གྲུབ་ཆེན་རིན་པོ་ཆེའི་བཀའ་དྲིན་རྗེས་སུ་དྲན་པ།

སྙིགས་དུས་ཀྱི་གྲུབ་པའི་དབང་ཕྱུག་༧གྲུབ་ཆེན་རྣལ་འབྱོར་བ་ནམ་མཁའ་རྒྱལ་མཚན་རིན་པོ་ཆེ་དགོངས་པ་བོན་དབྱིངས་སུ་སྐུ་ཞི་བར་གཤེགས་པར་སྐྱོ་གདུང་གི་བཀའ་དྲིན་རྗེས་དྲན།
ཀ་དག་བོན་ཉིད་དབྱིངས་ཀྱི་གནས་ལུགས་ཆེ། །
ཁ་གཏིང་ཟབ་རྒྱས་བོན་ཀུན་དབྱིངས་ཆུབ་ཅིང་། །
ག་ས་གང་དུ་བསྟན་འགྲོའི་མཛད་མཁས་རྗེ། །
ང་ཅག་བླ་མ་གྲུབ་ཆེན་མཆོག་ཉིད་རྒྱལ། །

ཅ་ཅོའི་འདུ་འཛིས་རབ་དབེན་གནས་མཆོག་ཏུ། །
ཆ་ལུགས་ལྔ་ལྡན་ངང་དུ་མི་ཚེའི་རིང་། །
ཇ་ཡུན་ཙམ་ཡང་ལྷོད་མེད་གཏན་བཞུགས་པའི། །
ཉ་གང་ཟླ་བ་ཅི་བཞིན་བླ་མ་རྗེ། །

ཏ་ཀྱོ་ཀུན་བཟང་དགོངས་པའི་གནས་མ་ལུས། །
ཐ་སྙད་ལས་འདས་མཁྱེན་བརྩེའི་བོན་ཉིད་རྣམས། །
ད་ཙམ་ཉིད་ནས་རང་བཞིན་ལྷུན་གྲུབ་པའི། །
ན་མོའི་ཡུལ་གྱུར་སྐྱེས་མཆོག་རིན་པོ་ཆེ། །

པ་ཏྲའི་རང་བཞིན་མཐའ་བྲལ་དབྱིངས་ཀྱི་ཀློང་། །
ཕ་རོལ་བརྗོད་འདས་མཉམ་རྗེས་དབྱེར་མེད་དུ། །
བ་གའི་ཀློང་ཆེན་ངོ་ཉིད་རྗེན་པ་རུ། །
མ་བཅོས་དགོངས་རྫོགས་དཔལ་ལྡན་བླ་མ་རྗེ། །

ཙ་རི་གནས་མཆོག་ལ་སོགས་ངེས་མེད་དུ། །
ཚ་གྲང་ཁྱད་བསད་སྒྲུབ་པ་ཉམས་ལེན་སོགས། །
ཛ་ཡའི་ཉིང་དགོངས་སྤྱོད་འབྲས་བདག་བཞེས་ཏེ། །
ཝ་ལེར་བསམ་ནས་བཀའ་དྲིན་ལྷག་ཏུ་དྲན། །

ཞྭ་དཀར་རིང་ལུགས་སྙིགས་མའི་དུས་ཀྱི་ཆར། །
ཟ་འོག་ཅི་བཞིན་ངེས་མེད་འགྲོ་བློ་ལ། །
འ་འུར་ཙམ་མེད་ཐབས་མཁས་རླབས་ཆེན་གྱིས། །
ཡ་ཀི་འགྲོ་འབངས་འདྲེན་མཁས་རིན་པོ་ཆེ། །

ར་བ་གངས་རིས་བསྐོར་བའི་གནས་མཆོག་ཏུ། །
ལ་རྒྱ་དོན་གྱི་གྲུབ་ཆེན་མཚན་འཆང་བ། །
ཤ་གོས་རས་རྐྱང་ཙམ་གྱིས་འཚོ་ཐུབ་མཁན། །
ས་སྟེང་འདི་ནས་ཉིད་ལས་ཡོད་རེ་སྐེན། །

ཧ་ཅང་སྙིགས་མའི་དུས་ཀྱི་བསྟན་འགྲོ་ལ། །
ཨ་གསར་ཙམ་མིན་དོན་གྱིས་འདྲེན་མཛད་པ། །
ཨ་དཀར་རྩ་བླ་གྲུབ་ཆེན་རིན་པོ་ཆེ། །
ཧ་ཅང་དད་བཞིན་མྱ་ངན་སྐྱོ་ལྷང་ལྷང་། །
   ཞེས་སྙིགས་དུས་ཀྱི་འདྲེན་མཆོག་དམ་པ་གྲུབ་ཆེན་རིན་པོ་ཆེ་ནམ་མཁའ་རྒྱལ་མཚན་མཆོག་དགོངས་པ་བོན་དབྱིངས་སུ་སྐུ་ཞི་བར་གཤེགས་པར་ཐོས་པའི་མོད་ལ་བཀའ་དྲིན་དྲན་བཞིན་ཡིད་སྐྱོ་བའི་ངང་དུ་མདོ་སྨད་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་མཁན་མིང་པ་ཤེས་རབ་གཡུང་དྲུང་དབང་རྒྱལ་ནས་སྐྱོ་སེམས་དང་བཅས་ཏེ་སྤྱི་ལོ་༢༠༢༠ལོའི་ཟླ་བ་༢པའི་ཚེས་༢༡ཉིན་བྲིས་པའོ། །