གསེར་གྱི་ཉི་མ་ནུབ་རིའི་རྒྱབ་ཏུ་བཞུད།

42.jpg

གསེར་གྱི་ཉི་མ་ནུབ་རིའི་རྒྱབ་ཏུ་བཞུད།

མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ།

ཇི་ལྟར་ཇི་སྙེད་མ་ལུས་མཁྱེན་མཛོད་དུས་གསུམ་བདེ་བར་གཤེགས། །

ཀུན་རྫོབ་དོ་དམ་དབྱེར་མེད་ངོ་བོར་བསྟན་པའི་འཕྲུལ་ངག་བོན། །

རིག་དང་གྲོལ་བའི་ཡོན་ཏན་མཛོད་འཛིན་ཐེག་གསུམ་སེམས་དཔའི་སྡེ། །

སྐྱབས་གནས་ཀུན་འདུས་དཔོན་གསས་བླ་མ་དུས་ཀུན་གཙུག་ན་རྒྱལ། །

 

ཤེས་བྱའི་གནས་ལུགས་མ་བཅོས་རང་གཤིས་མཇལ་བའི་བདག་ཉིད་ཅན།

ཤེས་རྨོངས་འགྲོ་ལ་ཕྱི་ནང་གསང་བའི་བོན་ཀུན་འཆད་མཁས་ཤིང་།

ཤེས་རབ་ཡེ་ཤེས་མེ་ལྟར་འབར་བའི་དཔལ་ལྡན་བླ་མ་ཁྱེད།

ཤེས་ལྡན་ཡོངས་ཀྱི་འདི་ཕྱིའི་སྐྱབས་གནས་དམ་པ་ཁྱེད་བསྟོད་དོ།

 

རབ་འབྱམས་བླ་མེད་ཐེག་པའི་བོན་སྒོའི་གདམས་པའི་མཛོད་འཛིན་པ།

རབ་ཡངས་ཐུགས་དགོངས་དབྱིངས་སུ་མ་ལུས་འཛིན་པའི་མན་ངག་པ།

རབ་བརྩེ་མཁྱེན་གཟིགས་ཕྱོགས་དང་རིས་སུ་མ་ཆད་བདག་ཉིད་པ།

རབ་དགུའི་གཏེར་མཛོད་དཔལ་ལྡན་བླ་མ་ཁྱེད་ལ་མངོན་བསྟོད་དོ།

 

གཡུང་དྲུང་བསྟན་པའི་སྙིང་པོ་མདོ་སྔགས་བླ་མེད་ཐེག་པའི་སྒོ།

གཡུང་དྲུང་སེམས་དཔའི་སྤྱོད་པ་ཟབ་མོ་རླབས་ཆེན་ཉེར་བླངས་ཏེ།

གཡུང་དྲུང་བོན་བསྟན་འཛིན་སྐྱོང་སྤེལ་བའི་འཕྲིན་ལས་རྣམ་པར་དག

གཡུང་དྲུང་སློབ་དཔོན་ཆེན་པོ་ཁྱེད་ལ་དུས་རྣམ་ཀུན་ཏུ་བསྟོད།

 

ཚུལ་དང་ཚུལ་མིན་རྣམ་པར་འབྱེད་པའི་ཡེ་ཤེས་སྤྱན་མངའ་སྟེ།

ཚུལ་གསུམ་དག་པའི་ལུང་རིག་ངར་སྒྲས་ལོག་རྟོག་ཚོགས་གཞོམ་ནས།

ཚུལ་བཟང་སྐྱེས་བུའི་ཚོགས་ཀྱི་འགྲམ་ཆུ་ལྡང་བའི་རྣམ་པར་ཅན།

ཚུལ་ལྡན་ཡོངས་ཀྱི་གཙུག་གི་རྒྱན་གཅིག་ཁྱེད་ལ་མངོན་བསྟོད་དོ།

 

ཁྲིམས་བཞེས་ནས་བཟུང་མ་དག་སྐྱོན་གྱི་དྲི་མས་མ་གོས་ཤིང་།

ཁྲིམས་གཙང་རྣམ་དག་སྐལ་ལྡན་གདུལ་བྱ་དྭངས་པ་འདྲེན་མཛད་དེ།

ཁྲིམས་བཅས་ཡོངས་ཀྱི་དད་ཕྱག་ཡིད་མཆོད་སྤྲིན་པའི་ཕུང་པོ་ཆེ།

ཁྲིམས་ལྡན་བླ་མ་ཁྱེད་ནི་ཉེར་གཅིག་འདྲེན་པའི་དཔོན་གསས་དངོས།

 IMG_6385.JPG

ཐོས་བསམ་སྒོམ་སྒྲུབ་རང་དོན་ཕུན་སུམ་ཚོགས་ཀུན་ཉེར་བླངས་ཤིང་།

འཆད་རྩོད་རྩོམ་པས་གཞན་དོན་བློ་སྒོ་འབྱེད་པའི་མཁས་དབང་ཅན།

འཛིན་སྐྱོང་སྤེལ་གསུམ་རྒྱལ་བསྟན་ཕྱོགས་ལ་སྤེལ་བའི་བདག་ཉིད་པ།

འདི་ཕྱི་བར་གསུམ་དོན་རྣམས་རང་བཞིན་ལྷུན་གྲུབ་ཁྱེད་ལ་བསྟོད།

 

མདོ་སྨད་བོན་གྱི་བསྟི་གནས་ཆེན་པོ་དགའ་མལ་དགོན་ཆེན་དུ།

སྒྲུབ་བརྒྱུད་བསྟན་པའི་ཤིང་རྟའི་གྲུབ་དབང་ཤར་རྫ་རིན་པོ་ཆེའི།

རིང་ལུགས་འཁྲུལ་མེད་བསྐྱངས་ཏེ་སྐལ་ལྡན་སློབ་མ་བརྒྱ་རྩ་བརྒྱད།

གཙོས་པའི་སྒྲུབ་བརྒྱུད་གདུལ་བྱ་འདྲེན་མཁན་ཁྱེད་ལ་ཅིས་མི་བསྟོད།

 

དེ་ཡང་ཆུང་ནས་སྐྱེས་ཆེན་དུ་མའི་མདུན་ནས་དབང་ལུང་ཁྲིད།

གདམས་པ་མཐའ་ཡས་བཞེས་ཏེ་ཐུགས་དགོངས་སྟོབས་ཀྱིས་རིས་མེད་པའི།

རང་རང་སོ་སོའི་གྲུབ་མཐའི་རྣམ་བཞག་མ་འདྲེས་སྟོན་ནུས་པའི།

སྙིགས་མའི་དུས་འདིར་ཉིད་ལས་གཞན་དུ་ཡོད་རེ་སྐེན་ལ་བསྟོད།

 

གཞན་ཡང་ཉམ་ཐག་ལས་ཀྱི་ན་ཚའི་རྐྱེན་གྱིས་གདུང་བ་རྣམས།

སྡུག་བསྔལ་ནད་སེལ་བདུད་རྩིའི་སྨན་བླའི་རྒྱལ་པོ་ཅི་བཞིན་དུ།

གང་ལ་གང་བསྟུན་དེ་ལ་དེར་བསྟུན་སྦྱིན་པ་ཆེན་པོ་ཡིས།

འགྲོ་དོན་དཔག་མེད་མཛད་པའི་ལྷ་རྗེའི་བླ་མ་ཁྱེད་ལ་བསྟོད།

 

ཁྱད་པར་མི་ལོ་བཅུ་ཕྲག་བརྒྱད་ཀྱི་རིང་དུ་བསྟན་འགྲོའི་དོན།

ཁོ་ནར་ཐུགས་ལ་འཆང་སྟེ་གྲངས་མེད་གདུལ་བྱའི་བློ་དམན་ཚོགས།

བདེ་ཆེན་ལམ་ལ་བཀྲིད་པའི་མཛད་བཟང་རྒྱ་མཚོའི་འཇིངས་རླབས་ལས།

ཟེགས་ཐིགས་ཙམ་ཞིག་དད་སྟོབས་བློས་བླངས་སྐྱེ་འགྲོའི་གསོས་སུ་བསྐྲུན།

 

སླར་ཡང་ཉམ་ཐག་སྡུག་བསྔལ་གདུང་བའི་འགྲོ་བ་འདྲེན་ཕྱིར་དང་།

གཡུང་དྲུང་བསྟན་པ་ཕྱོགས་ཀུན་སྤེལ་བའི་འཕྲིན་ལས་དོན་ཕྱིར་དུ།

དཔལ་ལྡན་བླ་མའི་ཡང་སྤྲུལ་གསེར་གྱི་ཉི་གཞོན་འོད་པོ་ཆེ།

མྱུར་དུ་བསྟན་འགྲོའི་མགོན་དུ་ཤར་བའི་སྐྱབས་གསོལ་སྙིང་དུ་འཚེར།
IMG_6386.JPG

   ཞེས་མདོ་སྨད་ཟིང་ཆུ་བོན་གྱི་འདུས་སྡེ་ཆེན་མོ་༧དཔལ་གཤེན་བསྟན་དགའ་མལ་དགོན་ཆེན་གྱི་སྒྲུབ་གྲྭ་མདོ་སྔགས་བཤད་སྒྲུབ་གླིང་གི་སྒྲུབ་སློབ་ཁྲི་རབས་གཉིས་པ་༧སྒྲུབ་སློབ་ཤེས་རབ་གཡུང་དྲུང་ཚུལ་ཁྲིམས་རིན་པོ་ཆེ་དགོངས་པ་བོན་དབྱིངས་སུ་སྐུ་ཞི་བར་གཤེགས་པར་ཁོང་རིན་པོ་ཆེའི་བཀའ་དྲིན་རྗེས་དྲན་དུ་གང་གི་དངོས་སློབ་༧མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་ལམ་རིན་སྤུངས་པ་བླ་མ་ཚེ་རིང་གིས་སྤྱི་ལོ་༢༠༡༨ལོའི་ཟླ་བ་༡༠བའི་ཚེས་༣༡ཉིན་ཕུལ།