མཛད་སྒོ་ལ་གནང་བའི་གསུང་བཤད་བྱིན་ཅན།

 ༧ སྐྱང་ཚང་དགོན་ཕུན་ཚོགས་དར་རྒྱས་གླིང་གི་གསས་ཁང་ཆེན་མོ་བཞེངས་གྲུབ་ཀྱི་རབ་གནས་མཛད་སྒོར་གནང་བའི་གསུང་བཤད།
220.jpg
དུས་གསུམ་བདེར་གཤེགས་འཕྲུལ་ངག་བོན་མཆོག་ཐེག་གསུམ་སེམས་དཔའི་ཚོགས། །
བཀའ་བསྡུ་བཅུ་གསུམ་འཛམ་གླིང་མཁས་དྲུག་གདུང་བརྒྱུད་བཅུ་གསུམ་དང་། །
བྲུ་ཞུ་སྤ་རྨེའུ་གཤེན་ཁྱུང་རིམ་བྱོན་རྣམས་དང་ཁྱད་པར་དུ། །
རྒྱལ་བ་མཉམ་མེད་སྐྱབས་མགོན་ཟླ་བ་སོགས་ལ་གུས་ཕྱག་འཚལ། །

མདོ་སྨད་འཕགས་པ་གསུམ་གྱི་ཡ་གྱལ་སྐྱང་འཕགས་ཆེན་པོ་ཡི། །
གདུང་འཛིན་སྐྱང་འཕགས་བསོད་ནམས་བཟང་པོ་གཙོར་བྱས་གདན་འཛིན་དང་། །
མཁས་དབང་ཧོར་བ་དྲུང་རམས་སྐྱབས་རྗེ་སྨན་རིའི་སོ་གསུམ་སོགས། །
གདན་འདིའི་སྐྱེས་ཆེན་ཚོགས་རྣམས་སྒོ་གསུམ་དད་ཕྱག་འབུམ་གྱིས་བསྟོད། །
999jj.jpg

   ཅེས་རིག་འཛིན་སྐྱེས་ཆེན་གོང་མ་རྣམས་ལ་མཆོད་པ་བརྗོད་པའི་མདུན་བསུས་ཏེ་ཞུ་བ་ལ། དེ་ཡང་རིག་འཛིན་གྲུབ་ཆེན་ཟིང་བ་མཐུ་ཆེན་མཆོག་གིས་བྱིན་གྱིས་རླབས་པའི་གནས་མཆོག་མདོ་སྨད་ས་ཡི་ཐིག་ལེ་གནས་ཆེན་ཤར་གཉན་དུང་རི་དཀར་པོ་དང་མ་རྒྱུད་གསང་བའི་གནས་ཆེན་བྱང་ཕྱོགས་བྱ་དུར་རྩེ་དགུ། བཀའ་བློན་བདུད་གཞོམ་ཆེན་མོའི་མདུན་ཞོལ་དུ་ཆགས་པའི་སྐྱང་ཚང་དགོན་ཕུན་ཚོགས་དར་རྒྱས་གླིང་གི་གསས་ཁང་ཕྱི་ནང་རྟེན་དང་བརྟེན་པ་བཅས་བསྐྱར་བཞེངས་ལེགས་གྲུབ་ཀྱི་རབ་གནས་མཛད་སྒོ་དང་། མཛད་སྒོ་འདི་ལ་སྐུ་དངོས་སུ་ཕེབས་པའི་རང་ཅག་གི་རྩ་བའི་བླ་མ་༧སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་གཙོས་པའི་ཟིང་ཆུའི་དགོན་མ་ལག་བཅུ་དགུའི་བླ་སྤྲུལ་མཁན་གསུམ་གྱི་སྡེ་དང་། རབ་འབྱམས་དགེ་བའི་བཤེས་གཉེན་གྱི་སྡེ། གསང་སྔགས་རིག་པ་འཛིན་པའི་སྡེ། བསླབ་གསུམ་འཛིན་པའི་སེམས་དཔའ་འདུས་སྡེ་རྒྱ་མཚོ་རྣམས་དང་། དེ་བཞིན་ཏང་དང་མི་དམངས་སྲིད་གཞུང་གི་དབུ་ཁྲིད་རྣམ་པ། དད་ལྡན་བསྟན་པའི་སྦྱིན་བདག་རྣམ་པ་སོགས་བཅས་ལ། གུས་པས་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་མཁན་མིང་གི་ངོས་སམ། ཟིང་ཆུའི་དགོན་མ་ལག་བཅུ་དགུའི་འཐུས་ཚབ་ངོས་ནས་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ལྷན། དཔལ་སྐྱང་ཚང་དགོན་པའི་བླ་སློབ་གྲྭ་ཚང་འདུས་མང་རྒྱ་མཚོ་ཡོངས་དང་ལྷ་སྡེ་མི་དམངས་ཡོངས་ཀྱི་མཛད་བཟང་ལ་ཡང་བཀའ་དྲིན་ཐུགས་རྗེ་ཆེ་ཞུ། དེ་ནས་བཀྲ་ཤིས་ཚིག་གསུམ་གྱི་སྒོ་ནས་ཞུ་བ་ལ།

   ༡༽ སྤྱིར་དགོན་པ་ཟེར་བ་ནི་གནས་དབེན་པའམ་ཡང་ན་རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་གཞན་དོན་དུ་འཆད་རྩོད་རྩོམ་གསུམ། གཉིས་དོན་དུ་བསྙེན་སྒྲུབ་ལས་གསུམ། བསྟན་དོན་དུ་འཛིན་སྐྱོང་སྤེལ་གསུམ་སོགས་བྱེད་སའི་གནས་ཞིག་ལ་གོ་དགོས་སྙམ། དེར་མ་ཟད་སྤང་ལམ་མདོའི་ལམ་ལ་བརྟེན་ནས་གཞི་བསླབ་པ་གསུམ་གྱི་ཉམས་ལེན་དང་། བསྒྱུར་ལམ་སྔགས་ཀྱི་ལམ་ལ་བརྟེན་ནས་ཕྱི་ནང་གི་བོན་ཐམས་ཅད་ལྷ་སྐུ་རིག་སྟོབས་ཀྱི་ལམ་དུ་སློང་བ། གྲོལ་ལམ་རྫོགས་པ་ཆེན་པོའི་ལམ་ལ་བརྟེན་ནས་ཚེ་གཅིག་ལུས་གཅིག་ལ་བླ་མེད་འབྲས་བུའི་གོ་འཕང་བསྒྲུབས་པའི་ཐབས་ཁྱད་པར་ཅན་གྱི་གནས་ཤིག་ཆགས་ཡོད། དེ་ལྟར་དཔལ་སྐྱང་ཚང་དགོན་ཕུན་ཚོགས་དར་རྒྱས་གླིང་འདི་ཡང་གོང་ལྟར་གྱི་མི་ལོ་བདུན་བརྒྱ་ཉེར་བདུན་ལྷག་གི་ལོ་རྒྱུས་ལྡན་པའི་དགོན་སྡེ་ཞིག་ཡིན།
   ༢༽དེ་ཡང་སྤྱི་ལོ་༡༢༩༠ལོར་རིག་འཛིན་སྐྱང་འཕགས་ཆེན་པོ་མཆོག་གི་གདུང་རབས་ལྔ་བ་སྐྱང་འཕགས་བསོད་ནམས་བཟང་པོ་མཆོག་དཔལ་སྐྱང་ཚང་དགོན་ཕུན་ཚོགས་དར་རྒྱས་གླིང་འདི་ཕྱག་བཏབས་ནས་ད་བར་མི་ལོ་༧༢༧རིང་ལ་དགོན་བདག་བླ་རབས་ཉེར་གཉིས་ཀྱིས་དགོན་འདི་བསྐྱངས་ལ། དེ་ལྟར་མི་ལོ་བརྒྱ་ཕྲག་བདུན་ལྷག་གི་རིང་ལ་སེམས་ཅན་གྱི་ལས་དབང་ངམ་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་དགོན་འདི་འཕོ་འགྱུར་དུ་མར་བྱུང་བ་ནི་འཇིག་རྟེན་གྱི་ཆོས་ཉིད་རེད་ལ། འོན་ཀྱང་དགོན་འདི་ནས་བསྟན་པ་འཛིན་པའི་སྐྱེས་བུ་འདི་ཞེས་གྲངས་ཀྱིས་མི་ལོངས་པ་ཞིག་བྱོན་པ་འདིར་དམིགས་བསལ་ཞུས་མི་དགོས་ལ། དཔེར་ན་སྐྱང་འཕགས་བསོད་ནམས་བཟང་པོ། ཨ་སྔགས་རྟོགས་ལྡན། ཧོར་བ་དྲུང་རམས་པ་བསྟན་འཛིན་བློ་གྲོས། གདན་ས་ཆེན་མོ་རབ་ལེགས་གཡུང་དྲུང་གླིང་གི་མཁན་རབས་བཅུ་བ་ཤེས་རབ་བསྟན་པའི་རྒྱལ་མཚན་སོགས་སྔོན་བྱོན་སྐྱེས་ཆེན་ཁག་དང་། ཁྱད་པར་དུ་དེང་བཞུགས་ཀྱི་འཛམ་གླིང་བོན་གྱི་གཙུག་རྒྱན་ཆེན་པོ་སྙིགས་མའི་དུས་ཀྱི་འདྲེན་པའི་སྟོན་པ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ། རང་ཅག་ཟིང་ཆུའི་དགོན་མ་ལག་བཅུ་དགུའི་གཞིས་དགོན་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་༧མཁན་རབས་དང་པོ་མཁན་ཆེན་ཤེས་རབ་མཐར་ཕྱིན་རིན་པོ་ཆེ། དེ་བཞིན་རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་ཆེན་མོ་མཁར་རྨེའུ་བསམ་གཏན་རྒྱལ་མཚན་སོགས་ཀྱང་གཞི་དགོན་འདི་ནས་བྱོན་པའི་སྐྱེས་ཆེན་ཤ་སྟག་ཡིན་ལ། གཞན་དེང་འདིར་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་སྒོས་སུ་རང་ཅག་ཟིང་ཆུའི་ཡུལ་ལུང་གཙོས་པའི་རྒྱ་བོད་གཉིས་ཀྱི་ས་མཚམས་ལ་བཀའ་དྲིན་བསམ་གྱིས་མི་ཁྱབ་པའི་དགོན་འདིའི་༧དཔོན་སློབ་ཚུལ་ཁྲིམས་དཔལ་འབྱོར་རམ་ཨ་ཁུ་ཕུར་ཁོ་ཁོང་དང་ཁོང་ལྟ་བུ་གཙོས་པའི་ངེས་དོན་གྱི་སྐྱེས་ཆེན་བསམ་གྱིས་མི་ཁྱབ་པ་ཞིག་ཀྱང་དགོན་འདིའི་བཀའ་དྲིན་ལ་རག་ལས་ཡོད། དེ་ལྟར་མ་འོངས་པར་དགོན་གནས་འདི་ནས་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་བྱེད་པའི་སྐྱེས་ཆེན་གྲངས་ཀྱིས་མི་ལོངས་པ་ཞིག་འབྱོན་པའི་བཀའ་དྲིན་ཞུ།

   ༣༽མ་འོངས་པའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའམ་མ་འོངས་པའི་དགོན་འདི་ཉིད་ནི་དབྲ་སྲས་ཚུལ་ཁྲིམས་འགྱུར་མེད་བསམ་གྲུབ་མཆོག་གིས་དབུ་ཁྲིད་འོག་དགོན་འདིའི་སེམས་དཔའ་འདུས་སྡེ་ཡོངས་དང་འབངས་ལྷ་སྡེ་མི་མང་ཡོངས་ཀྱིས་རྡོག་རྩ་གཅིག་སྒྲིལ་སྟེང་ནས་འཛིན་དགོས་སྟབས། བླ་གྲྭ་འདུས་པ་རྒྱ་མཚོ་ཡོངས་ལ་ལམ་བསླབ་པ་གསུམ་གྱི་ཉམས་ལེན་དང་གཞུང་སྡེ་སྣོད་གསུམ་གྱི་འཆད་ཉན་གྱི་སྒོ་བསྟན་པ་འཛིན་སྐྱོང་སྤེལ་གནང་རྒྱུ་གལ་ཆེན་དུ་ཆགས་ཡོད་ལ། དེ་བཞིན་ལྷ་སྡེ་མི་མང་ཡོངས་ཀྱིས་ཀྱང་མེ་ཏོག་བབས་པའི་ལྷ་སྐལ་༧དགོན་པའི་བདག་པོ་བླ་སློབ་རྣམ་གཉིས་གཙོས་པའི་གྲྭ་མང་འདུས་པ་རྒྱ་མཚོ་ཡོངས་ལ་ཚུལ་བཞིན་དུ་བརྩི་བཀུར་གནང་རྒྱུ་གལ་ཆེན། སྲིད་པའི་གཏམ་དཔེ་ལ། མི་དང་མི་རྩིས་ན་བླ་མ་དང་དཔོན་པོ། ཤིང་ཐོག་ཤིང་རྩིགས་ན་གསས་ཁང་དང་ལྷ་ཁང་། ཟེར་བ་ལྟར་གནང་རོགས་ཞུ་བ་འཚལ། གཞན་སྐྱང་ཚང་དགོན་ཕུན་ཚོགས་དར་རྒྱས་གླིང་འདི་ཉིད་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་ནང་གི་དགོན་ཁག་ལྔའི་གྲས་ཡིན་པ་དང་། དེར་མ་ཟད་རང་ཅག་ཡུལ་ལུང་འདིའི་དགོན་པ་གལ་ཆེ་ཤོས་སུ་ཆགས་ཡོད་སྟབས། དེ་སྔ་ལ་དགའ་མལ་དགོན་ཆེན་གྱི་བདག་པོ་༧མཁན་རབས་དང་པོ་དང་དོ་དམ་ཨུ་ཡོན་ལྷ་ཁང་གི་ཀྲུའུ་རེན་སོགས་ཀྱང་དགོན་འདིའི་བཀའ་དྲིན་བསྐྱངས་པ་མ་ཟད་མཛད་རྗེས་བླ་མེད་བཞག་ཡོད་པ་དང་། མ་འོངས་པ་ལ་ཡང་སྔར་ལྟར་དགོན་ཆེན་གྱི་ལས་དོན་གང་ཐད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་རོགས་ཞེས་ཞུ་བ་ལགས།
 སླད་ཆར་ཡང་། སྤྱིར་སངས་རྒྱས་ཀྱི་བསྟན་པ་ཡུན་ནས་ཡུན་དུ་དར་ཞིང་། བསྟན་པ་འཛིན་པའི་སྐྱེས་ཆེན་རྣམས་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། འགྲོ་རྣམས་མྱུར་དུ་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་མྱུར་དུ་འཐོབ་པའི་སྐྱབས་ཞུ་དང་། སྒོས་སུ་དགོན་འདིའི་བསྟན་བདག་བླ་སློབ་འདུས་པ་རྒྱ་མཚོ་ཡོངས་ཀྱི་མཛད་འཕྲིན་སྔར་ལས་རྒྱས་ཤིང་བསྟན་འབངས་རྣམས་བདེ་སྐྱིད་ཀྱི་དཔལ་ལ་ལོངས་སུ་སྤྱོད་ཅིང་། ཡང་སྒོས་སུ་འདིར་བཞུགས་ཀྱི་སྐྱེས་ཆེན་རྣམས་སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་འཕེལ་ཞིང་འགྲོ་རྣམས་བདེ་བའི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག་ཅེས་ཞུ་བ་ལགས།

221.jpg

ཞེས་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་མཁན་མིང་བ་ཤེས་རབ་གཡུང་དྲུང་དབང་རྒྱལ་ནས་སྤྱི་ལོ༢༠༡༧་༨་༣༠ཉིན་ཕུལ་བ་ལགས།