འཕྲིན་བཅོལ་བསམ་དོན་ལྷན་གྲུབ།

༢༡.jpg
སྐྱབས་དཀོན་མཆོག་གསུམ་ལ་གསོལ་བར་འདེབས། །
ལྷ་བཀའ་སྐྱོང་སྲུང་མ་སྤྱན་འདྲེན་ཞུ། །
གནས་རང་མཐུན་གདན་ལ་བཞུགས་སུ་གསོལ། །
ལས་གཤེན་བསྟན་བསྲུང་ཕྱིར་གུས་ཕྱག་འཚལ། །
སྐྱོན་ཆགས་ཉམས་འགལ་འཁྲུལ་མཐོལ་ལོ་བཤགས། །
རྫས་དངོས་ཡིད་བཤམས་སྤྲུལ་མཆོད་པ་འབུལ། །
ཐུགས་མཉེས་པ་མཛོད་ལ་སྤྱན་གྱིས་གཟིགས། །
རྐང་བཙུགས་ཏེ་སྲོག་ལ་རྒོལ་བའི་དགྲ། །
འདྲེ་གདོན་བགེགས་ལ་སོགས་གནོད་པའི་རིགས། །
དུས་ད་ལྟ་ཉིད་དུ་འགུགས་སྒྲོལ་མཛོད། །
སྙིང་ཤ་ཁྲག་བཞེས་ལ་གང་བཅོལ་ཀུན། །
ཉིན་ཕྱིས་འགྱངས་མ་གཏོང་སྡོང་གྲོགས་མཛོད། །
ཆུ་རྔུལ་ནག་བསག་སྟེ་བསྟན་དོན་སྒྲུབ། །
དེ་བསྟན་དགྲ་རེ་འགས་གཏོར་རླག་བཏང་། །
ད་བསམ་ཅིང་བསམ་ན་ཤིན་ཏུ་སྡུག། །
འདི་ལྷ་སྲུང་ཐུགས་རྗེས་མ་གཟིགས་ན། །
མགོན་སྲུང་མ་བསྟེན་པའི་དགོས་པ་ཆུང་། །
མགྱོགས་ར་མདའ་རྒྱུག་པའི་དུས་ལ་བབ། །
ལས་བཅོལ་བའི་ཕྲིན་ལས་མ་སྒྲུབ་ན། །
ཕྱིས་བསྟན་པ་ཉམས་ལ་ཡུན་མི་ཐེག །
སྐབས་འདི་ལ་བསམ་ནས་འོ་འདོད་འབོད། །
སེམས་འུ་ཐུག་འབོད་ལ་སྙིང་མ་རིང་། །
སྙིགས་དུས་ཀྱི་བསྟན་སྲོག་འཛིན་ཁུལ་བདག །
འདི་ལྟ་བུ་ཉམས་ཐག་གྱུར་ལགས་ན། །
བསྟན་སྲུང་བའི་བོན་སྐྱོང་མ་གཏོགས་པར། །
སྡོང་བྱེད་པའི་རེ་བ་སུ་ལ་བཅོལ། །
གྲྭ་འགའ་པའི་ལས་དང་བྱ་སྤྱོད་ལོག །
ཉག་འདི་ལ་བལྟས་ཏེ་དགྲ་སྡང་མང་། །
བསྟན་ཉམས་པའི་དུས་ལ་མ་བབས་ན། །
མགོན་མཐུ་དཔུང་སྡོང་དང་གྲོགས་མཛོད་ཅིག །
དགྲ་བསྟན་བཤིག་ལོག་སེམས་འཆང་བ་རྣམས། །
སྲོག་དབང་རྩ་ཆོད་ལ་མིང་མེད་ཐོངས། །
དམ་ཚུལ་བཞིན་སྲུང་བའི་གྲྭ་སློབ་ཚོགས། །
ལས་ཅི་བསམ་འགྲུབ་བའི་ཕྲིན་ལས་མཛོད། །

   ཅེས་པའི་འཕྲིན་ཆུང་འདི་ཉིད་ཆུ་བྱ་ལོའི་ཟླ་བ་དྲུག་པའི་ཚེས་བཅོ་ལྔ་ཉིན་གཡུང་གླིང་དགེ་སློང་ཤེས་རབ་བསྟན་འཛིན་གྱིས་གཡུང་གླིང་བསྟན་པའི་ཆེད་དུ་གཞིས་རྩེ་སྨན་ཁང་གི་ནང་དུ་བྲིས་པའོ། །སརྦ་མྒང་ལམ།