བདག་སེམས་ཀྱི་ཉི་མ་གསེར་པོ།

 

IMG_6436.JPG
ཤེས་བྱའི་གནས་ཀུན་གཞུང་ལ་མ་ལུས་མཁྱེན།།

རབ་འབྱམས་མདོ་སྔགས་བླ་མེད་གཏེར་གྱི་མཛོད།།

ཚུལ་མཛེས་ངུར་སྨྲིག་གཟི་འོད་དཔལ་འབར་བ།།

ཁྲིམས་ལྡན་བླ་མ་ཁྱེད་ལ་ཕྱག་བགྱི་འོ།།

 

མཚན་དཔེའི་པད་མོའི་དགའ་ཚལ་འཁྲུངས་བའི་སྐུ།

སྐུ་མཛེས་ཚངས་དབྱངས་ཡན་ལག་དྲུག་ཅུའི་གསུང་།

གསུང་གསུམ་བསྟན་འཛིན་དམ་པ་རྒྱལ་བའི་སྤྲུལ།

སྤྲུལ་བའི་སྐུ་མཆོག་སྲིད་ན་རྟག་ཏུ་མཛེས།།

 

གཤེན་རབ་བསྟན་པ་གསལ་བའི་སྒྲོན་མེ་དངོས།།

ལུས་ཅན་གདུལ་བྱ་ཐར་ལམ་འདྲེན་པའི་དཔལ།།

ཟབ་རྒྱས་ལེགས་བཤད་ཕྱོགས་བཅུར་རབ་སྤེལ་བ།།

སྙིགས་མའི་དུས་ཀྱི་མགོན་པོ་ཁྱེད་མིན་སུ།།

 

དལ་འབྱོར་བཅོ་བརྒྱད་ལྡན་པའི་ལྗོན་བཟང་བོ།།

ངོ་མཚར་ལེགས་པའི་དྲི་བསུང་ཕྱོགས་ཀུན་ཁྱབ།།

བཤད་སྒྲུབ་ཤིང་རྟའི་སྲོལ་ཆེན་འབྱེད་པ་ལ།།

དཔལ་ལྡན་བླ་མ་ཉིད་ཀྱི་བཀའ་དྲིན་དྲན།།

 

མཁས་སྒྲུབ་གཉིས་ལྡན་ཟབ་རྒྱས་བོན་གྱི་མཛོད།།

ཡོན་ཏན་ལོངས་སུ་སྤྱོད་པའི་སློབ་དཔོན་མཆོག།

ལྷག་བསམ་ཟླ་བའི་བསིལ་ཟེར་འོད་འབུམ་གྱིས།།

ཟིང་ཆུ་ཡུལ་དུ་ཁྱབ་ལ་ཅིས་མི་འདུད།།

 

སྐུ་མཆོག་གསེར་གྱི་ཉི་མ་རིན་པོ་ཆེ།།

རྒྱང་རིང་ནུབ་ཀྱི་རི་ལ་བཞུད་གྱུར་ཀྱང་།།

བདག་གི་སྡུག་དང་གདུང་བའི་སྨྲེ་སྔགས་ཀྱིས།།

རྩ་བའི་བླ་མའི་ཡང་སྤྲུལ་ཡང་ཡང་འབོད།།
IMG_6669.JPG

ཅེས་པ་འདི་ནི་༧མདོ་སྨད་དགའ་མལ་དགོན་ཆེན་གྱི་སྒྲུབ་སློབ་ཤེས་རབ་གཡུང་དྲུང་ཚུལ་ཁྲིམས་རིན་པོ་ཆེའམ་རང་ཉིད་ལ་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་མཛད་པ་མཐར་རུ་ཕྱིན་ནས་དགོངས་པ་བོན་དབྱིངས་སུ་གཤེགས་པའི་ཚུལ་བསྟན་པའི་རྗེས་སུ་སྐྱིད་འཛོམས་བླ་མའི་མིང་ཙམ་འཛིན་པ་ཤེས་རབ་གོང་འཕེལ་གྱིས་སྒོ་གསུམ་གུས་པས་སྦྱར་བར་དགེའོ།། ༢༠༡༨ལོའི་ཟླ་༡༡་ཚེས་༡་ཉིན།