ཤར་དུང་རི་འདབས་ཀྱི་མཛངས་མ།


མདོ་ཁམས་སྒང་གི་ཡ་གྱལ་ཤར་ཁོག་་ལྗོངས།།
ཟིང་ཆུ་དུང་རི་འདབས་ནས་འཚར་ལོངས་ཅན།།
གཤིས་འཇམ་ཁོང་བཟང་"ཧེ་ཡག་གྲོང་སྡེ་རུ།།      
མཛངས་མོ་སྐྱིད་"ཀྱི་མིང་དོན་མཚུངས་པ་ཅན།།
 
མ་བཟང་མོ་ལ་ཡ་རབས་སྤྱོད་བཟང་དུ།།
ཡུལ་ལུང་རྒྱུད་དུ་མཛངས་མ་གསར་སྐྱེས་མ།།
ཡུལ་མི་ཁོར་ཡུག་བུད་མེད་སྤྱི་ཚོགས་ཁྲོད།།
ཞིབ་འཇུག་སློབ་མའི་རྡོ་རིང་གསར་དུ་བསྐྲུན།།
 
ཆུང་ནས་ད་བར་མི་ལོ་ཉི་ཤུའི་རིང་།།
ཁ་ཕྱོགས་མ་ནོར་ཤེས་རིག་ལམ་ཁ་རུ།།
རྐང་པ་བརྟན་པོར་སྤོ་བའི་དཔའ་མོ་ཉིད།།
དེང་རབས་རྒྱན་ཆ་སྤྲས་པའི་མཛངས་མར་གྱུར།།
 
རང་ཚུགས་བརྟན་པོ་རང་ལུགས་མ་དོར་བར།།
ཁྱད་པར་ཕ་སྐད་རང་ཡིག་སྲོག་རྩ་སྟེང་།།
བོད་རྒྱ་དབྱིན་གསུམ་སྐད་ཡིག་རྒྱན་དུ་ཤར།།
ཡུལ་སྲོལ་ཨ་མའི་ལག་རྩལ་ཁོ་ལག་རྫོགས།།
 
ཤེས་འཇོན་དཔལ་གསུམ་གྱིས་ཕྱུག་བུ་མོ་ཁྱེད།།
ཉེ་ཆར་གཏམ་བཟང་བོད་ལྗོངས་སློབ་ཆེན་དུ།།
ཞིབ་འཇུག་སློབ་མའི་སློབ་མཐར་ཕྱིན་པ་ལ།།
དགའ་སྟོན་མཛད་སྒོ་མིག་གི་ལོངས་སྤྱོད་གྱུར།།
 
ཡུལ་མིའི་ན་གཞོན་མིག་དཔེ་བཟང་པོ་དང་།།
དུས་རབས་གོམ་ཁ་ཁྲིད་པའི་སློབ་སྟོན་དང་།།
ཕ་མའི་དྲིན་ལེན་འཇལ་བའི་དགེ་བའང་ཡིན།།
འདི་གསུམ་ལྡན་པའི་མོ་ལ་རྟེན་འབྲེལ་ཞུ།
༢༠༢༠/༥/༣༠  ཉིན།     རྒྱལ་ཤེར་པས།།