ནས་སླར་ཡང་ལྕགས་བྱ། སྤྱི་ལོ་༡༩༨༡ལོར་ཕྱིའི་དགོན་ལག་བཅུ་གསུམ་དང་ནང་གི་དགོན་ཁག་ལྔ་ལྷན་དུ་འཚོགས་པའི་ཆོག་མཆན་གོང་རིམ་ནས་གནང་བ་ལྟར། སྐྱབས་རྗེ་མཁན་ཆེན་ཤེས་རབ་ཚུལ་ཁྲིམས་མཐར་ཕྱིན་རིན་པོ་ཆེ་མཁན་རབས་དང་པོ་དང་། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་བསྐལ་བཟང་དར་རྒྱས་རིན་པོ་ཆེ་དཔོན་སློབ་ཀྱི་ཁྲི་རབས་དང་པོར་ཁྲི་བཞེངས་གནང་སྟེ། སྐྱབས་རྗེ་མཁན་སློབ་ཁོང་རྣམ་གཉིས་ཀྱིས་དབུ་ཁྲིད་འོག་ཕྱིའི་དགོན་ལག་བཅུ་གསུམ་དང་ནང་གི་དགོན་ཁག་ལྔའི་དགོན་བདག་བླ་སྤྲུལ་མཁན་སློབ་གྲྭ་མང་སྟོང་ཕྲག་ལྷག་དང་དད་ལྡན་དམངས་ཚོགས་ཁྲི་ཕྲག་དུ་མས་ཞོར་འདེགས་འོག་དགོན་ཆེན་གྱི་འཚོགས་ཁང་ཆེན་མོ་སོགས་ཕྱི་ནང་གི་རྟེན་དང་བརྟེན་པ་བཅས་གསར་བཞེངས་ལེགས་གྲུབ་བྱུང་བ་མ་ཟད། བཤད་པ་འཆད་ཉན་གྱི་སྡེ་དང་སྒྲུབ་པ་ཉམས་ལེན་གྱི་སྡེ་གཉིས་ཟུང་འབྲེལ་གྱི་སྒོ་ནས་བཤད་སྒྲུབ་སློབ་གཉེར་བ་གྲྭ་བ་བརྒྱ་ཕྲག་ལྷག་གསོ་སྐྱོང་གནང་སྟེ་ཡུལ་ལུང་འདིར་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་དར་ཆེན་མཁའ་ལ་བསྒྲེངས་པ་མཛད། དེ་ནས་རིམ་བཞིན་སྐྱབས་རྗེ་མཁན་ཆེན་ཤེས་རབ་མཐར་ཕྱིན་རིན་པོ་ཆེ་དང་དཔོན་སློབ་བསྐལ་བཟང་དར་རྒྱས་རིན་པོ་ཆེ། དཔོན་སློབ་བརྩོན་འགྲུས་གོང་འཕེལ་རིན་པོ་ཆེ། དེ་བཞིན་སྒྲུབ་སློབ་ཤེས་རབ་ཚུལ་ཁྲིམས་རིན་པོ་ཆེ་དང་། ཀྲུའུ་རེན་ཨ་ཁུ་གནམ་གནམ་སོགས་ཀྱི་བཀའ་དྲིན་ལ་བརྟེན་ནས་དགོན་ཆེན་གྱི་བཤད་སྒྲུབ་ཀྱི་བསྟན་པ་མ་ཉམས་པར་གནས་ཐུབ་པར་བྱུང་ལ། ང་ཚོས་ཁོང་རྣམ་པའི་བཀའ་དྲིན་རྣམ་ཡང་བརྗེད་མི་ཉེན་པ་མ་ཟད་ཁོང་རྣམ་པའི་ཐུགས་སྟོབས་དང་ལྷག་བསམ་བསྟན་དོན་མཛད་རྗེས་ལ་སློབ་སྦྱོང་དང་རྗེས་འཇུག་གནང་དགོས།

   ༢༽ད་ལྟའི་ཟིང་ཆུ་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་འདི་གཙོ་བོ་དཔོན་སློབ་ཤེས་རབ་མཐར་ཕྱིན་རིན་པོ་ཆེ་དང་སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་རྣམ་གཉིས་ཀྱིས་གཙོ་འགན་བཞེས་ཐོག བདག་རང་གིས་ཀྱང་མཁན་མིང་ཞིག་གི་མིང་ཐོག་ནས་ཞོགས་འདེགས་དང་རྒྱབ་སྐྱོར་ཅི་ཐུབ་ཞུས་ཏེ་ད་ཡོད་ཀྱི་ཟིང་ཆུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་འདི་དར་བའམ་རྒྱུན་ཆགས་སུ་གནས་ཐུབ་པ་བྱུང་ལ། དེ་བཞིན་བཤད་སྒྲུབ་འདུས་སྡེ་འདི་ལ་རོགས་རམ་དང་རྒྱབ་སྐྱོར་གནང་མཁན་གྱི་བླ་མ་དང་སྤྲུལ་སྐུ། དད་ལྡན་མང་ཚོགས་སོགས་ཀྱི་བཀའ་དྲིན་ལ་བརྟེན་ནས་བཤད་སྒྲུབ་འདུས་སྡེ་འདི་ཉིད་ད་ཡོད་ཀྱི་ང་ཚོ་མིག་མཐོང་ལག་ཟིན་གྱི་གནས་སུ་བྱུང་བ་མ་ཟད་དར་རྒྱས་ཀྱང་བྱུང་བ་རེད། ད་རུང་ང་ཚོས་དེ་སྔར་བསྟན་ལ་ཞབས་ཞུ་བསྒྲུབས་པ་ལས་བསྒྲུབ་རྒྱུ་མང་བ་ཡིན་སྟབས། བཤད་སྒྲུབ་འདུས་སྡེ་འདི་ཉིད་ལ་མུ་ནས་མུ་རུ་མཐུད་དེ་ཐུགས་འགན་བླ་ལྷག་བཞེས་རྒྱུ་གལ་ཆེན་ནང་གི་གལ་ཆེན་ཞིག་ཡིན་ཕྱིར། ཁྱེད་དཔོན་སློབ་རིན་པོ་ཆེ་དང་སྒྲུབ་སློབ་རིན་པོ་ཆེ་རྣམ་གཉིས་ནས་ཐུགས་འགན་གཙོར་བཞེས་འོག་བདག་གིས་ཀྱང་དེ་སྔ་ལས་བླ་ལྷག་ཏུ་ཞོགས་འདེགས་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད། འདིར་བཞུགས་ཀྱི་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བ་ཡོངས་དང་། ཕྱོགས་གང་ཐད་ནས་རོགས་རམ་དང་རྒྱབ་སྐྱོར་གནང་མཁན་གྱི་མང་ཚོགས་རྣམས་ནས་ཀྱང་སྔ་ལས་ལྷག་པར་རྒྱབ་སྐྱོར་གནང་རྒྱུའི་རེ་བཅོལ་ཞུ་བ་ལགས།

 ༣༽ དགོན་སྡེ་ཞིག་ལ་མཚོན་ན་ངེས་པར་དུ་བཤད་སྒྲུབ་སྒོམ་གསུམ་ཡོད་དགོས་ཏེ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཡུན་ནས་ཡུན་དུ་བརྟན་པའམ་དར་རྒྱས་སུ་འགྲོ་དགོས་ན་ངེས་པར་དུ་འཆད་ཉན་སྒོམ་གསུམ་གྱིས་འཛིན་དགོས་ལ། དགོན་པར་མཚོན་ན་ཕྱིའི་འཛུགས་བསྐྲུན་གྱི་ཆ་རྐྱེན་ཅི་ཙམ་ཕུན་སུམ་འཚོགས་ན་ཡང་། ནང་བཤད་སྒྲུབ་སྒོམ་གསུམ་གྱི་བསྟན་པ་མ་དར་ན་ཕྱི་མཛེས་ནང་སྟོང་དངོས་པོ་དང་གཅིག་ལ། ང་ཚོ་དགོན་པའི་འདུ་ཁང་དང་གཙུག་ལག་ཁང་སོགས་བཞེངས་པ་ལ་ཐབས་ཇུས་ཡག་པོ་བཏོན་ནས་མི་ལོ་གཅིག་དང་གཉིས་ནང་དུ་འགྲུབ་ཡ་ཞིག་རེད་ཡ། བཤད་སྒྲུབ་སྒོམ་གསུམ་གྱི་བསྟན་པ་དར་བ་ལ་མི་ལོ་བཅུ་ཕྲག་དང་བརྒྱ་ཕྲག་རྒྱུན་མཐུད་ཐུབ་ན་གཞི་ནས་བསྟན་པ་དར་བ་ཆགས། དཔེར་ན། མི་སྒེར་ཞིག་ལ་མཚོན་ན། ཕྱིའི་དཔལ་འབྱོར་ཞིག་སྒྲུབ་པ་ལ་ལོ་རེ་གཉིས་ཀྱི་འགྲུབ་རྒྱུ་ཞིག་རེད་ལགས། འབུམ་རམས་པའི་ཡོན་གནས་དང་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་པ་ལ་ཉུང་མཐའ་ཡང་མི་ལོ་བཅོ་ལྔ་ཡན་ལ་སློབ་སྦྱོང་ཚུལ་བཞིན་གནང་ན་གཞི་ནས་ཡོན་གནས་དེ་རེག་ལ། དེ་ཕྱིར་དགོན་པ་གང་དང་གང་ལ་མཚོན་ན་ཡང་དགོན་པ་དེ་ལ་གཙོ་བོར་བཤད་སྒྲུབ་ཀྱི་བསྟན་པ་དར་ན་ད་གཟོད་གཞི་ནས་དགོན་པ་དེ་ཡར་རྒྱས་སུ་འགྲོ་བའི་རྟགས་རེད། ང་ཚོ་དགའ་མལ་དགོན་ཆེན་ལ་མཚོན་ན་ཡང་བསྟན་པ་དར་དང་མ་དར་ནི་བཤད་སྒྲུབ་འདུས་སྡེ་འདི་ཉིད་དར་རྒྱས་སོང་མ་སོང་གི་གནད་ལ་ཐུག་ཡོད། བཤད་སྒྲུབ་འདུས་སྡེ་འདི་ཉིད་དར་རྒྱས་སུ་འགྲོ་བ་ཡང་གཙོ་བོ་དཔོན་སློབ་དང་དགེ་རྒན་དེ་བཞིན་སློབ་མ། དགོན་པའི་འགན་ཁུར་བ་བཅས་ལ་རེག་ཡོད་ཅིང་། ཁྱད་པར་དུ་སློབ་གཉེར་བའི་སློབ་མ་རྣམས་ནས་སློབ་སྦྱོང་ཚུལ་བཞིན་གནང་རྒྱུ་དཔེ་གལ་ཆེན་ཞིག་ཡིན། དེ་ཕྱིར་ང་རང་གི་རེ་བ་ལ། ཁྱེད་སློབ་མ་རྣམས་ནས་སློབ་སྦྱོང་ཚུལ་བཞིན་གནང་རྒྱུའི་རེ་བཅོལ་སྙིང་ནས་ཞུ་བ་ཡིན།

 ༤༽ གཟེངས་བསྟོད་ཐོབ་མཁན་གྱི་སློབ་མ་རྣམས་ནི་ང་ཚོའི་གཟི་བརྗིད་ཡིན། སྤྱིར་ང་ཚོ་མི་ཞིག་ལ་མཚོན་ན། རིག་པ་གྲུང་མི་གྲུང་གི་ཁྱད་པར་རེ་ཡོད་མོད། གཙོ་བོ་སློབ་སྦྱོང་རྒྱུན་མཐུད་མིན་ལ་ཁེལ་ཡོད་ཕྱིར། ད་ཐེངས་ཀྱི་གཟེངས་བསྟོད་ཐོབ་མཁན་གྱི་སློབ་མ་ཁྱེད་རྣམས་ནི་ང་ཚོའི་དགོན་ཆེན་གྱི་གཟི་བརྗིད་ཡིན་ལ། བསྔགས་བསྟོད་ཀྱི་གནས་ཀྱང་ཡིན། སློབ་སྦྱོང་ལ་རྫོགས་མཐའ་མེད་སྟབས་ད་རུང་མུ་མཐུད་ཀྱི་སློབ་སྦྱོང་གནང་རྒྱུ་ནི་ཆེས་རྨད་དུ་བྱུང་བའི་གནས་ཤིག་རེད། སྔ་ལས་ལྷག་པའི་སྒོ་ནས་བཤད་སྒྲུབ་འདུས་སྡེའི་སྒྲིག་ལམ་ཚུལ་བཞིན་བསྲུངས་ཏེ་རང་ལ་དགོས་པའི་ཐོས་བསམ་སློབ་གཉེར་ཉིན་གཅིག་དང་ཆུ་ཚོད་གཅིག་ལ་ཡང་ལྷོད་ཡངས་སུ་མི་གཏོང་བ་ཐོས་བསམ་གནང་རོགས་ཞུ་རྒྱུ་དང་། གཞན་ད་ལོའི་གཟེངས་བསྟོད་ཀྱི་བྱ་དགའ་མ་ཐོབ་ན་ཡང་ཡིད་སེམས་མ་ཕམ་པར་ལོ་རྗེས་མའམ་ལོ་ནས་ལོ་རུ་གཟེངས་བསྟོད་ཐོབ་རྒྱུ་ལ་འབད་བརྩོན་ཞུ་རྒྱུ། གཟེངས་བསྟོད་ཟེར་བ་གཙོ་བོ་ང་ཚོའི་སློབ་གཉེར་བ་རྣམས་ལ་སློབ་སྦྱོང་གི་སྐུལ་ལྕགས་འདེགས་བྱེད་ཀྱི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན་ལ་ཐོབ་མཁན་ལ་མཚོན་ན་མི་ཚེ་གཅིག་གི་གཟི་བརྗིད་ཡང་ཡིན། གང་ལྟར་འདིར་བཞུགས་ཀྱི་སློབ་པ་སློབ་གཉེར་བ་ཡོངས་ནས་རང་ཁྲིམས་རང་གིས་དམ་ནས་ཉིན་དང་མཚན་མེད་པར་ཆུ་ཚོད་མི་རླག་པ་སློབ་གཉེར་གནང་རྒྱུའི་རེ་བ་ཞུ།

༥༽ ལོ་ལྟར་སྲོལ་རྒྱུན་གྱི་སྲིད་རྒྱལ་འབུམ་ཚོགས་ལ་འབྲེལ་འཇོག་རྣམ་པར་བཀའ་དྲིན་ཆེ། སྤྱིར་དགེ་བའི་ཚོགས་ཟེར་བ་འདི་བསགས་སྟངས་འདྲ་མིན་ཡོད་ན་ཡང་། བསྟན་སྲུང་གཙོ་མོ་མ་མཆོག་སྲིད་པའི་རྒྱལ་མོའི་འབུམ་ཚོགས་འབུལ་བ་འདི་ཉིད་ནི་རང་གཞན་སུ་དང་གང་ཡིན་ན་ཡང་། ཚེ་འདི་དང་ཕྱི་མ་གང་ལ་ཡང་ཕན་བདེ་བསྒྲུབས་བྱེད་ཀྱི་དགེ་བའི་ཚོགས་ཆེན་ཞིག་ཡིན་པར་སྨོས་མ་དགོས་པ་རེད། དེ་བཞིན་ང་ཚོ་ཡུལ་ལུང་འདི་ལ་མཚོན་ན་ཡང་འབུམ་ཚོགས་འབུལ་རྒྱུའི་གོ་སྐབས་དགོན་ཆེན་གྱི་བཤད་སྒྲུབ་འདུས་སྡེ་འདི་ཉིད་ལས་གཞན་དགོན་པ་ཡིན་ན་འདྲ། ཁྱིམ་ཚང་སྒེར་སོགས་ཀྱིས་འབུལ་སྲོལ་མི་འདུག་ལ། མི་རེ་གཉིས་ཀྱིས་འབུལ་ཐུབ་ཡ་ཞིག་ཀྱང་མ་རེད། དེ་ཕྱིར་དགེ་བའི་ཚོགས་ཆེན་ལ་འབྲེལ་འཇོག་ཆེ་ཆུང་ལ་མ་ལྟོས་པར་རང་གིས་འཇོན་ཐང་དང་བསྟུན་ནས་འབྲེལ་འཇོག་གནང་བ་ནི་ཆེས་དགེ་བའི་ཚོགས་ཆེན་ཞིག་རེད། དེ་མ་ཟད་ལོ་རེར་ཆགས་མེད་དུ་དགོན་ཆེན་བཤད་སྒྲུབ་འདུས་སྡེ་ངོས་ནས་སྲིད་རྒྱལ་འབུམ་ཚོགས་འབུལ་བཞིན་པ་འདིས་ཀྱང་རང་ཅག་ཡུལ་ལུང་འདི་ལ་ཕྱི་ནང་གསང་བའི་རྐྱེན་ངན་བར་ཆད་རྣམས་ཟློག་པ་དང་བསྒྱུར་བ་སོགས་ཀྱི་དགེ་འབྲས་བླ་མེད་དུ་ལྡན་པའོ། །

དེ་ལྟར་ང་ཚོ་བཤད་སྒྲུབ་འདུས་སྡེ་འདི་ཉིད་ནི་ང་ཚོ་བསྟན་པའི་གཟི་བརྗིད་ཡིན་ལ། ང་ཚོ་ཡུལ་ལུང་གི་ལ་རྒྱ་ཡང་ཡིན། ང་ཚོ་དགོན་ཆེན་གྱི་བསྟན་སྲོག་ཡང་འདི་ལ་ཐུག་ཡོད། མ་འོངས་པར་ང་ཚོ་ཡུལ་ལུང་འདིའི་བསྟན་པ་དང་དགོན་ཆེན་གྱི་བསྟན་པའི་བདག་པོ་ཡང་བཤད་སྒྲུབ་འདུས་སྡེའི་སློབ་མ་ཁྱེད་རྣམས་ལ་ཐུག་ཡོད་སྟབས། མ་འོངས་པར་དགོན་ཆེན་འདིའི་མཁན་སློབ་ཟེར་ན་བསྟན་པའི་བདག་པོ་དེ་ཁྱེད་རྣམས་ཡིན། དེ་ཕྱིར་ཐུགས་བསམ་རྒྱ་ཆེ་ས་ནས་བཞེས་རྒྱུ་གལ་འགངས་ཤིན་ཏུ་ཆེ་ལ། དེ་སྔར་དཔོན་སློབ་ཚང་དང་སྒྲུབ་སློབ་རྣམ་གཉིས་བཀའ་དྲིན་ཆེ་ལ། མ་འོངས་པར་ད་རུང་མུ་མཐུད་ནས་སྐུ་ལས་ཚད་མེད་གནང་བར་བཀའ་དྲིན་ཆེ། བདག་གིས་ཀྱང་རང་གིས་ཐུབ་ཚོད་དང་བསྟུན་ནས་ཁྱེད་རྣམ་པར་ཞོགས་འདེགས་ཅི་བཞིན་བསྒྲུབ་རྒྱུ་ཡིན།.

 སླར་ཡང་དེ་རིང་འདིར་ཕེབས་པའི་རྣམ་པ་ཡོངས་ལ་བཀའ་དྲིན་དང་ཐུགས་རྗེ་ཆེ་ཞུ་རྒྱུ།

ཞེས་མདོ་སྨད་ཟིང་ཆུ་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་༧མཁན་རབས་གཉིས་པ་༧མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་ལམ་རིན་སྤུངས་པ་བླ་མ་ཚེ་རིང་གིས་བོད་ས་ཁྱི་ལོའི་བོད་ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན་བྲིས་པའོ། །