སངས་རྒྱས་གཡུང་དྲུང་བོན་གྱི་ཞལ་འདོན་འགྲེམ་སྤེལ་མཛད་སྒོའི་གསུང་བཤད།

༠༡.jpg
༠༡.jpg

དེ་རིང་བཀྲ་ཤིས་པའི་ཉི་མ། དོན་འགྲུབ་པའི་ཉིན་མོ་འདི་ལ། ༼སངས་རྒྱས་གཡུང་དྲུང་བོན་གྱི་ཞལ་འདོན།༽བོད་རྒྱ་ཤན་སྦྱར་གྱི་དཔེ་དེབ་དེ་རིང་དངོས་སུ་པར་སྐྲུན་འགྲེམ་སྤེལ་གནང་སྟེ་ང་ཚོའི་ལག་ཏུ་ཐོན་པ་ནི་མཁས་དབང་བླ་སྤྲུལ་མཁན་པོ་དགེ་བཤེས་མི་སྣ་ལྔ་བཅུ་ལྷག་གི་དཀའ་བའི་ཚེགས་འཕྲང་ལ་མི་ལོ་བརྒྱད་བརྒྱུད་དེ་གྲུབ་པའི་འབྲས་བུ་ཞིག་རེད་ལ། སྤྱིར་ཞང་བོད་ཤེས་རིག་ལ་དུངས་ཞེན་ཟབ་པའི་འདིར་བཞུགས་ཀྱི་མི་སྣ་ཡོངས་དང་དེ་རིང་འདིར་དངོས་སུ་ཕེབས་མ་ཐུབ་ཀྱང་ལས་གཞི་འདི་ལ་རྒྱབ་སྐྱོར་བླ་མེད་གནང་མཁན་ཡོངས་ཀྱི་གྲུབ་འབྲས་བླ་མེད་ཞིག་ཡིན་པར་མ་ཟད། ང་ཚོ་བོན་གྱི་བསྟན་པ་རྒྱ་ཡུལ་དུ་སྤེལ་བ་ཙམ་དུ་མ་ཟད་རང་བོད་མི་རིགས་ཀྱི་ཡི་གེ་མི་མཁྱེན་པ་དག་ལ་ཤིན་ཏུ་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་རེད། གོང་དུ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་དབུ་ཁྲིད་པ་ཨ་སྔགས་ཚེ་རིང་བཀྲ་ཤིས་དང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ། སྐབས་འབབ་ཀྱི་སངས་རྒྱས་གཡུང་དྲུང་བོན་གྱི་ཞལ་འདོན་པར་སྐྲུན་གྱི་ཚན་ཆུང་གི་འགན་འཛིན་པ་ཐར་བདེ་ཚེ་དབང་འཇིགས་མེད་དང་སངས་རྒྱས་གཡུང་དྲུང་བོན་གྱི་ཞལ་འདོན་པར་སྒྲིག་ཚན་ཆུང་གི་མི་སྣའི་སྐུ་ཚབ་རྟོགས་ལྡན་བསྐལ་ཁོ་བཅས་ཁོ་རྣམ་པ་བཞི་ནས་སྤྱིར་བོད་ཀྱི་རིག་གནས་སྤྱི་དང་ཁྱད་པར་དུ་བཀའ་དང་བཀའ་བརྟེན་གཙོས་པའི་གསུང་རབ་རྣམས་པར་སྐྲུན་འགྲེམ་སྤེལ་དང་འབྲེལ་ཏེ་གསུང་བཤད་གལ་ཆེན་རབ་དང་རིམ་པར་གསུངས་པར་བཀའ་དྲིན་བླ་མེད་ཆེ་ཞུ་རྒྱུ་དང་། ཁྱད་པར་དུ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དབུ་བཙུགས་པ་ནས་བཟུང་ད་བར་མི་ལོ་བཅུ་ཕྲག་འགའ་ལས་སོང་མེད་མོད། དེའི་རིང་ལ་བོད་ཀྱི་རིག་གཞུང་དར་སྤེལ་ཐད་ལ་མཛད་རྗེས་བླ་ན་མེད་པ་འཇོག་ཡོད། སྔོན་བྱོན་གངས་རིའི་ལྗོངས་ཀྱི་སྐྱེས་ཆེན་དུ་མའི་གསུང་འབུམ་དང་ལོ་རྒྱུས། ཐུན་མོང་དང་ཐུན་མིན་གྱི་རིག་གནས་སྐོར། དེང་རབས་ཅན་གྱི་དཔེ་དེབ། གསར་སྐྱེས་ཀྱི་ཆེད་རྩོམ་སོགས་འགྲེམ་སྤེལ་གནང་མཁན་གྱི་དཔེ་སྐྲུན་ཁང་ཞིག་ཏུ་ཆགས་འདུག རྒྱལ་ཁབ་གཞུང་འབྲེལ་གྱི་དཔེ་སྐྲུན་ཁང་ནས་བོད་ཡིག་དཔེ་དེབ་འགྲེམ་སྤེལ་ཆེས་མང་བའི་གྲས་ཤིག་རེད་སྙམ།
  ཁྱད་པར་དུ་དེང་གི་ཆ་ལ་མཚོན་ན་ཨ་སྔགས་ཚེ་རིང་བཀྲ་ཤིས་ལགས་ཀྱིས་དབུ་ཁྲིད་འོག་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་བོད་ཡིག་ལྟེ་གནས་ཀྱི་ལས་བྱེད་པ་ཡོངས་ཀྱིས་དཀའ་ཚེགས་འབད་བརྩོན་འོག་དཔེ་སྐྲུན་ཁང་གཞན་དག་དང་བསྡུར་ན་མི་རིགས་དབྱེ་བ་མེད་པ། གྲུབ་མཐའ་རིས་སུ་མ་ཆད་པ། སྐྱ་སེར་རིས་མེད། ཡུལ་ལུང་ཁྱད་པར་མེད་པའི་གསུང་རབ་སྟོང་ཕྲག་དུ་མ་པར་སྐྲུན་འགྲེམ་སྤེལ་མཛད་བཟང་སྐྱོང་མཁན་གྱི་དཔེ་སྐྲུན་ཁང་ཞིག་ལ་ངོས་འཛིན་གནང་གིན་ཡོད།
  ཡང་ཁྱད་དུ་ད་ལོར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་མཉམ་འབྲེལ་སྟེང་ནས་༼ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་༽དཔར་གཞི་གཅིག་གྱུར་བཟོ་རྒྱུའི་ཐད་ལ་ད་ལྟ་རང་གཞན་གཉིས་ཀྱི་སྟེང་ནས་ལས་འགན་བསྒྲུབས་དང་སྒྲུབ་བཞིན་པ་དེ་ནི་བོད་མི་རིགས་ཀྱི་རིག་གཞུང་རྐང་འཛིན་གྱི་བྱ་བ་རླབས་ཆེན་ཞིག་ཏུ་ཆགས་ཡོད་སྟབས། ཕན་ཚུན་བསམ་བློ་བརྗེ་རེས་དང་སྤྱི་ཕན་ལས་དོན་གྱི་ཁ་ཕྱོགས་གཅིག་ཏུ་བཟུང་སྟེ་མཉམ་འབྲེལ་ངང་ནས་ལས་དོན་གང་ལེགས་བསྒྲུབ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་གནས་སུ་གྱུར་ཡོད། ད་དུང་མུ་ནས་མུ་རུ་མཐུད་དེ་མ་འོངས་པར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བོད་རང་གི་ཐུན་མོངས་མ་ཡིན་པའི་རིག་གཞུང་ཐད་ལ་ཞབས་ཞུ་སྔ་ལས་ལྷག་པའི་མཛད་བཟང་སྐྱོང་རོགས་ཞུ་རྒྱུ་དང་། དེར་མ་ཟད་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་རྣམས་སྔ་ལས་ཡར་རྒྱས་ཡོང་བ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་མཉམ་འབྲེལ་ངང་ནས་བོད་མི་རིགས་སྤྱི་ལ་གཞོག་འདེགས་སྔར་ལས་ལྷག་པར་གནང་རྒྱུའི་རེ་བ་ཆེ་ལ། བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཀྱི་ལས་དོན་མུ་མཐུད་ནས་རྒྱུན་སྐྱོང་གནང་སྟེ་བོད་ཀྱི་རིག་གནས་འདི་ཉིད་རྒྱ་ཡུལ་སོགས་འཛམ་གླིང་ཡུལ་ཕྱོགས་ཀུན་དུ་སྤེལ་བའི་ཐབས་ཇུས་གང་ལེགས་བཏོན་རྒྱུའི་འབད་བརྩོན་ཞུས་ཏེ་རྗེས་ཕྱོགས་ཡིག་བསྒྱུར་གྱི་ལས་དོན་འགྲུབ་པ་རྣམས་སླར་ཡང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་རྒྱུའི་རེ་སྒུག་ངང་དུ་གནས་ཡོད།
  དེ་ནས་འདིར་བཞུགས་ཀྱི་སྐྱེས་ཆེན་ཁག་དང་དགེ་རྒན་ཆེན་མོ་རྣམ་པ། དགེ་བའི་བཤེས་གཉེན་དང་སྤྲུལ་བའི་སྐུ་མཆོག་རྣམ་པ། བོད་ཀྱི་གཞུང་ལུགས་ལ་དུངས་པ་ཟབ་པའི་གཞོན་སྐྱེས་ཞིབ་འཇུག་པ་དང་དཔེ་སྐྲུན་གྱི་ཆེད་མཁས་རྣམ་པ་ཡོངས་ཀྱི་མཛད་འཕྲིན་སྔ་ལས་དར་ཞིང་རྒྱས་པ་དང་སངས་རྒྱས་གཡུང་དྲུང་བོན་གྱི་ཞལ་འདོན་གྱི་ཡིག་བསྒྱུར་ལོ་ཙྭ་བ་རྣམས་ལ་ལྷག་པར་དུ་བཀའ་དྲིན་ཆེ་དང་ཐུགས་རྗེ་ཆེ་ཞུ་བ་དང་སྦྲག་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ།

༠༡.jpg