དགའ་མལ་དགོན་ཆེན་གྱི་ངོ་སྤྲོད་གནད་བསྡུས།

 00.jpg

   བྱང་བྱ་དུར་དགའ་མལ་དགོན་ཆེན་ནམ་དཔལ་གཤེན་བསྟན་ཀུན་ཁྱབ་བདེ་ཆེན་གླིང་ནི། སི་ཁྲོན་རྔ་བ་ཁུལ་ཟིང་ཆུ་རྫོང་ནས་སྤྱི་ལེ་༣༠ཡས་མས་སུ་གནས། དེ་ཡང་མ་རྒྱུད་སངས་རྒྱས་རྒྱུད་གསུམ་ལས། འོག་མིན་གནས་ཆེན་བརྒྱ་དང་ཉི་ཤུ་དང་། དགའ་ལྡན་གནས་ཆེན་བརྒྱ་དང་ཉི་ཤུ། འཛམ་གླིང་གནས་ཆེན་བརྒྱ་དང་ཉི་ཤུའི་ནང་ཚན་རྒྱ་ནག་གོང་དམར་མཁའ་འགྲོ་འུག་གདོང་ལྔའི་བྱང་ཕྱོགས་ཟིང་ཆུ་ནགས་རིང་མཁའ་འགྲོ་འུག་གདོང་མ། བོན་གཤེན་རིག་འཛིན་གྲུབ་ཆེན་བརྒྱད་ཅུའམ་བརྒྱ་རྩའི་སྒྲུབ་གནས། ཁྱད་པར་དུ་གདུང་རྒྱུད་བཅུ་གསུམ་གྱི་ནང་ཚན་རྒྱ་བོན་ཟིང་པ་མཐུ་ཆེན་གྱིས་གཏེར་ཆུ་ཀླུ་མོ་དུང་སྐྱོང་དཀར་མོ་གཏེར་བདག་བཀོད་པའི་ཟིང་ཆུའི་ཆུ་མྱིག་དཀར་མོར་གྲགས། མཁར་ཡག་མཁས་པ་བསྟན་འཛིན་ངག་དབང་རྣམ་རྒྱལ་གྱིས་ཕྱིས་སུ་བསྟན་པ་འདི་རྒྱ་ཆེར་དར་གསུངས་ཏེ་དགོན་ཆེན་གྱི་ལྕགས་རི་ཕྱིར་རྒྱ་ཆེར་གཏོང་ནས་ཐོ་མཚམས་བཞག ཐོགས་མེད་བླ་མ་བསྟན་པའི་ཉི་མས་དགའ་མལ་བསྟན་པ་དར་ཆ་ཆེ་གསུངས་ཏེ་དགོངས་ལམ་དུ་འཚོགས་ཁང་ཆེ་བ་གྲྭ་བ་སྟོང་ཕྲག་ཡོད་ས་ཞིག་མཇལ་སྣང་ཤར་བ་དང་། བླ་མ་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་སོགས་སྐྱེས་ཆེན་དུ་མས་དགོན་གནས་འདིར་བསྟན་པ་རྒྱ་ཆེར་དར་བའི་ལུང་བསྟན་སོགས་མང་ངོ་། །དགོན་འདིར་བསྟན་པ་དབུ་ནམ་བཙུགས་ཟེར་ན། གོང་ཞུས་ཀྱི་ཐོགས་མེད་བླ་མ་དང་མཁར་ཡག་མཁས་པ་མ་དང་སྐྱང་ནམ་སོགས་ཀྱིས་ཁྲི་སྐྱང་དགོན་ཁག་ལྔ་བོའི་གྲྭ་ས་ཆེ་བ་ཞིག་འཚོགས་སའི་གཙུག་ལག་ཁང་ཞིག་བཞེངས་རྒྱུ་བྱས་པས་དེའི་བྱ་བ་བར་ཆོད་ཀྱིས་མ་འགྲུབ་སྐད། གཏམ་འདི་དེང་སང་གི་རྒན་རབས་རྣམས་ཀྱིས་གསུངས་ཡ་འདུག

01.jpg

   དེ་ནས་རབ་བྱུང་བཅུ་དྲུག་པའི་མེ་ཕག སྤྱི་ལོ་༡༩༤༧ལོར་ཟིང་ཆུའི་དགོན་ཁག་ལྔ་བོ་ལྷན་དུ་འཚོགས་རྒྱུའི་གྲོས་མོལ་བྱུང་སྟེ། ལོ་དེའི་ས་ག་ཟླ་བའི་ཡར་ཚེས་ལ་རིན་སྤུངས་སྤྲུལ་སྐུ་ཤེས་རབ་རྣམ་རྒྱལ་གྱིས་དགོན་ཁག་འཚོགས་ཆེན་ཁྲི་བའི་ལས་ཐོགས་གནང་ནས་རིན་སྤུངས་བཀྲ་ཤིས་སྨིན་གྲོལ་གླིང་དུ་དགོན་ཁག་གི་བསྟན་པའི་རྒྱལ་མཚན་ཐོག་མར་བསྒྲེངས། དེ་ནས་ལོ་རིམ་བཞིན་སྐྱང་ཚང་དབོན་པོ་ཤེས་རབ་བསྟན་པའི་རྒྱལ་མཚན་གྱིས་ཁྲི་བའི་ལས་ཐོག་གནང་ནས་སྐྱང་ཚང་ཕུན་ཚོགས་དར་རྒྱས་གླིང་དུ་བསྟན་པའི་འབྲུག་སྒྲ་ཕྱོགས་བཅུར་གྲགས། དེ་ནས་ཁྱུང་ཚ་གཡུང་དྲུང་བསྟན་རྒྱལ་གྱིས་ཁྲི་བའི་ལས་ཐོག་གནང་ནས་དགའ་མལ་གཡུང་དྲུང་དར་རྒྱས་གླིང་དུ་འདུས་སྡེ་སྟོང་ཕྲག་འཕེལ། དེ་རྗེས་ཨ་ཏོག་བླ་མ་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་དང་ཤེས་རབ་བསྟན་འཛིན་རྣམ་གཉིས་ཀྱིས་ཁྲི་བའི་ལས་ཐོག་བཞེས་ནས་སྣང་ཞིག་རྣམ་རྒྱལ་ཀུན་གྲགས་གླིང་དུ་བསྟན་པའི་པད་ཚལ་རྒྱས། དེ་ནས་སྣང་ཞིག་ལྕགས་མདུད་སྐལ་བཟང་རྒྱ་མཚོས་ཁྲི་བའི་ལས་ཐོག་གནང་ནས་སྣ་སྟེང་བཀྲ་ཤིས་གཡུང་དྲུང་གླིང་དུ་བསྟན་པའི་བ་དན་མཁའ་ལ་ཕྱར་བ་མཛད་དེ་སླར་ཡང་རིམ་བཞིན་རིན་སྤུངས་དགོན་སོགས་སུ་ལོ་ངོ་བཅུ་གཅིག་གི་རིང་ལ་དགོན་ཁག་གི་བསྟན་པ་སྤེལ། དེ་ནས་ཟིང་ཆུ་དགོན་ཁག་ལྔ་བོའི་གཙུག་ལག་ཁང་ཞིག་བཞེངས་རྒྱུའི་གྲོས་མོལ་གནང་ནས་དགོན་ས་ནི། དགའ་མལ། ཤོལ་ཐོག སྐྱང་སྨད། གཙོ་ཚང་སོགས་དགོན་སར་གཟིགས་ནས་མཐར་བྱང་བྱ་དུར་གནས་ཆེན་གྱི་མདུན་དུ་བཞེངས་རྒྱུ་ལ་དགོན་ལག་ལྔ་བོ་ཐུགས་འཐད་བྱུང་ནས་གྲོས་ཐག་ཆོད། དེ་ལྟར་བྱས་ནས་དགོན་པའི་ས་རྟགས་བཞག་ནས་གྲྭ་བ་རེས་རྡོ་ཁལ་ལྔ་རེ་ཕབས་ནས་ས་ཁྱི། སྤྱི་ལོ་༡༩༥༨ལོར་འཚོགས་ཁང་གསར་བཞེངས་ལས་འགོ་ཟིན་ཀྱང་ལས་མཐའ་འགྱངས་པའི་རྐྱེན་གྱིས་བཞེངས་མ་ཐུབ། དུས་ཀྱི་འཕོ་འགྱུར་དབང་དུ་སོང་བ་ཀུན་གྱིས་ཤེས་གསལ་ལྟར་རོ། །

03.jpg

   དེ་ནས་སླར་ཡང་ལྕགས་བྱ། སྤྱི་ལོ་༡༩༨༡ལོར་ཀྲུང་གུང་ཀྲུང་དབྱང་གིས་ཆོས་དད་རང་མོས་ཀྱི་སྲིད་ཇུས་སླར་ཡང་ཉི་གཞོན་འཚེར་བའི་དུས་སྐབས་དང་བསྟུན་ནས་ཕྱིའི་དགོན་ལག་བཅུ་གསུམ་དང་ནང་གི་དགོན་ཁག་ལྔ་ལྷན་དུ་འཚོགས་པའི་ཆོག་མཆན་གོང་རིམ་ནས་གནང་བ་ལྟར། སྐྱབས་རྗེ་མཁན་ཆེན་ཤེས་རབ་ཚུལ་ཁྲིམས་མཐར་ཕྱིན་རིན་པོ་ཆེ་མཁན་རབས་དང་པོ་དང་། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་བསྐལ་བཟང་དར་རྒྱས་རིན་པོ་ཆེ་དཔོན་སློབ་ཀྱི་ཁྲི་རབས་དང་པོར་ཁྲི་བཞེངས་གནང་སྟེ། སྐྱབས་རྗེ་མཁན་སློབ་ཁོང་རྣམ་གཉིས་ཀྱིས་དབུ་ཁྲིད་འོག་ཕྱིའི་དགོན་ལག་བཅུ་གསུམ་དང་ནང་གི་དགོན་ཁག་ལྔའི་དགོན་བདག་བླ་སྤྲུལ་མཁན་སློབ་གྲྭ་མང་སྟོང་ཕྲག་ལྷག་དང་དད་ལྡན་དམངས་ཚོགས་ཁྲི་ཕྲག་དུ་མས་ཞོར་འདེགས་འོག གནས་ཆེན་བྱང་བྱ་དུར་གྱི་མདུན་ཞོལ་དགའ་མལ་དུ་དཔལ་གཤེན་བསྟན་ཀུན་ཁྱབ་བདེ་ཆེན་གླིང་ངམ་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་འཚོགས་ཁང་ཆེན་མོ་སོགས་ཕྱི་ནང་གི་རྟེན་དང་བརྟེན་པ་བཅས་གསར་བཞེངས་ལེགས་གྲུབ་བྱུང་བ་དང་ལྷན་མདོ་སྔགས་བཤད་སྒྲུབ་གླིང་ཞེས་གསར་བཙུགས་གནང་སྟེ་བཤད་གྲྭ་དང་སྒྲུབ་གྲྭ་ཟུང་འབྲེལ་གྱི་སྒོ་ནས་བཤད་སྒྲུབ་སློབ་གཉེར་བ་གྲྭ་བ་བརྒྱ་ཕྲག་ལྷག་གསོ་སྐྱོང་གནང་སྟེ་སླར་ཡང་ཡུལ་ལུང་འདིར་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་དར་ཆེན་མཁའ་ལ་བསྒྲེངས་པ་མཛད།

02.jpg

   སླར་ཡང་ལས་ཀྱི་དབང་གིས་༡༩༨༩ལོར་དཔོན་སློབ་བསྐལ་བཟང་དར་རྒྱས་ཚང་དགོངས་པར་བོན་དབྱིངས་སུ་གཤེགས། དེ་ནས་རིམ་བཞིན་རབ་ལེགས་གཡུང་དྲུང་གླིང་གི་དགེ་བཤེས་ཤེས་རབ་མཆོག་ལྡན་དང་དཔོན་སློབ་བསྐལ་བཟང་དར་རྒྱས་མཆོག་གི་དངོས་སློབ་ཐུགས་སྲས་བླ་མ་ཚེ་རིང་སོགས་ཀྱིས་དགོན་ཆེན་གྱི་བཤད་གྲྭའི་སློབ་དཔོན་སྔ་ཕྱིའི་འགན་བཞེས་གནང་། ཁྱད་པར་དུ་༡༩༩༦ལོར་ལྷ་རམས་པ་བརྩོན་འགྲུས་གོང་འཕེལ་ལམ་དགེ་བཤེས་གཡུང་དྲུང་རྣམ་རྒྱལ་མཆོག་དགོན་ཆེན་གྱི་དཔོན་སློབ་ཁྲི་རབས་གཉིས་པའི་ཁྲི་བཞེངས་གནང་སྟེ་འཆད་རྩོད་རྩོམ་པའི་བྱ་བ་རྒྱ་ཆེར་སྤེལ།

DSC04449.JPG

   གཞན་དཔོན་སློབ་བསྐལ་བཟང་དར་རྒྱས་མཆོག་དགོངས་པ་དབྱིངས་སུ་གཤེགས་རྗེས་སྒྲུབ་སློབ་ཤེས་རབ་ཚུལ་ཁྲིམས་ལགས་དགོན་ཆེན་གྱི་སྒྲུབ་སློབ་ཀྱི་འགན་བཞེས་གནང་སྟེ་སྒྲུབ་རྒྱུད་བསྟན་པའི་བ་དན་མཁའ་ལ་བསྒྲེངས། ༡༩༩༩ལོར་མཁན་ཆེན་ཤེས་རབ་ཚུལ་ཁྲིམས་མཐར་ཕྱིན་ཚང་མཁན་ཟུར་གནང་སྟེ་དགོན་ལག་བཅོ་བརྒྱད་ཀྱི་མཁན་སློབ་བླ་སྤྲུལ་ཁག་དང་སྐྱ་སེར་ཡོངས་ཀྱིས་རེ་བ་ལྟར་དགོན་ལག་ཁག་གི་དགེ་སློང་བཅུ་ཕྲག་ལྷག་རྒྱལ་བ་སྨན་རིའི་རིང་ལུགས་བཞིན་དུ་རྟགས་རིལ་བསྒྲིལ་ཏེ་རིན་སྤུངས་བླ་མ་ཚེ་རིང་མཆོག་རྟགས་རིལ་ཨང་དང་པོ་ཐོན་ནས་དགོན་ཆེན་གྱི་མཁན་རབས་གཉིས་པའི་ཁྲི་བཞེངས་གནང་སྟེ། མཚན་ལ་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་ཞེས་གསོལ་ཏེ་དགོན་ལག་ཡོངས་གཙོས་པའི་དགོན་ཆེན་གྱི་བཤད་སྒྲུབ་བསྟན་པའི་སྤྱི་ཡོངས་ཐུགས་འགན་བཞེས། ༢༠༠༩ལོར་སྨན་རིའི་དགེ་བཤེས་ཤེས་རབ་མཐར་ཕྱིན་མཆོག་དཔོན་སློབ་ཁྲི་རབས་གསུམ་པའི་ཁྲི་བཞེངས་གནང་སྟེ་གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་གི་གཙོ་འགན་བཞེས་པ་དང་། ༢༠༡༣ལོར་སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་མཆོག་སྒྲུབ་སློབ་ཀྱི་ཁྲི་བཞེངས་གནང་སྟེ་སྒྲུབ་གྲྭ་མདོ་སྔགས་བཤད་སྒྲུབ་གླིང་གི་གཙོ་འགན་བཞེས།

22.jpg

  ཁྱད་པར་དུ་༢༠༡༣ལོར་དགོན་ཆེན་དུ་ཐེངས་དང་པོའི་གཡུང་དྲུང་བོན་གྱི་གཡས་རུའི་འཆད་རྩོད་ཆེན་མོ་དང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་དང་གཡུང་དྲུང་བོན་དང་འབྲེལ་བའི་བགྲོ་གླེང་ཆེན་མོ་བཅས་ལྷན་དུ་འཚོགས་ཏེ་བོན་གྱི་ལོ་རྒྱུས་སྤྱི་དང་ཁྱད་པར་དུ་ཟིང་ཆུའི་ཡུལ་ལུང་གི་ལོ་རྒྱུས་སྟེང་གསར་གཏོད་ཀྱི་རྣམ་པ་བསྐྲུན་ཏེ་རྒྱལ་ཕྱི་ནང་དང་བོད་མདོ་དབུས་ཁམས་གསུམ་གྱི་དགོན་སྡེ་བརྒྱ་ཕྲག་ལྷག་ནས་ཕེབས་པའི་མཁན་སློབ་བླ་སྤྲུལ་དགེ་བཤེས་ལུང་རིག་སྨྲ་བའི་གྲྭ་བཙུན་སྟོང་ཕྲག་གསུམ་ཡས་མས་ལྷན་དུ་འཛོམས་ཏེ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བ་དན་འཛམ་གླིང་ཡོངས་སུ་ཁྱབ་པར་མཛད།

གཡས་རུའི་འཆད་རྩོད་འདྲ་པར།.jpg

   ད་ཆར་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་དཔོན་སློབ་རྣམ་གཉིས་ཀྱི་བཀའ་དྲིན་འོག་ཕྱོགས་ཁག་ནས་ཕེབས་པའི་བཤད་སྒྲུབ་སློབ་གཉེར་བ་བརྒྱ་ལྷག་ཡོད་ཅིང་དེ་དག་གི་བཞུགས་ཤག་དང་གསོལ་ཟས་གྲྭ་ཆས་སོགས་འཚོ་བའི་ཆ་རྐྱེན་བསྐྲུན་སྟེ་མདོ་སྨད་ཟིང་ཆུ་ཁོག་ཏུ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་གྱི་འཕྲིན་ལས་བསྐྱང་བཞིན་པ་དང་དེང་མཁན་སློབ་རྣམ་པ་གཙོས་པའི་བླ་སྤྲུལ་གྲྭ་བཙུན་བརྒྱད་བརྒྱ་ལྷག་ཡོད་ཅིང་། དགོན་པའི་ལོ་རེའི་འཚོགས་དང་སྒྲུབ་ཆེན་ལ་ཡང་སྔ་མོའི་ལུགས་སྲོལ་བཞིན་དུ་ནང་གི་དགོན་ཁག་ལྔ་དང་ཕྱིའི་དགོན་ལག་བཅུ་གསུམ་གྱི་བླ་གྲྭ་ཚང་མ་ལྷན་དུ་འཚོགས་བཞིན་པ་དང་། དེ་མ་ཟད་དགའ་མལ་དགོན་ཆེན་ནི་མདོ་སྨད་ཕྱོགས་ཀྱི་བོན་གྱི་དགོན་སྡེ་ཆེ་ཤོས་གྲས་དང་ཟིང་ཆུའི་ཕྱོགས་ཀྱི་བོན་སྡེ་སྤྱིའི་གདན་ས་ཆེན་མོར་ཆགས་ཡོད།