བཀའ་འགྱུར་ཆེན་མོ་དེབ་གཟུགས་འགྲེམ་སྤེལ་མཛད་སྒོའི་གསུང་བཤད།

རག་བླ་ཀུན་གསལ་སྙིང་པོ་མཆོག་གིས་གཙོ་འགན་གནང་སྟེ་དཔར་དུ་བསྐྲུན་པའི་༼སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་༽དེབ་གཟུགས་པར་སྐྲུན་འགྲེམ་སྤེལ་དང་དཔེ་སྦྱིན་མཛད་སྒོའི་སྟེང་གི་གསུང་བཤད།

བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་༧མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ།

1.jpg

1.jpg

    དེ་རིང་བཀྲ་ཤིས་པའི་ཉི་མ་འདི་ལ་ཚེ་ལོ་བརྒྱ་པའི་སྟོན་པ་རྣམ་འདྲེན་བརྒྱད་རྒྱལ་བ་གཤེན་རབ་མི་བོ་ཆེ་ཀུན་ལས་རྣམ་པར་རྒྱལ་བའི་བཀའ་རིན་པོ་ཆེ་དཔེ་རྙིང་སོར་བཞག་གི་དེབ་གཟུགས་པོད་༢༠༠བདག་ཉིད་ཅན་གྱི་པར་སྐྲུན་ལེགས་གྲུབ་དང་དཔེ་སྦྱིན་གྱི་མཛད་སྒོ་འདི་ལ་ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་བླ་མ་སྤྲུལ་སྐུ་དང་དགེ་བའི་བཤེས་གཉེན།  མཁན་པོ་དང་མཁན་མོ། གསང་སྔགས་རིག་པ་འཛིན་པའི་སྡེ་ཚོགས། དེས་མ་ཚད་བསྟན་དང་འགྲོ་བའི་དོན་མ་བློ་སེམས་དཀར་ཞིང་ཞང་བོད་ཤེས་རིག་གི་དར་སྤེལ་ལ་ཧུར་བརྩོན་གནང་མཁན་གྱི་སྐྱ་སེར་ཕོ་མོ་དང་གཡུང་དྲུང་སྤུན་གྲོགས་རྣམས་ལ་ཕྱི་དྲོའི་ཆ་ནས་བཀྲ་ཤིས་བདེ་ལེགས་ཞུ།  དེ་རིང་གི་མཛད་སྒོ་འདི་ལྟར་རྒྱལ་ཁ་དང་གཟི་བརྗིད་ངང་ནས་ལེགས་གྲུབ་བྱུང་བ་ནི་ཆེས་རྨད་དུ་བྱུང་བའི་དོན་ཆེན་བླ་ན་མེད་པ་ཞིག་རེད། དེ་ཡང་རང་ཅག་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། གཡུང་དྲུང་གྱེར་བསྟན་གླིང་ཞང་བོན་བཀའ་བརྟེན་དཔེ་སྒྲིག་ཁང་གི་འགན་འཛིན་པ་རག་ཤི་ཀུན་གསལ་སྙིང་པོ་མཆོག་གིས་དབུ་ཁྲིད་དེ་བཀའ་བརྟེན་དཔེ་སྒྲིག་ཁང་གི་ལས་འཛིན་པ་ཡོངས་ཀྱིས་མི་ལོ་དུ་མའི་རིང་ལ་སྐུ་ལས་རྒྱབ་པའི་འབྲས་བུ་ཞིག་རེད་ལ། ཁྱད་པར་དུ་རང་ཅག་བོན་འབངས་སྤྱིའམ་འཛམ་གླིང་ཤེས་རིག་གི་ཁྲོད་ན་འོད་སྟོང་འབར་བའི་གཅེས་ནོར་དུ་གྱུར་བའི་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་རིན་པོ་ཆེ་འདི་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་། ཤེས་རིག་གི་ཉིང་བཅུད་ཁེངས་ཏེ་ནང་དོན་ཕུན་སུམ་ཚོགས་ལ། དེང་འཛམ་གླིང་ཤེས་རིག་ཞིབ་འཇུག་པ་ཡོངས་ཀྱིས་དོ་སྣང་དང་བདག་གཉེར་བྱེད་སའི་རིག་གཞུང་ཞིག་ཏུ་ཆགས་འདུག དེའི་ཕྱིར་ང་ཚོ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་བཀའ་དགོངས་སམ་གྲོས་གཞི་ལྟར་དུ་གཡུང་དྲུང་གྱེར་བསྟན་གླིང་གི་ཞང་བོན་བཀའ་བརྟེན་དཔེ་སྒྲིག་ཁང་གི་བླ་ན་མཐོ་བའི་མཛད་རྗེས་ལ་ཁ་ཞེ་གཉིས་མེད་ངང་ནས་གུས་བཀུར་དང་ཡིད་རངས་བཅས་པ་ལགས།
 དེ་ལྟར་གོང་དུ་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་ཚང་གིས་གསུང་བཤད་གནང་བ་ལྟར་རྒྱལ་བའི་བཀའ་རིན་པོ་ཆེ་འདི་དེང་སང་གི་བོད་མི་རིགས་ཀྱི་ཤེས་རིག་ཞིབ་འཇུག་པ་ལ་མཚོན་ན་མེད་དུ་མི་རུང་བའི་ཞིབ་འཇུག་གི་ཆ་རྐྱེན་ཡིན་པ་དང་། རྒྱལ་བའི་བཀའ་འདིའང་བདག་རྐྱེན་རྫོགས་པའི་སངས་རྒྱས་ལ་བསྟེན་ནས་བྱུང་བའི་ངོ་བོའི་ཁྱད་པར་བརྗོད་བྱའི་ཁྱད་པར་རྗོད་བྱེད་ཀྱི་ཁྱད་པར་བྱེད་ལས་ཀྱི་ཁྱས་པར་བཅས་ཁྱད་པར་བཞི་ལྡན་གྱི་ལེགས་བཤད་རྣམ་དག་ཡིན་པས་རྩ་ཆེ་བ་སོགས་ཡིན་ཚུལ་གསུང་པ་དང་། རག་ཤི་ཀུན་གསལ་སྙིང་པོ་རིན་པོ་ཆེ་ནས་རྟོགས་ལྡན་རྣམ་གསུམ་གྱི་ཡ་གྱལ་ཁོང་རེས་རྩ་བའི་བླ་མ་རིན་པོ་ཆེ་རག་ཤི་རྟོགས་ལྡན་ཚང་གིས་ཞལ་གསུང་གཞིར་བཞག་སྟེང་རྒྱལ་བའི་བཀའ་རིན་པོ་ཆེ་པར་སྐྲུན་སྐབས་ཀྱི་སྔ་ཕྱི་ད་་གསུམ་གྱི་བརྒྱུད་རིམ་རབ་དང་རིམ་པ་མང་པོ་གསུང་སོང་བས་ངས་འདི་ནས་ད་མང་པོ་བཤད་ཀི་མིན།
   དེའི་ཕྱིར་གཡུང་དྲུང་གྱེར་བསྟན་གླིང་གི་དབུ་ཁྲིད་རག་ཤི་ཀུན་གསལ་སྙིང་པོ་གཙོས་པའི་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་སྒྲིག་ཁང་གི་ལས་བྱེད་པ་ཡོངས་ལ་བཀའ་དྲིན་དང་ཐུགས་རྗེ་ཆེ་ཞུ། མ་འོངས་པར་ཁོང་རྣམ་པས་བླ་ན་མཐོ་བའི་མཛད་བཟང་མུ་ནས་མུར་རྒྱུན་བསྐྱངས་ཏེ་བསྟན་དོན་གྱི་ཕྱག་ལས་མཐའ་ཡས་པ་ཞིག་གནང་རྒྱུའི་རེ་སྐུལ་ཡང་ཡང་ཞུ།  ༧མཇུག་ཏུ་དེ་རིང་གི་ཕུན་སུམ་ཚོགས་པའི་མཛད་སྒོ་ཆེན་མོ་འདི་ཉིད་ནི་ང་ཚོའི་བོན་འབངས་ཡོངས་ཀྱི་ཆེས་དགའ་འོས་པ་དང་དོན་ཆེན་ལེགས་གྲུབ་ཀྱི་མཛད་བཟང་ཞིག་རེད་པས་མ་འོངས་པ་ཡང་འདིར་ཞུགས་ཀྱི་མི་སྣ་ཡོངས་ཀྱིས་བསྟན་དང་འགྲོ་ལ་ཕན་པའི་མཛད་འཕྲིན་ཡར་ངོའི་ཟླ་ལྟར་རྒྱས་པ་དང་འགྲོ་རྣམས་བདེ་སྐྱིད་ལྡན་པའི་བཀྲ་ཤིས་བདེ་ལེགས་ཞུ། ཚང་མ་བཀའ་དྲིན་ཆེ།

1.jpg