འཁྲུངས་དཀའ་བའི་ཨུཏྤལ་སྔོན་པོ།

000.jpg
 ཉི་ཟླའི་འོད་སྣང་གླིང་བཞིར་ཁྱབ་པ་བཞིན།།
མཚན་གྱི་སྙན་པ་གངས་རིའི་སྤོ་ནས་མཆེད།།
གཙུག་གི་ནོར་བུ་ཀུན་གྱི་ཏོག་ཏུ་མཛེས།།
སྲིད་རྩེར་འགྱིང་པའི་ཁྱུང་ཆེན་སྨན་རི་བ།།

གྲགས་ཆེན་ལྷ་ཡི་རྔ་བོ་ཕྱོགས་ཀུན་བརྡུང་།།
གདུང་སེལ་སྨན་གྱི་ག་བུར་ཕྱོགས་སུ་བསྲིངས།།
བཤད་སྒྲུབ་འཁོར་ལོ་ཕྱི་ནང་ཡུལ་གྲུར་བསྒྱུར།།
མཁས་གྲུབ་མི་ཡི་སེང་ཆེན་སྐུ་ཕྱྭ་བརྟན།།

རྒྱལ་བསྟན་རིན་ཆེན་དཔྲལ་བའི་མིག་ལས་བཙའ།།
དུག་ལྔའི་ཡོ་ལང་འཚུབས་ཆ་རབ་ཏུ་རྒོད།།
བསྐལ་ཁུགས་དུས་ཀྱི་སྒྲོན་མེའི་སྟོན་པ་ཆེ།།
དུས་ཐོག་སྨན་གྱི་ཆར་བ་སྐུ་ཕྱྭ་བརྟན།།

བསྟན་པ་མུན་ཁྲོད་རྡུལ་ལ་གཡུགས་པའི་ཚེ།།
ཐུགས་བསྐྱེད་ཁྱུང་སྔོན་སྐྱེས་ཀྱིས་མཁའ་ལ་དྲངས།།
གསེར་གྱི་ཉི་མ་མཁའ་ལ་ཚེས་པ་བཞིན།།
བསྟན་འགྲོའི་རྒུད་མུན་སེལ་མཛད་སྐུ་ཕྱྭ་བརྟན།།

བཤད་སྒྲུབ་འདུས་པའི་སྡེ་ཆེན་གཞིས་ཀ་བསྐྲུན།།
ཐོས་བསམ་གཉེར་བའི་སློབ་ཚོགས་བརྒྱ་ཕྲག་བསྐྱངས།།
མཛད་འཕྲིན་ཟླ་བ་ཀུ་མུད་རྒྱན་དུ་བརྟས།།
འདོད་འབྱུང་དཔག་བསམ་ལྗོན་པ་སྐུ་ཕྱྭ་བརྟན།།

རྒྱལ་བའི་བསྟན་ལ་སངས་རྒྱས་གཉིས་པ་བཞིན།།
འཆད་རྩོད་རྩོམ་པས་བསྟན་པའི་པད་ཚལ་བཞད།།
བསླབ་གསུམ་མེ་ཏོག་དྲི་ངད་ཡོངས་སུ་འཐུལ།།
བསྟན་འཛིན་ངང་བའི་རྒྱལ་པོ་སྐུ་ཕྱྭ་བརྟན།

དཔག་གིས་མི་དཔོག་གཞལ་དུ་མི་བཏུབ་པའི།།
ཁྱེད་ཀྱི་བཀའ་དྲིན་ཟླ་བའི་མ་མ་དེ།།
བོན་འབངས་ཡོངས་ཀྱི་ཡིད་ཀྱི་མེ་ལོང་ངོས།།
ཝ་ལེར་འཆར་བ་ཡོད་པ་སྨོས་ཅི་དགོས།།

མཚན་དཔེ་ཟླ་བའི་དཀྱིལ་འཁོར་རྟག་ཏུ་འཛུམ།།
གང་གསུང་གང་གཱའི་ཆབ་རྒྱུན་རྒྱུན་དུ་འཁྱིལ།།
ཞབས་ཟུང་གསེར་གྱི་འཁོར་ལོ་ཁྱོན་ཀུན་བསྒྱུར།།
ཚེ་དཔག་མེད་ཀྱི་ངོ་བོར་བཞེངས་གྱུར་ཅིག།