བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་མཚོན་རྟགས་འགྲེལ་བཤད་ཉིང་བསྡུས།

མཚོན་རྟགས།.jpg
 སྐྱབས་ཀྱི་དམ་པ་ཡུལ་མཆོག་གནས་བཞི་དང་། །
ཐུགས་རྗེ་རྣམ་བཞིའི་བྱིན་རླབས་འོད་དཔུང་གིས། །
ཡོངས་རྫོགས་བོན་འཁོར་འགྲོ་ལ་བསྐོར་མཛད་པའི། །
དགོན་ཆེན་མ་ལག་བཅུ་དགུ་ཨེ་མ་ཧོ། །

   དེ་ཡང་མདོ་སྨད་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་༧དཔལ་གཤེན་བསྟན་དགའ་མལ་དགོན་ཆེན་གྱི་མཚོན་རྟགས་ཀྱི་དོན་བཤད་པ་ལ། སྤྱིར་འཁོར་ལོའི་མཚོན་དོན་ལ་ནང་བ་གཤེན་རབ་པའམ་ནང་བ་སངས་རྒྱས་ཀྱི་རིན་པོ་ཆེའི་ངོ་བོ་དང་རང་བཞིན་མཚོན་ཅིང་། འཁོར་ལོའི་ལྟེ་བའི་གཡུང་དྲུང་གི་མཚོན་དོན་ལ་དཔལ་གཤེན་བསྟན་༧དགའ་མལ་དགོན་ཆེན་དང་རྩིབས་བར་གྱི་གཡུང་དྲུང་ལྔས་ནང་གི་དགོན་ཁག་ལྔ། རྩིབས་ཕྱིའི་གཡུང་དྲུང་བཅུ་གསུམ་གྱིས་ཕྱིའི་དགོན་ལག་བཅུ་གསུམ་བཅས་མཚོན་ལ། དེ་ནས་སྤྱི་ཁྱབ་ཀྱི་རྣམ་པ་ནོར་བུ་དང་འཁོར་ལོའི་རྩིབས་གསེས་ཀྱི་ཉིན་སྐར། མཚོ་དཀྱིལ་གྱི་ཨུད་འབར། འཁོར་ལོའི་ཕྱི་རིམ་གྱི་གཞའ་ཚོན་བཅས་ཀྱི་མཚོན་དོན་རིམ་བཞིན་སྐུ་གསུམ་འབྱུང་གནས་དཔོན་གསས་བླ་མ་དཀོན་མཆོག་དང་སངས་རྒྱས་དཀོན་མཆོག བོན་དཀོན་མཆོག སེམས་དཔའ་དཀོན་མཆོག་བཅས་སྐྱབས་གནས་དཀོན་མཆོག་རྣམ་བཞི་དང་། དེ་ནས་ཆུ་བོ་དང་ས་གཞི་ཉི་མ་ནམ་མཁའ་བཅས་ཀྱི་མཚོན་དོན་ལ་རྒྱུན་ཆད་མེད་པའི་ཐུགས་རྗེ་དང་ཟད་པ་མེད་པའི་ཐུགས་རྗེ། ཀུན་ལ་སྙོམས་པའི་ཐུགས་རྗེ། དཔག་ཏུ་མེད་པའི་ཐུགས་རྗེ་བཅས་ཐུགས་རྗེ་ཆེན་པོ་རྣམ་བཞི། ཉི་ཟླ་གཉིས་ཀྱིས་མདོ་སྔགས་ཟུང་འབྲེལ་གྱི་སྒོ་ནས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་དང་ཐོས་བསམ་སྒོམ་གསུམ། འཆད་རྩོད་རྩོམ་གསུམ། བསྙེན་སྒྲུབ་ལས་གསུམ་སྒོམ་སྒྲུབ་ཉམས་ལེན་སོགས་དགོན་ཆེན་འདིར་ལྡན་པ་བཅས་སོགས་མཚོན།

ཞེས་དགའ་མལ་དགོན་ཆེན་གྱི་དྲུང་ཡིག་ཚན་ཁག་གིས་སྤེལ།