ཞབས་བརྟན་གསོལ་འདེབས་དོན་གཉིས་ལྷུན་གྲུབ།

99999.jpg

ཞབས་བརྟན་གསོལ་འདེབས་དོན་གཉིས་ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ། །

ཨེ་མ་སྐ༵ལ་བཟ༵ང་རྒྱ་མཚོའི་གཙུག་གི་རྒྱན། །སྡོམ་གསུམ་ཚུ༷ལ་ཁྲི༷མས་བསྟན་པའི་རྒྱལ་མཚན་མཆོག །
ད༵ར་ཞིང་རྒྱ༵ས་མཛད་དཔ༷ལ་ལྡན་བླ་མ་རྗེ། །ཡོན་ཏན་དབང་འབྱོ༷ར་ཁྱེད་ལ་གསོལ་བ་འདེབས། །
རང་བས་གཞ༷ན་གཅེས་འགྲོ་ལ་ཕ༷ན་པའི་ཐུགས། །དམིགས་མེད་ན༷མ་མཁ༷འ་དག་པའི་དབྱིངས་ཉིད་ནས། །
བརྩེ་ཆེན་སྙིང་རྗེ་ཉི་མ་འབུམ་ཤར་བས། །གདུལ་བྱའི་བློ་མུན་སེལ་ལ་གསོལ་བ་འདེབས། །
གཞི་ཡི་གནས་ལུགས་ར༷ང་རིག་བོན་སྐུའི་དབྱིངས། །ལམ་གྱི་རྩལ་སྣང་མ་འགགས་ལོངས་སྐུར་ཤ༷ར། །
འབྲས་བུ་རི༷ག་སྟོང་གྲོ༷ལ་བ་སྤྲུལ་བའི་སྐུ། །སྐུ་གསུམ་དབྱེར་མེད་བླ་མར་གསོལ་བ་འདེབས། །
རྒྱལ་གཤེན་བསྟན་པ་ཕྱི་ནང་གསང་བ་གསུམ། །འཛིན་སྐྱོང་སྤེལ་མཛད་སྐྱེས་བུ་དམ་པའི་ཞབས། །
མི་འཇིགས་གདོང་ལྔ་འབར་བའི་ཁྲི་འཕང་ལ། །ཚེ་དཔག་མེད་པའི་ངོ་བོར་བརྟན་གྱུར་ཅིག །
ཐུགས་བསྐྱེད་དཔག་བསམ་ལྗོན་པའི་རྩ་བ་བརྟན། །བསྟན་འགྲོར་ཕན་པའི་ལེགས་མཛད་འབྲས་བུས་དུད། །
སྲིད་ཞིའི་དབུལ་བ་སེལ་ཞིང་འདོད་པ་འཇོ། །བྱང་ཆེན་རྩེ་མོ་སྐུ་བཞིའི་དབྱིངས་བརྙེས་ཤོག །
བསླུ་མེད་མཆོག་གསུམ་སྲུང་མའི་བདེན་སྟོབས་དང་། །ལྷག་བསམ་རྣམ་པར་དག་པའི་རྟེན་འབྲེལ་གྱིས། །
སྨོན་པའི་དོན་ཀུན་ཡིད་བཞིན་མྱུར་གྲུབ་ནས། །འགྲོ་རྣམས་གཏན་བདེའི་ས་ལ་འགོད་དུ་གསོལ། །

   ཅེས་པའང་དགེ་བའི་བཤེས་གཉེན་སྐ༷ལ་བཟ༷ང་ཚུ༷ལ་ཁྲི༷མས་དཔ༷ལ་འབྱོ༷ར་མཆོག་ལ་ཞབས་བརྟན་གསོལ་འདེབས་དགོས་ཞེས་དད་མོས་ཅན་འགས་བསྐུལ་བ་དང་ཉེ་བར་ཁོང་གིས་བསྟན་འགྲོའི་དོན་ཁོ་ནར་ཐུགས་བསྐྱེད་ལྷུར་བླངས་པའི་ལེགས་མཛད་ཀྱི་སྙན་པ་སྒྲ་འཛིན་གྱི་བུ་གར་སོན་ཚེ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་ནས་དད་གུས་མོས་འདུན་དྲག་པོས་མཆོག་གསུམ་ལ་གསོལ་བ་འདེབས་བཞིན་པར་ཕུལ་བས་དེ་བཞིན་འགྲུབ་པར་གྱུར་ཅིག་གུ། །དགེ་ཞིང་བཀྲ་ཤིས་སོ། །