གྱེར་གྱི་འོད་སྣང་།

FullSizeRender.jpg

FullSizeRender.jpg

ཨེ་མ་དུས་ཀྱི་འཕྲང་འདས་བསྐལ་བའི་བསྐལ་བར་གོང་། །

ཡ་ཐོག་ཞང་ཞུང་དུ་འཁྱིལ་བདུད་རྩི་མཚོ་མོ་དེ། །

སྒོ་བཞི་མཛོད་ལྔ་ཐེག་དགུའི་བོན་སྒོ་མ་ལུས་ཀུན། །

གང་བྱོ་མུ་ཁྲི་བཙན་པོའི་གཙུག་གི་རལ་ཀློང་འཁྱིལ། །

 

རྒྱལ་གཤེན་བསྟན་པ་མཉམ་ཆགས་སྲིད་གསུམ་ཁ་ལོར་བསྒྱུར། །

རྨུ་ཐག་གནམ་ལ་སྦྲེལ་བའི་ལོ་རྒྱུས་བགྲངས་ནས་བྱོན། །

ལྔ་བདོ་སྙིགས་མའི་དུས་ཀྱི་ཡོ་ལང་རྒོད་ཆེ་ཡང་། །

བླ་མེད་བོན་བསྟན་གཟི་བརྗིད་མཁའ་ནས་མཁའ་རུ་འདེགས། །

 

དཔྱད་གསུམ་ལམ་ནས་དྲངས་ཏེ་སྨྲས་པའི་ལོ་རྒྱུས་དྲང་། །

དྲི་ཟའི་ངག་ནས་ཐོན་པའི་ཤིས་ཚིག་སྙན་ཞིང་འཇེབས། །

སྣ་མང་ཕུན་སུམ་ཚོགས་པའི་ཤེས་རིག་ཕྱུར་བུར་གཏམ། །

བློ་གྲོས་སྒོ་འཕར་འབྱེད་པའི་བོན་བསྟན་གསོས་སུ་གྱུར། །

 

བླང་དོར་ཇི་ལྟར་འབྱེད་ལ་ལེགས་བཤད་གདམས་པར་གང་། །

འཕགས་ཚོགས་སྐྱེས་ཆེན་དམ་པའི་ཞལ་གདམས་གཅིག་ཏུ་བསྡུས། །

ཐར་ལམ་བྱང་ཆུབ་རེ་བའི་སྐལ་ལྡན་བློ་མིག་འབྱེད། །

འོད་སྣང་མུ་ཁྲི་བཙན་པོ་ཐར་ལམ་གསལ་བའི་སྒྲོན། །

 

མང་འགྲེལ་རྒྱུད་དོན་རྒྱས་པའི་སྙིང་བཅུད་གཅིག་ཏུ་དྲིལ། །

དམར་དྲིལ་ལུང་དོན་འབྲིང་པོའི་བཀའ་འགྲེལ་རབ་ཏུ་གསལ། །

ཉུང་བསྡུས་མན་ངག་ཟབ་མོའི་གསང་གནད་ལྷུག་པར་བཀྲོལ། །

ལོ་དེབ་མུ་ཁྲི་བཙན་པོའི་རིན་ཐང་གཞལ་ཟླ་བྲལ། །

 

སྤྱན་བརྒྱར་བགྲད་ཀྱང་མ་ངོམས་མིག་གི་བདུད་རྩི་མཆོག །

སྙན་བརྒྱར་བརྩེགས་ཀྱང་མ་ཚིམས་སྙན་འཇེབས་ཚངས་སྲས་དབྱངས། །

འདོད་རྒུའི་ལེགས་བཤད་ཕུན་ཚོགས་འཛད་མེད་གཏེར་གྱི་མཛོད། །

མུ་ཁྲི་བཙན་པོ་བློ་ལྡན་དགྱེས་པའི་སྒེག་ཉམས་རྫོགས། །

 

མང་ཐོས་ཤེས་རིག་ཆུ་འཛིན་འཁྲིགས་པའི་ལྡིང་ཁང་ན། །

ལུང་རིག་རྔ་སྒྲ་དང་ལྷན་འཛད་མེད་གྲུ་ཆར་འཇོ། །

བློ་གསལ་མདོངས་མཐའི་ཚོགས་རྣམས་དགའ་བའི་གླིང་ག་ཞིག །

མུ་ཁྲི་བཙན་པོ་དབྱར་ལྗོངས་སྒེག་མའི་དཔལ་ཡོན་ངོམ། །

ཞེས་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་མུ་ཁྲི་བཙན་པོ་ནི་རང་རེའི་བོན་ལུགས་ཀྱི་རིག་གཞུང་དང་བོན་བསྟན་དར་སྤེལ་དང་ཉམས་པར་གསོས་སུ་ཆེ་བའི་ལྷག་བསམ་གྱིས་བསྐྲུན་པ་ཞིག་ཡིན་པ་མ་ཟད། རྒྱལ་ཕྱི་དང་བོད་མདོ་དབུས་ཁམས་གསུམ་ཀུན་ནས་མཁས་མང་དག་གི་དཔྱད་རྩོམ་མང་ལ་རིས་མེད་ཀྱི་གནས་བསྡུས་ཁྱབ་སྤེལ་སོགས་གང་ཐད་ནས་ལོ་དེབ་ལེགས་གྲས་དང་རིན་ཐང་ཚད་མཐོར་གདེང་འཇོག་གནང་བཞིན་འདུག་པ་ལྟར་འདི་ནས་ཀྱང་བཀའ་དྲིན་རྗེས་དྲན་དང་ལེགས་སྐྱེས་སུ་ཟླ་ཚེས་ཉིན་དགེ་བཤེས་ལུང་རྟོགས་བསྟན་འཛིན་ཀུན་ཁྱབ་ཀྱིས་༧གདན་ས་ཆེན་མོ་སྨན་རིའི་གླིང་ནས། །