བྱང་བྱ་དུར་ལ་གནས་མཇལ་དུ་སོང་བའི་གཏམ་རྒྱུད་དྲི་མེད་ལེགས་རྒྱན།

མ་རྒྱུད་མཁའ་འགྲོའི་འདུ་གནས་བྱང་བྱ་དུར་ལ་གནས་མཇལ་དུ་སོང་བའི་གཏམ་རྒྱུད་དྲི་མེད་ལེགས་རྒྱན།
IMG_2828.JPGIMG_8789.JPG

དང་པོ།  ཡུལ་གྲུ་སྤྱིར་བཤད་པ།
དེ་ཡང་ཤར་ཁོག་གི་མང་ཚོགས་བྱིངས་ལ་མཚོན་ན། ཕལ་སྐད་དུ་བྱ་དུར་ཞེས་གསོལ་བའི་གནས་རི་གང་འདིར། ཀུན་གྱིས་དད་པའི་མོས་གུས་བསྐྱེད་ཅིང་། དེ་ལ་མོས་གུས་གསོལ་འདེབས་དང་བཅས་ཏེ་བསྐོར་ན་རིག་འཛིན་བླ་མའི་བྱིན་རླབས་འཇུག་པ་དང་། དེ་ལ་ཚོགས་བསགས་སྒྲིབ་སྦྱང་ལེགས་པར་བྱས་ན་མཆོག་གི་དངོས་གྲུབ་འཐོབ་པ། བླ་ན་མེད་པའི་འདུ་གནས་དེ་ལ་ལན་བརྒྱར་བསྐོར་ཡང་ཆོག་ཤེས་མེད་པ། ལོ་བརྒྱ་བསྡད་ཀྱང་སྐྱོ་ངལ་མེད་པ། ཡིད་ཆེས་ངེས་ཤེས་རྒྱུན་ཏུ་བྱ་བ། ཀུན་ཏུ་དགའ་བས་རྟག་ཏུ་བསྟེན་ཏེ། མི་ལུས་དོན་དང་ལྡན་པའི་དངོས་གྲུབ་འབྱུང་བའི་གནས་ཁྱད་པར་ཅན་ཞིག་ཡིན་པར་འདོད་པས། ཕ་ཡུལ་དེ་གར་སྐྱེས་པའི་ཁོ་བོ་ལ་མཚོན་ན། ཆུང་དུས་ནས་ཕ་མེས་ཡང་མེས་རྣམས་ཀྱི་རྗེས་སུ་བསྙེགས་ཏེ། གནས་རི་དེ་ལ་མཇལ་སྐོར་རེ་གཉིས་ཙམ་བྱོན་མྱོང་ཡོད་ནའང་། ཕྱིས་སུ་གཞུང་དོན་ཕྱོགས་འགྲོའི་དབང་གིས་གཞན་ཡུལ་འཁྱམས་ཉུལ་དུ་འབྱོན་པ་སྟེ་གལ་པོ་ཆེ་ལ་ནན་ཏན་གཅེས་སུ་བཟུང་སྟེ། གནས་མཆོག་དེ་ལ་བསྐོར་མཇལ་ཐེངས་གཅིག་འགྲོ་ཐབས་དཀོན།  
IMG_8774.JPG

དེ་ཡང་ཁྱད་པར་ཅན་གྱི་གནས་རི་ལ་ངོ་མཚན་ཅན་གྱི་ཡུལ་འཛིན་པའི་མིང་ཞིག་འདོགས་རྒྱུ་ནི་འཇིག་རྟེན་གྱི་ཆོས་ཉིད་ལགས་པས། གནས་མཆོག་དེའང་སྣང་ཚུལ་དེ་ལས་མ་འདས་པའི་དབང་དུ་བྱས་ཏེ། གནས་རི་ལ་དུས་རྟག་ཏུ་བྱ་རྒོད་སོགས་རྒྱུན་དུ་ལྡིང་བསྐོར་བྱེད་པ་དང་། མ་རྒྱུད་དུར་ཁྲོད་ཀྱི་དུར་བྱའམ་བྱ་ཡི་དུར་ཁྲོད་ཡོད་པའི་གཏན་ཚིགས་ཀྱིས་བྱ་དུར་མ་རྒྱུད་མཁའ་འགྲོའི་འདུ་གནས་ཞེས་མིང་བཏགས་ཏེ་མཚན་སྙན་ཕྱོགས་ཀུན་གྲགས། དེ་ལ་གངས་ཅན་མདོ་ཁམས་སྨད་ཀྱི་ཆར་གཏོགས་བོད་དང་ཙི་ནའི་རུ་མཚམས། མ་རྒྱུད་མཁའ་འགྲོ་གནས་ཆེན་ཤར་གཉན་དུང་རིའི་རྩེ་འདུས་ཀྱི་བྱང་ཕྱོགས། ཤར་ཁྲི་སྐྱང་ཁོག་ཅེས་བྱ་བའི་གནས་སུ་བརྗིད་ཆགས་སུ་གྲུབ་ནས་ཡོད།    དེ་ཡང་ཡུལ་ཁོག་དེར་ཅུང་ཙམ་བཤད་ན། ཡུལ་མི་རྣམས་ཀྱིས་རང་ཉིད་ལ་ཤར་བ་ཞེས་འབོད་དེ། ཡུལ་གྱི་ལུང་ཁོག་ཀྱང་ཤར་ཁོག་ཅེས་གངས་ཅན་བོད་ཀྱི་ཡུལ་ཁམས་ཀྱི་ཤར་ཕྱོགས་ན་འཚོ་ཞིང་གཞེས་པས་མིང་དེ་ལྟར་གྲགས་པར་ཡིན་ཤས་ཆེ་ནའང་། གཞུག་རྗེས་སུ་བྱུང་བའི་གཏམ་རྒྱུད་ལས། མི་ལོ་ཆིག་སྟོང་སུམ་བརྒྱ་ཡས་མས་ཀྱི་གོང་དུ་ཞང་ཞུང་དང་བོད་གཉིས་བར་འཁྲུགས་འཛིངས་བྱུང་སྐབས། མངའ་རིས་ས་ཁུལ་གྱི་ཤར་པའི་མི་བརྒྱུད་ཁག་གཅིག་གནས་ཡུལ་འདིར་གནས་སྤར་དུ་སླེབས་ཏེ་གཞིས་ཆགས་པས། ཡུལ་མིའི་མིང་ལ་ཤར་བ་དང་། ཡུལ་ཁོག་ལ་ཤར་ཁོག་ཞེས་གྲགས་པ་རེད་ཅེས་བཤད་སྒྲོས་ཤིག་འདུག  གཞན་ཡང་བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་ལས། ཟུང་ཆུ་བོད་མི་འདི་རྣམས་ལ། གནའ་ནས་ད་བར་ཤར་བ་ཞེས་འབོད། དེའི་རྒྱུ་མཚན་སྟོད་མངའ་རིས་ས་ཆར། ཤར་བ་ཟེར་བའི་བོད་ཀྱི་ཡུལ་ཚོ་ཆེན་པོ་ཞིག་ཡོད། སྲོང་བཙན་དང་ཐང་རྒྱལ་འཁྲུག་པའི་སྐབས། ཡུལ་དེ་ནས་དམག་རུ་ཆེན་པོ་གཅིག་དྲངས་ཏེ་འོངས་པ་རྣམས་ས་མཚམས་སྲུང་ཆེད། ཟུང་ཆུའི་ཆུ་རྒྱུད་དུ་བཞག་པ་ཡིན་ལ། དེ་དག་ས་འདིར་འོངས་ནས་ལོ་སྟོང་གཅིག་དང་སུམ་བརྒྱ་ཡར་མར་འགོར་བ་ཡིན་ཡང་། ད་དུང་ཡུལ་སྐད་ལ་བོད་སྐད་བརྡ་རྙིང་མང་། ཞེས་མཁས་བའི་གསུངས་པར་ཅི་བས་ཀྱང་ཁས་བླངས་རུང་བ་མཐའ་དག་མཆིས། བཤད་ཚུལ་དེ་དག་ལ་ཅུང་ཟད་བསམ་གཞིགས་རེ་གཏོང་ཚེ། ཁོ་བོས་གཏམ་གཞན་ཞིག་ཡང་སེམས་ལ་ཤར་ཞིང་། སྤྱིར་བོད་ཀྱི་ལོ་རྒྱུས་སྨྲ་བ་ཕལ་ཆེར་གྱིས་ཨ་མདོ་ཕྱོགས་ཀྱི་བོད་མི་དང་། སྒོས་སུ་ཤར་ཕྱོགས་རྒྱ་དང་ཉེ་བའི་མཚམས་ཀྱི་བོད་མི་དག་ནི། དུས་རབས་བདུན་ཡས་མས་ཀྱི་སྐབས་སུ་དབུས་གཙང་ཕྱོགས་ནས་ཕྱིན་པའི་དམག་མི་རྣམས་ཀྱི་མི་རྒྱུད་ཡིན་པ་འདོད་དེ། ཡིག་ཚང་འགའ་ཞིག་ལས་དེ་དག་གི་འབྱོན་ཚུལ་དང་མིང་ཐོགས་ལུགས་བཅས་ཞིབ་པར་བཀོད་པའི་ཚད་དུ་སྣང་ཞིང་། ལ་ལ་ཅུང་བདེན་སྙམ་མཆིས་པའང་ཡོད་མོད་ཀྱི། ཡིན་ནའང་བོད་གངས་ཅན་ཤར་ཕྱོགས་ན་བཞུགས་པའི་བོད་མི་མཐའ་དག་ནི་མངའ་རིས་ཤར་པའི་ཡུལ་ནས་འོངས་པའི་དམག་མི་མ་གཏོགས་རྒྱུན་སྡོད་ཀྱི་ཤར་བའི་བོད་མི་མེད་པར་འདོད་པ་ནི་ཤིན་ཏུ་མི་འཐད་དེ། བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་ལས། ཡུལ་དེ་དག་ཏུ་གཞིས་སྡོད་ཀྱི་བོད་མི་བརྟན་ནས་མེད་པར་འདོད་ན་ཧ་ཅང་ཐལ་ཆེ་བར་འགྲོ་སྟེ། འོ་ན་དེའི་སྔོན་གྱི་ཡུལ་མི་སུ་ཞིག་ཡིན་དགོས། གོང་དུ་སོང་བའི་བོད་རུས་ཆེན་བཞིའམ་དྲུག་གི་ནང་ཚན་སྒ་འབྲི་སྦྲ་ལྡོང་བཅས་ཀྱི་རིགས་རྒྱུད་གནའ་དུས་ནས་ཡུལ་དེ་རང་དུ་སྡོད་པ་གང་ལ་འཇོག    ཅེས་གསུངས་པ་ནི་ཤིན་ཏུ་དོན་ལ་གནས་པའི་གཏམ་ཁོ་ན་ཞིག་གོ།
IMG_8776.JPG
དེ་ཡང་སྲོལ་རྒྱུན་དུ་ཤར་ཁོག་ལ་སྟོད་སྨད་གཉིས་སུ་ཕྱེས་ཏེ། ཟུང་ཆུ་མཁར་གྱི་བྱང་ཕྱོགས་ཀྱི་གྲོང་སྡེ་རྣམས་ལ་ཁྲི་སྐྱང་སྟོད་པ་ཞེས་པ་དང་། ཟུང་ཆུ་མཁར་གྱི་ལྷོ་ཕྱོགས་ཀྱི་གྲོང་སྡེ་རྣམས་ལ་ཁྲི་སྐྱང་སྨད་པ་ཞེས་འབོད། ཡ་མཚན་བ་ཞིག་ནི་ཁྲི་སྐྱང་སྟོད་པར་ཡང་ནང་གསེས་སྟོད་སྨད་གཉིས་སུ་དགར་འདུག་ལ། དགའ་མལ་དགོན་པའི་ལྷ་སྡེ་དང་སྐྱང་ཚང་དགོན་པའི་ལྷ་སྡེ་རྣམས་ནི་ཁྲི་སྐྱང་སྟོད་པ་ཞེས་གྲགས་པ་དང་། ལྕགས་མདུད་དགོན་དང་། སྣང་ཞིག་དགོན། རིན་སྤུངས་དགོན་སོགས་ཀྱི་ལྷ་སྡེ་རྣམས་ལ་ཁྲི་སྐྱང་སྨད་པ་ཞེས་འབོད་པ་ཡིན། འདིར་ཁྲི་སྐྱང་ཞེས་པ་ནི་ཨ་མདོ་ཁྲི་སྐོར་བཅུ་གཉིས་ཀྱི་ནང་ན་ཁྲི་སྡེ་གཅིག་ཡིན་པ་དང་། གྱེར་མི་སྐྱང་འཕགས་ཆེན་པོའི་སྒྲུབ་གནས་ཁྱད་པར་ཅན་དགོན་བཞིའི་གསང་ཕུག་བཀའ་རྟགས་བཅས་ཏེ་ཡོད་པའི་རྒྱུ་མཚན་གྱིས་ཡིན་ནོ།།
IMG_8775.JPG
གཉིས་པ། དགའ་མལ་དགོན་པའི་སྐོར།

 དེ་ཡང་བྱང་བྱ་དུར་གནས་མཇལ་དུ་འབྱོན་ན་ངེས་པར་དུ་ནམ་ཕྱེད་ཡོལ་ཙམ་ནས་འགྲོ་དགོས་ཏེ། རྒྱུ་མཚན་གང་ཡིན་པར་ཁོ་བོས་ཁ་ཚོན་གཅོད་པར་མི་ནུས་ཀྱང་། ཚོད་དཔག་བྱས་ན་མི་རེ་རེར་ལན་རེ་ཡོད་ངེས་ལགས་པས་དེ་ལྟར་ལགས། གནས་མཇལ་འབྱོན་ན་ཐོག་མར་དགའ་མལ་བརྒྱུད་དེ་འགྲོ་དགོས་ལ། དེ་བཞེད་པའི་དོན་ནི་གཞན་ནས་བསྐོར་ལམ་མེད་པའི་རྒྱུ་མཚན་གྱིས་བཤད་པ་ཡིན། དགའ་མལ་ན་གྲྭ་ཚང་གཉིས་ཡོད་དེ། ཚབ་ཚའི་དགོན་མཐར་དཔལ་བཤེན་བསྟན་སྨིན་གྲོལ་བཀྲ་ཤིས་གླིང་དང་། དཔལ་གཤེན་བསྟན་དགའ་མལ་ཀུན་ཁྱབ་བདེ་ཆེན་གླིང་དེའོ།། གྲྭ་ཚང་འདི་གཉིས་མིང་གི་ཐོག་ནས་མཉམ་བསྲེས་སུ་འཇུག་པའི་སྣང་བ་འདྲ་ཆགས་ཡོད་ནའང་། མང་ཚོགས་ཀྱིས་སྟབས་བདེའི་ངང་ནས་སྔ་མ་ནི་སྟོད་པའི་གྲྭ་ཚང་དང་། ཕྱི་མ་ནི་དགའ་མལ་དགོན་ཁག་ཅེས་འབོད་པ་ཞིག་སྟེ་ཤིན་ཏུ་འཚམས་སྙམ།   དེ་ཡང་དགའ་མལ་སྟོད་པའི་གྲྭ་ཚང་ནི་ལོ་རྒྱུས་ཅུང་རིང་བ་ཡོད་པའི་གྲྭ་ཚང་ཞིག་ཡིན་པས། འདིར་ཐོག་མར་ཅུང་ཙམ་བཤད་པར་བྱའོ།།
IMG_6060.JPG
དགོན་པ་འདིའི་ཐོག་མའི་མིང་ལ་ཚབ་ཚ་དགོན་མཐའ་ཞེས་གྲགས་ཤིང་། ཁྱུང་ནག་གི་གདུང་ལས་གྲོལ་བའི་ཁྱུང་ཚ་རིན་ཆེན་རྒྱལ་མཚན་ཞེས་བྱ་བས་རབ་བྱུང་དྲུག་པའི་ས་རྟ་ལོར་སྤྱི་ལོ་1378ལོར་གསར་དུ་བཏབ་པའི་དགོན་པ་ཞིག་ཡིན། ཚབ་ཚ་དགོན་མཐའི་དཀར་ཆག་ལས། ཚེ་དབང་རོལ་གར་རིན་ཆེན་རྒྱལ་མཚན་གྱིས།། ཟིང་ཆུ་གནས་མདུན་བསྟན་པའི་རྒྱལ་མཚན་བཙུགས།། སྐལ་ལྡན་མང་འབྲེལ་ཐར་ལམ་བསྒྱུར་མཛད་རྗེ།། ཞེས་གསུངས། དམ་པ་འདི་ཉིད་ཐོག་མར་སྤྱོད་པ་ཆགས་མེད་ཀྱིས་མི་ལོ་བཅུ་ཕྲག་ཏུ་གངས་རི་མཚོ་གསུམ་སོགས་རི་ཁྲོད་ཁོ་ནར་བཞུགས་ནས་ཉམས་སུ་བླངས་ཏེ་གྲུབ་པ་བརྙེས། མངའ་རིས་བསོད་ནམས་རྒྱལ་མཚན་སོགས་དབུས་གཙང་གི་མཁས་ཆེན་དམ་པའི་ཞལ་སྔར་འགྲིམས་ནས་དབང་ལུང་གི་ཐུགས་བཅུད་བླངས། རྩ་བའི་བླ་མ་ཁྱུང་པོ་བློ་གྲོས་རྒྱལ་མཚན་སོགས་བླ་མ་མང་པོས་མདོ་ཁམས་ཡུལ་དུ་བསྟན་པ་སྤེལ་བའི་ལུང་བསྟན་པ་དང་། རིམ་གཞིན་ཁ་བ་དམུ་རྡོ་ལྷ་གཉན་སོགས་གནས་ཆེན་མང་པོར་ཚོགས་བསགས། དེ་ནས་རྒྱ་ནག་ཏུ་གནས་བསྐོར་ཕེབས་ཏེ་རྒྱ་ནག་གོང་མའི་ཐིག་བཀའ་ཤོག་ཆེ་རྟགས་སོགས་བླངས་ནས་ཤར་དུང་རི་སོགས་ཀྱི་གནས་རི་ལ་ལོ་མང་ཙམ་བཞུགས། མཐར་ཡོན་ཏན་བརྒྱ་ཕྲག་དུ་མས་ཐུགས་རྒྱུད་ཕྱུག་པའི་ལུང་ཟིན་རིག་པ་འཛིན་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ཞིག་ཡིན་པར་གྲགས། ཁོང་རྒྱུན་དུ་བྱ་དུར་མཐའ་སྔོན་གྱི་སྒྲུབ་ཕུབ་ཏུ་དབེན་ས་བརྟེན་ནས་སྒོམ་སྒྲུབ་མཛད་པས། མཐའ་སྔོན་རྣལ་འབྱོར་བ་ཞེས་པའི་མཚན་སྙན་གྲགས། དེ་ནས་ཁྲི་སྐྱང་སྟོད་པའི་ལྷ་སྡེ་རྣམས་ཀྱིས་ཞབས་ཕྱིར་ཕུལ་ཏེ། བྱ་དུར་གནས་རིའི་མདུན་གྱི་ཉེ་ཆར། གནས་བདག་སྟག་པོའི་ལྷ་གཉན་གཡུང་དྲུང་དགྲ་འདུལ་ཞེས་པའི་མདུན། གནས་ཆེན་བྱ་དུར་སྟེགས་ཅོག་ཅེས་འབོད་པའི་ས་གནས་ལ་གདན་ས་མཛད་དེ་བཞུགས། གདན་སའི་མིང་ལ་ཚབ་ཚའི་དགོན་མཐར་དཔལ་གཤེན་བསྟན་སྨིན་གྲོལ་བཀྲ་ཤིས་གླིང་ཞེས་བཏགས་སོ།། དེ་ནས་རིམ་བཞིན་དུ་ཁྱུང་ཚ་ཚུལ་ཁྲིམས་རྒྱལ་མཚན་སོགས་ཚབ་ཚའི་བླ་རབས་ལྔས་དགོན་པ་བསྐྱངས་ཤིང་། ཡུལ་དེ་དག་ཏུ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་དར་ཞིང་རྒྱས་སོ།།
IMG_3569.JPG

 གཞུག་ཏུ་ཡ་གོང་རྒྱལ་བའི་རྣམ་སྤྲུལ་ཁྱུང་ཚ་གཡུང་དྲུང་བསྟན་པའི་རྒྱལ་མཚན་རིན་པོ་ཆེན་འཁྲུངས་ཤིང་། ཁོང་ཉིད་ལོ་ན་ཕྲ་བ་ནས་ཁུ་དབོན་སོགས་ཀྱི་སྐུ་མདུན་ནས་མན་ངག་བླངས། དབུས་གཙང་ཕེབས་ཏེ། གྲྭ་ས་སྨན་རི་ནས་མཁས་དབང་གཡུང་དྲུང་ཚུལ་ཁྲིམས་ཀྱི་སྐུ་མདུན་ནས་ཕྱི་ནང་གསང་གསུམ་་དབང་ལུང་མང་དུ་གསན།  མདོ་སྨད་དུ་བསྟན་པར་སྤེལ་ཕྱིར། ཉི་མ་ལྷུན་གྲུབ་དམ་པ་དང་། མཁས་དབང་ཀུན་གྲོལ་གྲགས་པ་1700ལོར་འཁྲུངས་སོགས་མཁས་གྲུབ་དུ་མའི་ཞལ་སྔར་འགྲིམས་ནས་དབང་ལུང་མནོས། གཏེར་སྟོན་སངས་རྒྱས་གླིང་པ་1705ལོར་འཁྲུངས་སོགས་བླ་མ་མང་པོའི་ཞབས་ལ་བསྟེན་ཏེ་ཐུགས་བཅུད་བླངས། དེ་ནས་བྱ་དུར་མཐའ་སྔོན་དང་བྲག་གཡུང་དྲུང་ཁར་སོགས་རི་ཁྲོད་བརྟེན་ནས་སྒོམ་པའི་འབྲས་བུ་བརྙེས། གནས་རི་བྱ་དུར་གྱི་མདུན་དུ་བྱ་དུར་དགའ་མལ་དགོན་པ་བཏབས། 1863ལོར་ཁོང་ཉིད་སྐུ་ཚེའི་སྨད་དུ་དགོན་པ་འདིར་རྒྱ་བསྐྱེད་གཏོང་བའི་ཆེད་དུ།  ཐང་ཡངས་ཤིང་ས་བབ་ལེགས་པོ་སྟེ། ཇི་སྐད་དུ།  ཁང་ས་ཞིང་ས་ས་ཡི་དགེ  ཁང་རྡོ་ཐབ་རྡོ་རྡོ་ཡི་དགེ  འཐུང་ཆུ་ཡུར་ཆུ་ཆུ་ཡི་དགེ  ཁང་ཤིང་བུད་ཤིང་ཤིང་གི་དགེ གམ་འབྲོག་རྒྱང་འབྲོག་རྩྭ་ཡི་དགེ་ཞེས་བཤད་པའི་ཡུལ་གྱི་དགེ་བཅུ་ཚང་བར་ཆགས་པའི་དགའ་མལ་གཟུ་འདུ་ཐང་དུ་གནས་སྤོ་བར་མཛད་དེ། བྱ་དུར་དགའ་མལ་གོང་གི་དགོན་པའི་སྒྲིག་ལམ་གྱི་རྒྱུད་ལེགས་པར་བཟུང་། མཁར་ཡག་བླ་རབས་དང་མཐེ་བོ་བླ་རབས་སོགས་རིམ་གྱིས་བཤད་ཁྲིད་ཀྱི་རྒྱུན་དང་སྒོམ་སྒྲུབ་ཀྱི་སྲོལ་མུ་མཐུད་དུ་བཏོད།  དཔལ་གཤེན་བསྟན་དགའ་མལ་གཡུང་དྲུང་དར་རྒྱས་གླིང་གི་མཚན་སྙན་ད་ལྟའི་བར་དུ་ཡོངས་སུ་གྲགས་སོ།།
IMG_8785.JPG

དགའ་མལ་དགོན་ཆེན་ནི་ཁྲི་སྐྱང་དགོན་ཁག་ལྔའི་གྲྭ་བ་རྣམས་ལྷན་དུ་ཚོགས་སའི་གཙུག་ལག་ཁང་ཆེན་པོ་ཞིག་ཡིན་ཞིང་། དེ་ཡང་དགོན་པའི་དཀར་ཆག་ལས། སྔོན་གྱི་དུས་སུ་བླ་མ་ཐོགས་མེད་སྤྲུལ་སྐུ་ཞེས་པའི་སྣང་ཞིག་བྱ་འཕུར་གདུང་ལས་འཁྲུངས་བའི་བླ་མ་མཚན་སྙན་གྲགས་པ་གཅིག་བྱུང་བས། ཁོང་གིས་ཁྲི་སྐྱང་ཁོག་ན་ཚོགས་ཆེན་ཀ་བ་བརྒྱ་ཡོད་པའི་གཙུག་ལག་ཁང་ཞིག་བཞེངས་རྒྱུ་བྱས་པར་གྲགས་ནའང་། རྐྱེན་དུ་མས་ཐུགས་བཞེད་མ་གྲུབ། ཅེས་གསུངས། དེ་ནས་ཕྱིས་ཀྱི་དུས་ཙ་ན། ཤར་ཁོག་གི་གྲོང་སྡེ་རེ་གཉིས་དབར་འབྲེལ་ཡོད་མི་སྣའི་དོན་རྐྱེན་དབང་གིས་མ་འཆམས་ཏེ། ལྷ་སྡེའི་དབར་འཁྲུགས་པ་ཅུང་ཆེ་བར་བྱུང་པས།    རབ་བྱུང་བཅུ་དྲུག་མེ་ཕག་ལོར། ཤར་ཁྲི་སྐྱང་སྟོད་པའི་དགོན་ཁག་ལྔའི་བླ་མ་དང་། གྲོང་སྡེ་སོ་སོའི་སྤྱི་དཔོན་དང་མྱི་ཆེན་རྣམས་ལྷན་དུ་འཚོགས་ཏེ། དགོན་ཁག་ལྔ་པོར་མཉམ་དུ་ཚོགས་རྒྱུའི་གྲོས་མོལ་ལེགས་པར་བྱས།  དེའི་ལོར་ས་ག་ཟླ་བའི་ཡར་ཚེས་ལ། སྐྱབས་རྗེ་དམ་པ་རིན་སྤུངས་མཆོག་སྤྲུལ་ཤེས་རབ་རྣམ་རྒྱལ་གྱིས་དགོན་ཁག་འཚོགས་ཆེན་ཁྲི་བའི་ལས་ཐོག་གནང་སྟེ། རིན་སྤུངས་དཔལ་གཤེན་བསྟན་བཀྲ་ཤིས་སྨིན་གྲོལ་གླིང་དུ་ཉིན་གསུམ་བར་དུ་བསྟན་པའི་རྒྱལ་མཚན་བསྒྲེངས། ཕྱིས་སུ་སྐྱང་ཚང་དབོན་པོ་བསྟན་པའི་རྒྱལ་མཚན་རིན་པོ་ཆེན་དང་། སྣང་ཞིག་ལྕགས་མདུད་བསྐལ་བཟང་རྒྱ་མཚོ། སྣང་ཞིག་ཤེས་རབ་བསྟན་འཛིན།       ཨ་ཏོ་བླ་མ་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་སོགས་རིམ་བཞིན་བླ་ཁག་ནང་ཆེན་སོ་སོས་རང་སྡེའི་གྲྭ་ཚང་དུ་ཁྲི་བ་མཛད། སྤྱི་ལོ1948ལོར་དགོན་ཁག་ལྔའི་བླ་མ་དང་ལྷ་སྡེའི་འཐུས་མི་མང་པོར་གྲོས་མོལ་གནང་ནས་ཐུགས་ཐག་བྱུང་སྟེ་ཡུལ་དགའ་མལ་དུ་གཙུག་ལག་ཁང་ཆེན་པོར་བཞེང་རྒྱུར་ཐག་ཆོད་ལྷིང་པོར་བྱས། དུས་དེ་ཙ་ན་དགའ་མལ་དགོན་ཆེན་ཞེས་པ་སྟེ་དེ་ག་རང་ཆགས་ཤིང་། ཁྲི་སྐྱང་ཁོག་གི་བོད་མི་ཐམས་ཅད་ཀྱིས་དེ་ལ་རྟེན་འབྲེལ་ཙམ་དུ་གོ་དགོས་བྱུང་སྣང་ངོ་།།
IMG_8777.JPG

ལར་ན་ཁྲི་སྐྱང་སྟོད་པའི་དགོན་ཁག་ལྔ་བོ་ནི་གཡུང་དྲུང་བོན་ལུགས་ཀྱི་གྲུབ་མཐའ་ཁོ་ན་ཡིན་ནའང་། སྐབས་དེར་དགོས་མེད་ཀྱི་བོན་གསར་རྙིང་ཀླན་ཀ་བཤད་མཁན་འགའ་ཞིག་ཀྱང་ཡོད་པ་མ་ཟད། ས་ཕྱོགས་ཀྱི་གྲོང་སྡེའི་གྲུབ་ཚུལ་ཡང་གྲོང་ཚོ་ཆུང་ཆུང་བཞིའམ་བདུན་སོགས་ཀྱིས་གྲུབ་པ་ཡིན་ཞིང་།  གྲོང་སྡེ་སོ་སོ་ཡང་རང་རང་གི་འགོ་དཔོན་རེ་དང་། དགོན་པ་རེ། གནས་རི་རེ་མཆིས་པས། གྲོང་སྡེའི་སློབ་སྟོན་དང་ཆོས་ལུགས་ཀྱི་བྱ་སྒོ་ཁག་ནི་ཐ་དད་ཀྱི་རང་བཞིན་ལྡན། ལྷག་པར་དུ་སྤྱི་ལོ་1950སྔོན་གྱི་ཤར་ཁོག་ནི་བོད་ཀྱི་ཡུལ་ཁུལ་གཞན་གྱི་གནས་ཚུལ་དང་འདྲ་སྟེ། གྲོང་སྡེའི་འགོ་དཔོན་དང་ཡུལ་ཕྱོགས་མི་ཆེན་རྣམས་ཀྱིས་མནའ་སྐྱེལ་དམ་བཅའ་ལ་བརྟེན་ནས་མཐུན་པའི་གྲོགས་པོ་དང་། མི་མཐུན་པའི་དགྲ་བོར་གཅེས་སུ་བཟུང་བས། ཇག་རྐུན་གྱི་འཇིགས་པ་ཤིན་ཏུ་ཆེ་བར་འགྱུར་ཞིང་། ཡུལ་ཁོག་ཚང་མར་ཁྲིམས་སྒོ་རང་བཙན་ལྟ་བུའི་ལུང་ཕྲན་ཞིག་ལུས་ཡོད་པ་སྟེ། སྐབས་དེར་ཤར་ཁོག་བོད་མིས་་བོད་ས་གནས་སྲིད་གཞུང་དང་། སི་ཁྲོན་གྱི་འབྲེལ་ཡོད་སྲིད་གཞུང་ལ་དཔྱ་ཁྲལ་ཅི་ཡང་འཇལ་དགོས་མེད་པའི་དོན་དངོས་ལས་ར་སྤྲོད་ཐུབ། ཡིན་ནའང་ཤར་ཁོག་གི་བོད་མི་རྣམས་ནི་སེམས་རྒྱུད་འཇམ་ཞིང་གཞུང་སེམས་ཆེ་ལ། ནང་ཁུལ་དུ་འཁྲུག་པ་དང་འཆམ་མཐུན་མ་ཡིན་པའི་གནས་ཚུལ་ལྷགས་ན། ཡུལ་ལྷ་ཁྲོས་ཞིང་མི་དགའ་བར་གྱུར་བས་ན་སྤྱི་ཚོགས་དེའི་དབང་ཐང་དང་ཕུན་ཚོགས་ཉམས་ཆག་བྱུང་བར་འདོད་པས། སྐབས་དེར། དགའ་མལ་ཡུལ་དུ་དགོན་ཁག་ལྔའི་གཙུག་ལག་ཁང་ཆེན་པོར་བཞེངས་ཟིན་པ་དེ་ནི། ཤར་ཁོག་དགོན་ཁག་དབར་མཐུན་དཔེའི་ཁྱད་ཆོས་དང་། རང་ཉིད་ཀྱི་གྲོང་སྡེ་དེར་སྤྱི་ཚོགས་དེ་དང་ཡོངས་སུ་འབྲེལ་འདྲེས་པའི་ཕྱོགས་ཁག་མཐུན་སྒྲིལ། བོད་མི་རིགས་ཀྱི་ལ་རྒྱ་ཉིད་ཡོངས་སུ་མཚོན་པའི་རྣམ་པ་ཞིག་ཀྱང་ཡིན་སྙམ།

IMG_8766.JPG
གསུམ་པ། ཆུ་མྱིག་དཀར་མོའི་སྐོར།

ང་ཚོ་དགའ་མལ་བརྒྱུད་དེ་འབྱོན་པ་ན། ཀླུ་མོ་དུང་སྐྱོང་དཀར་མོས་བདག་བྱེད་པ་ཡོད་པའི་ཆུ་མྱིག་དཀར་མོ་ཞེས་བྱ་བའི་ཆུ་མིག་གི་དྲུང་དུ་བདེ་མོའི་ངང་སླེབས་ཤིང་། དེ་ཡང་ཞོགས་པ་སྔ་མོ་ཡིན་སྟབས། ཆུ་མིག་གི་ཁོར་ཡུག་ཀུན་ལ་སྨྲིག་པ་ཐིབས་སེ་གཏིབས་འདུག  རྩི་ཤིང་ནགས་ཚལ་རྣམས་ཀྱང་ནག་ཏིང་ངེ་འཁྱིལ་ཞིང་། བྱ་རིགས་ཐམས་ཅད་འཚོགས་ཏེ་སྐད་སྙན་པར་སྒྲོགས་ཤིང་འཕུར་ལྡིང་འཇོལ་གསུམ་མི་འདྲ་བ་མང་པོ་བྱེད་བཞིན་འདུག   ལམ་ཟུར་ན། ཁང་ཕྲུག་ངན་ནེ་བ་ཞིག་འདུག་སྟེ་དྲུང་དུ་སླེབས་པ་ན། འོག་ན་ཆུ་རྟའི་འཁོར་ལོས་དྭངས་གཙང་ཆུ་ཐིགས་ཀྱི་ཟེགས་མ་མེ་ཏོག་དཀར་པོར་ཤར་ཤར་དུ་བཀྲམ་སྟེ་བཞད་པས། བདེ་མགྱོགས་སུ་མིག་གི་བདུད་རྩི་དང་། ཡིད་ཀྱི་ངལ་གསོ། ཐོས་པ་ཙམ་གྱིས་ཀྱང་ངོ་མཚར་སྐྱེད་ཐུབ་པའི་གཏེར་ཆུ་ཨ་མཚར་པོ་ཞིག་རེད་སྙམ་པའི་སྣང་བ་ཞིག་རབ་ཏུ་འཆར་གྱི། འཁོར་ལོའི་གཡོན་ཟུར་ན། རྡོ་ཀ་མ་རུས་བསྟན་དུ་བཞེངས་ཟིན་པའི་བོན་གཤེན་ཟིང་བ་མཐུ་ཆེན་གྱི་སྐུ་འདྲ་ཞིག་གཞིར་བཞེངས་སུ་འགྱིང་ངེར་སྣང་། འཁོར་ལོའི་གཡས་ཟུར་ན། ཆུ་མྱིག་དཀར་མོའི་གཏེར་བདག་ཏུ་གྲགས་པའི་ཀླུ་མོ་དུང་སྐྱོང་དཀར་མོའི་སྐུ་རང་བྱོན་ཆུ་མིག་དཀྱིལ་ན་མཛེས་པའི་ཉམས་ཀྱི་རྣམ་པ་ཤར་ཏེ་གནས། རྫ་གསེབ་ན། ཤེལ་ལྟར་གྲུབ་པའི་ཁྱད་པར་ཅན་གྱི་ཆུ་མིག་ཅིག་ཤག་ཤག་སྒྲ་དང་བཅས་ཏེ་ཐུར་དུ་ཟིང་ངེ་འབབ་བཞིན་འདུག   ཆུ་མིག་དེའི་སྐོར་ལ། དཀར་ཆག་ལུང་དོན་གསལ་སྒྲོན་ལས། གནས་ཆེན་རི་བོ་དེ་ཡི་མདུན་ཕྱོགས་ཀྱི།། ཤར་གྱི་ཆུ་མིག་དཀར་མོ་ཟུང་ཆུ་ལས།། མ་རྒྱུད་བསྙེན་འཛབ་གཟུངས་གསུམ་རང་སྒྲ་སྒྲོག། ཆུ་ཡི་འོད་དཀར་དྭངས་ཤིང་གཟི་མདངས་ཆེ།།  མཇལ་བ་ཐོབ་ཚེ་དད་པས་སྣང་ཡུལ་སྤྲོ།། ཁ་ལ་རེག་པས་བསིལ་མངར་ཡི་ག་འབྱེད།། ནད་རིགས་ཡོད་དོ་ཅོག་གི་གཉེན་པོར་གསུངས།། ཕྱག་སྐོར་བགྱིས་པས་མཛེ་ཤུ་ལས་སྒྲིབ་དག། ཅེས་གསུངས། གཞན་ཡང་། དཀར་ཆག་དྭངས་འདྲེན་ལས།   ཤར་ན་ཟིང་ངེ་འབབ་པའི་གཏེར་ཆུ་ལས།། གསོལ་འདེབས་སྙིང་པོ་གཟུངས་སྔགས་སྒྲོག་བཞིན་དུ།། ཁྲུས་ཆོག་བྱ་ཞིང་བཀྲུ་དང་འཐུང་བ་ན།། འཕྲལ་གྱི་ནད་བྱང་ཡུན་གྱི་སྡིག་སྒྲིབ་དག། ཅེས་གསུངས་པས། བྱིན་རླབས་ཅན་གྱི་ཁྲུས་ཀྱི་ཆབ་སྟེ་བཀྲུ་བ་དང་འཐུང་བ་སོགས་བྱས་ན་ནད་གདོན་སྡིག་སྒྲིབ་ཞི་བའི་རྟེན་འབྲེལ་མཆིས་པར་གདོན་མི་ཟ་བ་ཀུན་གྱིས་བཤད་དེ། གནའ་མིའི་གཏམ་རྒྱུད་ལས། ཆུ་མིག་ཁྱད་མཚར་ཅན་གང་ཉིད་ནི། ཡ་ཐོག་ཞང་ཞུང་དུས་སུ་རིག་འཛིན་གྲུབ་ཆེན་བརྒྱད་ཅུ་ནང་གི་བོན་གཤེན་ཟིང་བ་མཐུ་ཆེན་གྱིས་ཀླུ་མོ་དུང་སྐྱོང་དཀར་མོའི་གཏེར་བདག་ཏུ་བཀོད་པའི་གཏེར་ཆུ་ཟིང་ཆུ་དཀར་མོ་ཞེས་གྲགས། དེ་ཡང་ཆུ་མིག་འདི་ཉིད་ཆུ་མདོག་དྭངས་པ་ཤེལ་དཀར་ལྟར་གྲུབ་པའི་རྒྱུ་མཚན་གྱིས་བྱ་དུར་ཆུ་མྱིག་དཀར་མོ་ཞེས་སྙན་པ་བཅས་སོ།།
QQ图片20160106132807 拷贝.jpg

དེ་ཡང་བོན་གཤེན་ཟིང་བ་མཐུ་ཆེན་ཞེས་པའི་གྲུབ་ཐོབ་ཆེན་པོ་དེ་ཉིད་ཀྱི་ལོ་རྒྱུས་གསལ་བོར་ཞིག་མཐོང་རྒྱུ་བྲལ་ནའང་། གནས་ཆེན་དུང་རི་དཀར་པོའི་དཀར་ཆག་སོགས་ལས།  ཁོང་ཉིད་ནི་སྤྱི་ལོ་སྔོན་གྱི་དུས་སུ་རྒྱ་ནག་གོང་བུ་དམར་རུ་སྟེ་དེང་སང་དཀར་མཛེས་ས་ཁུལ་དར་རྩེ་མདོ་ཞེས་བྱ་བར་སྐུ་འཁྲུངས་པའི་གཤེན་པོ་ཞིག་ཡིན་པར་གྲགས། གནའ་རབས་གཏམ་རྒྱུད་ལས། ཁོང་ཉིད་ཐོག་མར་ཞང་ཞུང་གི་ཡུལ་དུ་ཕེབས་ཏེ་ཞང་ཞུང་མཁས་པ་སད་ནེ་གའུ་དང་ཞལ་མཇལ་ནས་བོན་སྒོ་སྣ་ཚོགས་ཀྱི་དབང་ལུང་སོགས་ཞུས་ཏེ། གསས་མཁར་སྡོང་པོ་དགུ་འདུ་དང་། གསས་མཁར་སུམ་བརྒྱ་དྲུག་ཅུ་སོགས་ནས་གསང་སྔགས་ཀྱི་བོན་སྡེ་མང་པོར་ཁྱེར་ནས་ཕྱིར་ཕ་ཡུལ་དུ་སླེབས། རྒྱ་ཡུལ་གོང་བུ་དམར་རུ་ན་རྒྱ་ལྕམ་དཀར་མོར་གྲོགས་སུ་བསྟེན་ཏེ་རྒྱ་སོ་དར་རྩེ་སོགས་སུ་སྒྲུབ་པར་མཛད། དེ་ནས་ཤར་ཁོག་ཕེབས་ནས་གནས་ཆེན་བྱ་དུར་དང་མཁའ་འགྲོ་འུག་གདོང་། བྱ་དུར་གནམ་དགོན། བྲག་དཀར་གཡུང་དྲུང་ཁ་སོགས་སུ་སྒྲུབ་པ་ཉམས་ལེན་མཛད་པས་གྲུབ་པའི་རྟགས་མཚན་ཆེན་པོར་ཐོབ་པར་གྲགས། གྲུབ་ཆེན་རྣམ་ཐར་ལས། རྒྱ་བོན་ཆེན་པོ་ཟིང་བ་མཐུ་ཆེན་ནི།། རྒྱ་སོ་དར་རྩེར་སྒྲུབ་པས་དངོས་གྲུབ་བརྙེས།། གྲུབ་རྟགས་སྐུ་ལུས་སྤྱང་སྤྲུལ་རྫུ་འཕྲུལ་སྟོན།། བསྟན་དགྲ་ཀྱི་གྲན་བླ་ཚེ་དངོས་སུ་འགུགས།། འབྱུང་ལྔར་དབང་བསྒྱུར་སྣང་བ་དབང་དུ་སྡུད།། རི་བྲག་སྙོམས་སར་ཆུ་མིག་འདྲེན་པ་དང་།། སེམས་ཅན་ཚེ་ཉམས་པ་རྣམས་ཚེ་སྲིང་སྟེ།། ནད་གདོན་འབྱུང་པོའི་གཟུགས་རྣམས་ལྷག་མེད་འཇོམས།། ཉི་ཟླའི་ཟེར་ལ་ན་བཟའ་འགེལ་བ་དང་།། མཁར་ལ་འཕུར་བའི་རྫུ་འཕྲུལ་ཐོགས་མེད་སྒྱུར།། ཞེས་བཀོད་ཡོད།  དེ་ཡང་ཆུ་མྱིག་དཀར་མོ་འདི་ནི་རིག་འཛིན་ཁོང་ཉིད་བྱིན་གྱིས་བརླབས་པའི་གཏེར་ཆུ་ཡིན་པར་གྲགས་པས། དེང་སང་ཤར་ཁོག་གི་ཡུལ་མིང་ལ་ཟིང་ཆུ་ཞེས་པ་དེའང་། གྲུབ་ཆེན་ཁོང་ཉིད་ཀྱིས་གཏེར་ཆུ་དྲངས་པའི་ཆུ་རྒྱུད་ཡིན་པས་ཕྱིར་ན། མིང་དེ་ལྟར་གསོལ་བར་ཡིན་ཞེས་གནའ་རབས་གཏམ་རྒྱུད་ལས་གསུངས་སོ།།

དེ་ཡང་ཟིང་ཆུ་ཞེས་བྱ་བའི་མིང་གི་ཐོགས་དོན་གཞན་ཞིག་སྟེ། རྒྱལ་དབང་ལྔ་བ་ཆེན་པོའི་རང་རྣམ་གླེགས་བམ་གཉིས་པའི་ལྡེབ་གྲངས232ལས། འ་ཤུར་དང་ཟུང་ཆུ་རྣམས་ཀྱི་འགྲུལ་པ་འབྱོར་བའི་རྟ་བརྒྱ་ལྷག་གི་རྙེད་པ་བསྟབས། ཞེས་དང་ ཡང་གླེགས་བམ་གསུམ་པའི་ལྡེབ་གྲངས་323ལས། ཨ་མདོ་ཟུང་ཆུ། སྐུ་འབུམ། པཱ་རས། བྲག་ཉེ་ཁམས་ཚན། འ་ཤུར་དང་བཅས་པར་ཇ་གྲལ་རྗེས་སྐྱ་སེར་ཉིས་སྟོང་ལྷག་ཙམ་བདེ་ཡངས་སུ་འཁོར་པར་ཀ་སྤུངས་སྟེང་ནས་མེ་ཏོག་གཏོར། ཞེས་ཟིང་ཆུ་ལ་ཨ་མདོ་ཟུང་ཆུ་ཞེས་མཚམས་སྦྱོར་བྱས་ཡོད། དུས་ཕྱིས་བར་དུའང་ཡུལ་ཕྱོགས་དེ་ལ་ཟུང་ཆུ་ཞེས་འབོད་དེ།  ཡིན་ནའང་ཟུང་ཆུ་ཞེས་བྱ་བའི་ཐ་སྙད་ཀྱི་ཚིག་སྦྱོར་ཐོག་མར་དཔགས་མཁན་ནི་རྗེ་དམུ་དགེ་བསམ་གཏན་ཚང་ཡིན། ཁོང་ཉིད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་ལས། ཀུན་དགའ་ལའི་ཚུར་ནང་ནས་འོང་བའི་ཆུ་དང་། ཀ་རིང་ལའི་ཕྱོགས་ནས་འོངས་པའི་ཆུ་གཉིས། བར་རུ་ཞེས་པའི་ས་ཆར་གཅིག་ཏུ་འདྲེས་དེང་སང་དེ་ལ་བར་རུང་ཟེར་བས། དེ་ནས་ཆུ་དེ་ལ་ཟུང་ཆུ་ཟེར། སྔར་ཆུ་དེ་གཉིས་འདྲེས་མདོ་ལ་ཟུང་ཆུ་ཟེར་ལ། ཕྱིས་སུ་ཆུ་རྒྱུད་དེའི་ལུང་ཁོག་ལ་ཟུང་ཆུ་ཞེས་པའི་མིང་ཐོགས། ཞེས་ཡར་རྒན་ཆུ་དང་ལྡོང་སྤེལ་ཆུ་གཉིས་འདྲེས་པའི་ཆུ་ཆེན་དེ་ལ་ཟུང་ཆུ་ཞེས་འབོད་དགོས་པར་གསུངས།   གཞན་ཡང་ཏུན་ཧོང་ཡིག་རྙིང་ལས། ཟིང་ཆུའང་ཟུང་ཆུ་ཞེས་པའི་སྒྲ་ལ་ཟོང་ཅུ་ཞེས་བཀོད་ཡོད་དེ། དབྱིན་རྒྱལ་ཁབ་ཀྱི་དཔེ་མཛོད་IndiaOfficeཞེས་པའི་ཏུན་ཧོང་ཡིག་རྙིང་ཨང་གྲངས750ལས། བཙན་པོ་དབྱརད་གསེར་ཞ་ན་བཞུགས་ཤིང་། ཟོང་ཅུ་དང་ཐེའུ་ཆུར་དྲང་སྟེ། ཡུམ་ཁྲི་མ་འོད་སྟོད་གྱི་མོང་ན་བཞུགས་ཤིང་། ཞེས་དང་། ཡང་འགྲེམས་སྟོན་ཁང་BritishMuseumཞེས་པའི་ཏུན་ཧོང་ཡིག་རྙིང་ཨང་གྲངས་Or.8212(187)ལས། ཞང་སྟོང་རྩན་གྱིས་ཟོང་ཅུ་དང་ཟངས་ཀར་གཉིས་ཕབ་པར་ལོ་གཅིག  ཞེས་སྔོན་སྤྱི་ལོ་དུས་རབས་བདུན་པའི་མགོ་ནས་བཟུང་སྟེ་དགུ་བའི་དཀྱིལ་བར་དུ་བྱུང་བའི་བོད་བཙན་པོའི་དུས་སུ། ཡུལ་ཕྱོགས་དེ་ལ་ཟོང་ཅུ་ཞེས་མིང་དུ་གྲགས་པར་མ་ཟད། ཡུལ་ཁོག་དེའི་ཕྱོགས་་ནི་བོད་ཀྱི་ལྷོ་ཤར་མཐའ་མཚམས་ཀྱི་ས་ཁུལ་གནད་ཁྱད་པར་ཅན་དང་། བཙན་པོའི་དུས་སྐབས་སུ་ཡུལ་ཁུལ་དེར་རྒྱུན་འཇགས་སུ་སྡོད་པའི་མཐའ་མཚམས་སྲུང་དམག་གི་ལས་ཁུངས་དང་། དམག་སྒར་སོགས་མཆིས་པའང་ཤེས་ཏེ། ཟོང་ཅུ་ཞེས་པའི་དོན་ཡང་དེ་སྔར་བཙན་པོའི་དུས་རབས་ནས་བཟུང་། བོད་རྒྱ་གཉིས་ཀྱི་མི་རིགས་དག་གིས་ཡུལ་ཁོག་འདིར་ཚོང་ལས་སྣ་ཚོགས་རྒྱག་སའི་གནས་དང་། ཚོང་ཟོང་བྲིན་སའི་གནས་གལ་ཆེའམ་གཙོ་བོར་ཆགས་པའི་རྐྱེན་གྱིས་ཟོང་ཅུ་ཞེས་མིང་དུ་ཆགས་པར་ཤིན་ཏུ་གསལ་ལོ།།

གོང་གི་ཟོང་ཅུ་དང་། ཟིང་ཆུ། ཟུང་ཆུ་བཅས་ཐ་སྙད་མི་འདྲ་བར་གསུམ་ཙམ་བྱུང་ཡོད་པ་དེ། དེང་སང་བོད་ཀྱི་ཡི་གེར་བེད་སྤྱོད་པའི་མང་ཚོགས་ཀྱིས་རང་རང་གི་འཐད་ཕྱོགས་ལ་བསྟུན་ཏེ། མིང་གང་རུང་རུང་དུ་འབྲི་བཞིན་ཡོད་པར་ཁོ་བོས་མཐོང་བས། ངས་འདི་ན་ཅུང་ཙམ་རྗོད་དགོས་པར་འདོད་དེ། དེའང་གནའ་བོའི་མིང་དང་མི་མཐུན་ཅེས་ཞུ་དག་བྱ་འདོད་པ་ཡང་མ་ཡིན། མིང་ནི་རྣམ་པ་ཐམས་ཅན་དུ་སྐྱེ་བོ་དག་གིས་མཐུན་པར་བསྒྲགས་པ་ཙམ་ཡིན་པའི་ཕྱིར། གོང་གི་ཐ་སྙད་མི་འདྲ་བ་གསུམ་བཅས་ནི། དུས་རབས་མི་གཅིག་པའི་དུས་སུ་ཡུལ་ཁོག་འདིའི་སྤྱི་མིང་སྟེ་མིང་མི་འདྲ་བ་གསུམ་ཙམ་མཚོན་པར་གསལ་ནའང་། ཁོ་བོས་བལྟས་ན། རང་ཡུལ་གྱི་གྲོང་སྡེ་དང་ཡུལ་ཕྲན་རྣམས་ཀྱི་མིང་ནི་རང་མིས་བཏགས་པ་ཤས་ཆེ་དགོས་པ་མ་གཏོགས།  ཡུལ་གྱི་མིང་ལ་རྒྱུས་མེད་པ་ཉིད་ཀྱིས་འདི་དང་འདིའོ་ཞེས་བརྗོད་ན། དགོད་བྲོ་བ་སྟེ་ཡིད་ཆེས་པར་དཀའ་སྙམ།   ཡིན་ནའང་ཟུང་ཆུ་ཞེས་བྱ་བའི་ཐ་སྙད་དེ་ནི། དེང་སང་སྲིད་གཞུང་གིས་གཏན་ཁེལ་བྱས་པའི་ཐ་སྙད་ཅིག་ཡིན་པས། དེ་བཅོས་ན་ཡུལ་དེ་གཞན་གྱིས་ངོས་ཟིན་དཀའ་བ་སོགས་ཀྱི་སྐྱོན་ཡོད་པས་མི་ལེགས་སྙམ།

IMG_8779.JPG
བཞི་བ། ཆ་བཅགས་སྒྲུབ་ཕུག

དེ་ཡང་ཆུ་མྱིག་དཀར་མོ་ནས་གཞུང་ལམ་བཏེག་སྟེ་ཅུང་ཟད་འོངས་ན། ཅུང་རིང་བའི་སྒུར་ཆེན་པོ་གཉིས་ཏེ་སྒུར་རིང་དང་སྒུར་ཐུང་ཞེས་བྱ་བར་བརྒྱུད་དགོས་ལ། ཁོ་བོ་ཐོག་མར་བྱ་དུར་གནས་སྐོར་འབྱོར་སྐབས། ས་གནས་དེར་རྐང་པ་ངལ་དུབ་ཅུང་ཙམ་བྱུང་མྱོང་པས། ད་ཐེངས་གནས་དེར་སླེབས་པར་འཇིགས་པའི་སྣང་བ་ཞིག་རབ་ཏུ་སྐྱེས་ཤིང་། ཡིན་ནའང་དེང་སང་ས་གནས་དེ་ལ་འགྲིམ་འགྲུལ་སྟབས་བདེ་པོར་བསྐྱངས་ཏེ་དད་སེམས་རྣམས་ཀྱང་རྐང་འགྲོས་པར་མི་བྱེད་པས། ཅང་མ་འགོར་བར་ང་ཚོ་ཆ་བཅགས་ལུང་མདོར་སླེབས། ཆ་བཅགས་ལུང་མདོ་ནས་གཡོན་ཕྱོགས་ཀྱི་ཀྱག་ཀྱོག་གི་འཕྲེད་ལམ་བརྒྱུད་དེ་འབྱོན་པ་ན་ཆ་བཅགས་སྒྲུབ་ཕུག་ཏུ་སླེབ་པ་ཡིན། གནའ་མི་རྣམས་ཀྱིས་ཆ་བཅགས་ཆུ་ལྷའི་སྒྲུབ་ཕུག་ཡང་ཟེར། ཆུང་དུས་སུ་ཡུལ་གྱི་གྲོགས་པོ་རྣམས་དང་རྩོད་ཤགས་རྒྱག་སྐབས། ཆ་བཅགས་ཆུ་ལྷའི་སྒྲུབ་ཕུག་དེ་ནི་ཤིན་ཏུ་མི་ལེགས་པའི་སྡོད་གནས་ཞིག་ལ་རྩིས་ཏེ། ཇི་སྐད་དུ། འདུག་ས་མེད་ན་ཆ་བཅགས་བྲག་ཁུང་ལ་སྡོད། ཅེས་རྩེ་མོ་ངང་ནས་རྒྱུན་དུ་སྨྲ་བརྗོད་བྱེད་བཞིན་ཡོད། ཡིན་ནའང་ཁོ་བོས་རིམ་གྱིས་གནའ་རབས་གཏམ་རྒྱུད་དང་ཚད་ལྡན་གནས་ཡིག་སོགས་ལ་མཇལ་བ་ན། སྒྲུབ་ཕུག་འདི་ནི་གལ་འགངས་ཤིན་ཏུ་ཆེ་བའི་གསང་བའི་སྒྲུབ་ཕུག་རྩ་ཆེན་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པར་མཐོང་སྟེ། དཀར་ཆག་ལུང་དོན་གསལ་སྒྲོན་ལས། གནས་རི་དེ་ཡི་གཡོན་ཕྱོགས་ཆུ་ཀླུང་གི། ཆ་བཅགས་གསང་བའི་སྒྲུབ་ཕུག་ཅེས་པ་སྟེ། རིན་པོ་ཆེའི་གཏེར་ཁ་དབྱར་གྱི་རྩི་ཏོག་རྒྱས་བཞིན། ཆ་གཏེར་རྫོགས་པའི་ས་གནས་དེར། གྲུབ་ཐོབ་རིག་འཛིན་སངས་རྒྱས་མཆོག་རྣམས་ཀྱིས། རྫུ་འཕྲུལ་ཞབས་བཅགས་ནས་བྱིན་གྱིས་བརླབས། ཞེས་བཀོད་ཡོད། སྐབས་སུ་ང་ཚོ་ཆ་བཅགས་སྒྲུབ་ཕུག་གི་དྲུང་དུ་སླེབས་པ་ན། སྒྲུབ་ཕུག་གང་ནི་མིས་ལག་པས་བཟོས་པ་ལྟ་བུ་ཆ་བཅགས་ལུང་བའི་གཡས་ཕྱོགས་ན་གཞིར་བཞེངས་སུ་ལྷག་གེ་ལྷང་ངེ་མངོན་ལ། སེམས་ལ་སྒྲུབ་ཕུག་གང་ནི་ས་སྟེང་ན་ཆེས་མཛེས་ཤོས་ཡིན་ཟེར་བ་བདེན་པ་དཀའ་ཡང་། ཅུང་ཆེས་ཤོས་ཡིན་ཞེས་སྨྲས་ན་ཆོག་པ་ཙམ་ཡོད་པར་སྙམ། རིམ་པར་བལྟས་པས། བྲག་ཕུག་གི་མདུན་ཕྱོགས་སུ་རི་ལུང་སོ་སོའི་ཆུ་ཀུན་འདུས་པའི་མིག་གིས་མཐོང་བ་ཙམ་ཀྱིས་འགྲོ་བ་ཀུན་ཚིམ་པར་བགྱིད་ཡོང་བའི་ཆུ་ཀླུང་ཆེན་པོ་ཞིག་ལྷུང་ལྷུང་སྒྲ་སྙན་དང་བཅས་ཏེ་བྲེལ་ཚུལ་ངང་རྒྱུག་པ།  གཡོན་ཕྱོགས་ཀྱི་བྲག་སུལ་ན། ལྷ་ཤིང་དང་སྒྲོན་ཤིང་སོགས་རྐང་འཐུང་སྣ་ཚོགས་པའི་ནགས་ཚལ་དུ་མས་ཁེབས་ཁྲོད་དུ། རི་དྭགས་སྣ་ཚོགས་པ་མཆོང་རྒྱུག་རྩེད་འཇོའི་གར་གྱིས་བྲེལ་བ་སྟེ་མིག་གི་དགའ་སྟོན་སྟེར་བ།  སྒྲུབ་ཕུག་ནང་དུ་དགེ་སེམས་རྣམས་ཀྱིས་བཟོས་པའི་གཡུང་དྲུང་གི་མཆོད་རྟེན་བརྒྱ་དང་ཉེར་བཞི་གྲལ་ལེགས་པར་བསྟར་ཏེ་བཞུགས་ཤིང་། ཁོ་བོའི་སེམས་ལ། དེ་གང་ལའང་ཡུལ་འདི་མཐོང་བ་ཙམ་གྱིས་ཡིད་དུ་འོང་བའི་སྤྲོ་སྣང་སྣ་ཚོགས་ཤར་བའི་ས་གནས་ཞིག་ཡིན་པས། གྲུབ་ཐོབ་རིག་འཛིན་སྐྱེས་ཆེན་རྣམས་རྫུ་འཕྲུལ་གྱིས་ཞབས་བཅགས་ཏེ་བྱིན་གྱིས་བརླབས་པའི་གནས་ཁྱད་པར་ཅན་ཞིག་མ་ཡིན་གང་འཇོག་སྙམ་པའི་སྣང་བ་ཞིག་རབ་ཏུ་སྐྱེས་སོ།།
IMG_8783.JPG

         དེ་ནས་ཁོ་བོ་བྱ་དུར་དཀར་ཆག་ལས་བཀོད་པའི་གཏམ་རྒྱུད་ལྟར། རིམ་གྱིས་སྒྲུབ་ཕུག་ལ་ཉམས་ཞིབ་བྱེད་པའི་ཚུགས་ཀ་འཐེན་ནས་ནང་དུ་སོང་བ་ཡིན། ངེད་ཅག་ཆ་བཅགས་ཆུ་ལྷའི་སྒྲུབ་ཕུག་གི་གཡས་ཕྱོགས་གཤིན་རྗེའི་མེ་ལོང་འདྲ་བའི་བྲག་རྩར་ཐོན་པ་ན། བྲག་ངོས་སུ་ཡི་གེ་ཨ་འཁྲུལ་མེད་དུ་མཇལ་རྒྱུ་ཡོད་ལ། གཏམ་རྒྱུད་ལྟར་ན། དེ་ནི་སྤྲུལ་བའི་སྐྱེས་མཆོག་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱིས་འཁོར་བའི་འཇིགས་སྒྲོལ་ཕྱིར། ཡི་གེ་ཨ་བྲག་ངོས་ལ་ཕྱག་བྲིས་བཀོད་པ་ཡིན་ཟེར། གང་ལ་མཇལ་ཐུབ་ན།  བར་ཆད་གསུམ་གྱི་འཇིགས་པ་སེལ། ཞེས་གནའ་མི་རྣམས་ཀྱིས་གསུངས་ཤིང་། དེ་ཡང་སྒྲུབ་ཕུག་གི་གཡོན་ཕྱོགས་སུ་འབྱོན་ཏེ་བལྟས་པ་ན། བྲག་ཕུག་མུན་འཐིབས་ནང་དུ་བྲག་གཉིས་ཀྱི་བར་ན་ཁུང་ཅུང་མཐོ་བ་མིའི་མཐོ་ཚད་ཡོད་པ་ཞིག་སྟེ། གནས་གསུམ་མཁའ་འགྲོ་ལ་སོགས་བྱིན་གྱིས་བརླབས་པའི་སྒྲུབ་གནས་ཡིན་པར་གསུངས། དེའི་ནང་དུ་མཁའ་འགྲོ་སྲིད་པ་རྒྱལ་མོའི་སྐུ་རང་བྱོན་ཡོད་ཅེས་དཀར་ཆག་ལས་གསུངས་ནའང་། ཕུག་ཅུང་མཐོ་ས་ན་ཡོད་པས་མཇལ་རྒྱུ་མ་བྱུང་། མཁའ་འགྲོའི་སྒྲུབ་གནས་ཀྱི་འོག་ན། ཆིལ་ཆིལ་གྱི་སྒྲ་དང་བཅས་ཤར་ཤར་འབུར་བཞིན་ཡོད་པའི་སྨན་ཆུ་རང་ཁོལ་དེ་ནི། ཆ་བཅགས་སྨན་ཆུ་རོ་དྲུག་ལྡན།  ཞེས་བཤད། ཆུ་མིག་འདི་ནི་བསིལ་བ་དང་། དྭངས་པ། འཇམ་པ། ལྷོད་ལྡན་བཅས་ནད་སེལ་བའི་སྨན་མཆོག་དང་འཛོམས་པའི་བདུད་རྩི་ཡོན་ཏན་བརྒྱད་དང་ལྡན་པར་བཤད་པས། སྐྱེས་བུ་སོ་སོས་དད་པ་མོས་གུས་དག་སྣང་སྒོ་ནས་ཕྱག་གསུམ་བཙལ་ཏེ། མགོ་ལུས་ཕུང་གསུམ་ལེགས་པར་ཁྲུས་ནས་མཁན་ཤུག་གིས་གཙང་སྦྲ་ལེགས་པར་བྱས་ན། ལུས་ཀྱི་ན་ཚ་ནི་ཞི། སེམས་ཀྱི་སྡུག་བསྔལ་ནི་དྭངས།  བསམ་པའི་བར་ཆད་ནི་སེལ། ཚེ་དང་བསོད་ནམས་ལོངས་སྤྱོད་ནི་རྒྱས་པར་འགྱུར་བར་གདོན་མི་ཟ་བ་སྐད། དཀར་ཆག་ལུང་དོན་གསལ་སྒྲོན་ལས། དེ་ཡི་ཐུགས་རྗེ་སྨན་ཆུ་རང་ཁོལ་ནི།། ཆུ་ཚན་ཚ་སྐྱུར་ཁ་སྐ་རོ་དྲུག་ལྡན།། སྨན་སྣ་སྟོང་གི་ཐུགས་རྗེ་རང་བྱུང་ཆུ་ཚན་དེ། གསོལ་བ་བཏབ་སྟེ་ཁ་ལ་རེག་ཚད་ཀུན།། ནད་རིགས་ཡོད་དོ་ཅོག་གི་གཉེན་པོར་གསུངས།། ཁྱད་པར་ལྡན་འདུས་མཛེ་ཤུ་སུར་ཡའི་རིགས།། བ་མོར་ཚ་ཟེར་འཇོམས་བཞིན་རང་སངས་དག། གནས་རི་འདི་ལ་མཛེ་བོ་ནད་པ་ཚོས།། སྒོ་གསུམ་རྩེ་གཅིག་ཕྱག་སྐོར་བགྱིས་པའི་མཐུས།། ནད་པ་མང་ཙམ་ལུས་ཁམས་བདེ་གསོ་བྱུང་།། དེ་ཕྱིར་ཐུན་མོང་ཡིན་པས་བྱིན་རླབས་ཆེ།། ཞེས་གསུངས། དེ་ནས་ཆུ་ཀླུང་བརྒལ་ནས་སྒྲུབ་ཕུག་གི་ཕར་ཁར་འབྱོན་པ་ན། མ་རྒྱུད་ཀྱི་དུར་ཁྲོད་ཅེས་གྲགས་པ་སྟེ་མཇལ་དགོས་ལ། དཀར་ཆག་ལུང་དོན་གསལ་སྒྲོན་ལས། མ་རྒྱུད་དུར་ཁྲོད་དམ་རྗེ་བདུད་བསྒྲལ་བའི།། ས་འདུལ་མཆོད་རྟེན་ལ་སོགས་རང་བྱུང་གི། བྱིན་རླབས་ཆེ་སྟེ་ཐོད་པ་ཕོག་ཚད་རྣམས།། གསང་མཆོག་གསང་བའི་རྒྱལ་པོའི་དབྱིངས་ཉིད་དུ།། མངོན་འཚང་རྒྱ་བའི་བཀའ་རྟགས་ཆེ་འཕགས་ཅན།། ཞེས་གསུངས་སོ།། ཆ་བཅགས་ཆུ་ལྷའི་སྒྲུབ་ཕུག་གཡས་ཟུར་ན་བྲག་མདོག་དམར་ལ་ངོས་འཇམ་པའི་ངོས་སུ། རྟོགས་ལྡན་རྒྱལ་བ་དབང་ལྡན་གྱི་དོང་སྤྲུག་སྙིང་པོའི་ཕྱག་བྲིས་ཟེར་བ་དེར་མཇལ་རྒྱུ་ཡོད་དེ། དཀར་ཆག་ལས། ཆ་བཅགས་ཆུ་ལྷའི་སྒྲུབ་ཕུག་གཡས་ཟུར་ན།། ཕ་བོང་གྱང་མཁར་འདྲ་བ་ལ།། ངེས་མེད་རྣལ་འབྱོར་ཆེན་པོ་ཡིས།། ངན་སོང་དོང་སྤྲུག་སྙིང་པོ་རྣམས།། བྲག་ལ་ཕྱག་བྲིས་བཀྲ་ལམ་གསལ།། གང་མཇལ་མཐོང་ཚད་ཐོས་ཚད་ཀྱང་།། ཕྱི་མར་ངན་སོང་འགྲོ་མི་སྲིད།། ཅེས་གསུངས། གཞན་ཡང་ངེས་མེད་རྣལ་འབྱོར་ཕྱག་བྲིས་ཀྱི་གོང་ཟུར་ན། བྲག་ཕུག་ཆུང་བའི་ཁུང་བུའི་དེ་ནི། དགེ་བའི་བསྐོར་རྟགས་འཕེལ་ས་ཞེས་གྲགས། དད་སེམས་ཅན་གྱིས་དགེ་བ་གང་བགྱིས་སེམས་བསྐྱེད་སྨོན་ལམ་བཏབ་ན།   ཕྱི་མར་དགེ་བ་འབུམ་འགྱུར་མཉམ། ཞེས་གནའ་རབས་མཁས་པ་རྣམས་ཀྱིས་གསུངས་ཤིང་།  དེ་ནས་ཆ་བཅགས་འཕྲང་གི་ཉིན་སྲིབ་ཡས་མས་སུ། འཁོར་བའི་འཇིགས་སྐྱབས་བཀའ་རྟགས་མཇལ་རྒྱུ་ཤིན་ཏུ་མང་སྟེ། དཔེར་ན། ཆ་བཅགས་རི་ཡི་བུམ་པའི་ལྟོ་ལྡིར་གཤམ་དུ། ཕ་བོང་མདོག་སྔོན་པོའི་སྟེང་དུ་རིག་འཛིན་སྐྱང་འཕགས་ཆེན་པོའི་ཞབས་རྗེས་ཟེར་བའི་བཀའ་རྟགས་དང་། དེའི་འོག་ཟུར་ཕྱི་རུ་གྱེར་མི་ཉི་འོད་ཅེས་སྐྱང་འཕགས་ཆེན་པོ་དབལ་ཁྱུང་དུ་སྤྲུལ་ནས། ཀླུ་བདུད་དམ་ལ་བཏགས་པའི་བཀའ་རྟགས་ཡོད་པར་བཤད།  གཞན་ཡང་། ཆ་བཅགས་སྒྲུབ་ཕུག་གི་ཉིན་སྲིབ་ཡས་མས་ན་བར་དོའི་འཕྲང་ཞེས་བྱ་བའི་བྲག་ཁུང་རིང་མོ་ཡོད་དེ། དཀར་ཆག་ལུང་དོན་གསལ་སྒྲོན་ལས། ཆ་བཅགས་སྲིབ་ཀའི་བར་དོའི་འཕྲང་བྲག་ལ།། སྒོ་གསུམ་སྨོན་ལམ་བཏབ་ནས་བར་དོ་འཛུལ།། ལན་གསུམ་འཛུལ་སྐོར་བྱས་པས་བསོད་ནམས་ནི།། ཕྱི་མར་བར་དོའི་སྣང་གསུམ་རང་སར་དག། ཆ་བཅགས་ཉིན་ཀའི་འཕྲང་བྲག་བར་དོ་ལ།། བྲག་ཁུང་ནང་འགྲིམ་གསོལ་བ་སྨོན་ལམ་བཏབ།། དེའི་མཐུ་བྱིན་རླབས་དབང་རབ་དམ་པ་རྣམས།། འཆི་ཁ་དུས་ཀྱི་བར་དོའི་རང་ཞལ་མཇལ།། ཞེས་གསུངས་པས། དེ་ལྟར་དད་ལྡན་གང་ཟག་རྣམས་ཀྱིས་བྱ་དུར་གནས་རི་ལ་ཕྱག་སྐོར་བགྲོད་སྐབས། བར་དོའི་འཕྲང་གསུམ་གང་མཇལ་གང་ཉིད་ཀྱི་བྱིན་རླབས་ཀྱིས། ཚེ་འདིར་བར་ཆད་རྐྱེན་ངན་སྡིག་སྒྲིབ་དག། ཚེ་ཟད་ཚེ་བསྲིང་ནད་པའི་ལུས་ཁམས་དྭངས།། མཚམས་མེད་དམྱལ་བའི་སྡིག་སྒྲིབ་འདི་ཡིས་འབྱོང་།། མ་དག་ཉོན་མོངས་ལས་སྒྲིབ་དག་པར་འགྱུར།། ཕྱི་མའི་དགེ་བའི་འབྲས་བུ་བསོད་ནམས་ཆེ།། དེ་ཕྱིར་ཕྱག་སྐོར་བགྱིད་མི་སུ་དང་གང་།། ཉིན་ཁའི་བར་དོ་སྐོར་བ་ཕོག་དགོས་པས།། མ་བསྐོར་བཞག་ན་དགེ་ཆ་འབྲས་བུ་ཉུང་།། ཡང་དག་ཆ་ཚང་དགེ་བའི་འཕེལ་འགྱུར་ཆེ།། དད་ལྡན་ཀུན་གྱིས་དག་སྣང་ཡིན་པ་ཤེས།། ཞེས་གསུངས་སོ།།

IMG_8767.JPG
ལྔ་པ། གསང་ཕུག་གནམ་དགོན།

གསང་ཕུག་གནམ་དགོན་ཞེས་བྱ་བ་སྟེ་ཁོ་བོ་སྔོན་གྱི་དུས་ནས་གོ་མྱོང་སྟེ་མཇལ་དགོས་བའི་གཏམ་གླེང་རྒྱུན་དུ་བཤད་བཞིན་ཡོད་ནའང་། དགོས་མེད་བྱ་བ་དང་སྒྱིད་ལུག་བག་གཡེང་གིས་བདག་ཡིད་འཁུམས་ཤིང་། ཁ་བཤད་ཁོ་ནས་ཙམ་ལས་དོན་མ་གྲུབ།

IMG_8781.JPG

 

སྤྱི་ལོ་2018ལོའི་སྟག་ཟླ་18ཉིན། ཁོ་བོ་དང་དགའ་མལ་སྒྲུབ་སློབ་ཤེས་རབ་ལྷུན་གྲུབ། གྲོགས་མཆོད་འགའ་དང་བཅས།  ཆུ་མྱིག་དཀར་མོ་ནས་གཡོན་ཕྱོགས་རྐེད་ལམ་ལ་བཏེག་སྟེ་བྱ་དུར་གནམ་དགོན་ལ་གནས་མཇལ་དུ་འབྱོན་པ་ཡིན། ལམ་ཅུང་དོག་ཅིང་གཟར་བས། ང་ཚོས་རྐང་འགྲོས་ཀྱིས་ཅི་ཙམ་མགྱོགས་བར་ཕྱིན་ཀྱང་དུས་ཚོད་གཉིས་ཙམ་གྱི་ཁོངས་སུ་སླེབས་མ་བྱུང་། དེར་མ་ཟད། ཡུལ་ཕྱོགས་ལ་མདང་དགོང་ནས་དེ་རིང་ནམ་གསལ་བའི་བར་དུ་ཆལ་ཆིལ་སྒྲ་དང་བཅས་པའི་ཆར་པ་ཆེན་པོར་འབབ་པས། ན་བུན་ཟིལ་བས་འགྲོ་ལམ་གཡས་གཡོན་གྱི་རྩྭ་མྱུ་གུ་ཤིན་ཏུ་བརླན་ཞིང་རྐང་འདྲེད་པར་ཤིན་ཏུ་དཀའ། ཡིན་ནའང་ལམ་བར་གོང་འོག་ན་ནད་རིམས་སེལ་ཕྱིར་ཀྱི་སྨན་གྱི་གཏེར་ཁ་སྣ་ཚོགས་དང་། མེ་ཏོག་གི་སྐྱེད་ཚལ་བརྒྱ་ཕྲག་དུ་མས་ཕྱོགས་ཐམས་ཅད་དུ་ཉམས་དགའ་དགའ་ལྟར་བརྒྱན་པས། ངེད་ཅག་ཡིད་ཕྲོགས་ཏེ་ལུས་ལ་ངལ་དུབ་ཅུང་ཙམ་ཡང་མི་སྣང་། ལམ་ཁའི་ཡས་མས་སུ་ལྷ་ཤིང་གཡུ་ཤུག་དང་། བ་ལི་ལྗོན་ཤིང་གི་ཚལ་ཏེ་སྤྲིན་ནག་འཁྲིགས་པ་ལྟར་རྒྱས་ཤིང་། ཤིན་ཏུ་ཉེ་བའི་ཁྱད་པར་ཅན་གྱི་བྲག་ངོས་འགའ་ཤས་ལ་རིས་མི་འདྲ་བའི་ཞབས་རྗེས་ཕྱག་རྗེས་དང་།   རྒོད་ཀྱི་སྤར་རྗེས་ལྟ་བུ་མང་པོས་བརྒྱན་ཡོད་པས། བལྟས་ན་ངོ་མཚར་བརྗོད་ལས་འདས་པར་མཆིས།   ཐག་མི་རིང་བའི་བྲག་གསེབ་ན། ངན་སོང་འཇིགས་པར་སྐྱོབ་པའི་ཡི་གེ་ཨ་དང་གཡུང་དྲུང་གི་མཚན་མ་མང་པོར་བཀའ་རྟགས་ཚུལ་དུ་བཀད་ཡོད་པར་དཀར་ཆག་ལས་གསུངས་ནའང་། ལ་ལ་ནི་རིག་སྟེ། ལ་ལ་ནི་རང་གི་བསོད་ནམས་ཟད་པ་ཡིན་ནམ་དེ་འདྲ་མཐོང་བཞིན་མི་འདུག་ཅེས་སྨྲས་ན་ཆོག   གསང་ཕུག་གནམ་དགོན་ནི་བྱང་བྱ་དུར་ཤར་ངོས་ཀྱི་ཐུགས་ཀ་ན་བཞུགས་པས། ང་ཚོས་རི་རྐེད་ནས་ཕར་རྒྱང་རིང་པོར་བལྟས་པ་ན།  སྤྲིན་དཀར་པོའི་རླབས་བརྩེགས་པ་དཔག་ཚད་དུ་མའི་མཐའ་ལ་བརྐྱངས་ཏེ། བར་བར་དག་ན་ནགས་ཚོམ་བུ་དང་རི་ཆེན་པོ་དག་གི་རྩེ་མོ་གླིང་ཕྲན་བཞིན་དུ་མངོན། སྐབས་དེར། ཁོ་བོའི་ཡིད་ལ་སློབ་དཔོན་ནག་མོ་ཁོལ་གྱི་སྤྲིན་གྱི་ཕོ་ཉ་ལས། ཆུ་སྟོད་ཟླ་བ་རྫོགས་པའི་ཚེས་ལ་སྤྲིན་རྣམས་རི་ཤོད་རི་སྟེང་ཉལ་བར་གྱུར་པ་ནི།། མཆོག་ཏུ་རོལ་ཅིང་མཛེས་པར་གྱུར་པའི་གླང་ཆེན་མིན་ནམ་སྙམ་དུ་ཡིད་འདི་འཕྱང་མོ་ཉུག། ཅེས་གསུངས་པ་དེ་དྲན་ཞིང་།   བྱ་དུར་འདབས་རོལ་གྱི་ལུང་མཐིལ་ནི་སྤང་ཐང་ཆེ་ལ།  དབུས་སུ་ཡར་རྒན་ཆུ་ཞེས་འབོད་པའི་ཆུ་བོ་ཆེན་པོར་གཙང་ལག་དུ་མར་གྱེས་ཏེ། ཁུགས་པ་དག་ཁྲ་ལམ་མེ་བས་བརྒྱན་ཞིང་། དེའི་སོ་སོའི་མཐའ་དང་གཞན་ཐང་ཀུན་ཏུ་རྟ་ལུག་འབྲི་གཡག་མཛོ་མཛོ་མོ་སོགས་ཕྱུགས་ཀྱིས་གང་བས་བལྟས་ན་བསྔགས་བརྗོད་ཀྱང་མི་ཤེས་པར་སྣང་ངོ་།།
IMG_8765.JPG

དེ་ཡང་གཏམ་རྒྱུད་ལས། དུས་དེའི་སྐབས་ན། གནམ་ནས་སྐྱང་བཙུན་གྱི་བོན་དར། ས་ནས་དགོན་བཞིའི་བསྟན་པ་དར། རྫུ་འཕྲུལ་གྱི་བཀོད་པས་ཐར་ལམ་འདྲེན། གཡུང་དྲུང་བོན་གྱི་བསྟན་པ་ཕྱོགས་བཅུར་དར། ཞེས་གཏན་ཚིགས་ལས་གྲགས་ཤིང་། དགོན་བཞི་ཞེས་བྱ་བ་ནི། བྱ་དུར་གནམ་དགོན། རིན་སྤུངས་ཁྱུང་དགོན། ཀེའུ་ཡུལ་བྲག་དགོན། ཀླུ་བཙན་ལར་དགོན་བཅས་རྣམས་ཡིན། ངེད་ཅག་རིམ་གྱིས་གནམ་དགོན་རི་སྡིངས་ཀྱི་འོག་ཏུ་སླེབས་པ་ན། སྟེང་ཕྱོགས་སུ་བྲག་རི་སྐྱ་ཐལ་བ་ཕྱུར་རེ་བ་མང་པོར་མཆིས། གྱེན་དུ་འཛེག་པ་ན། ལམ་དོག་ཅིང་གཟར་བས། མི་རེ་ལས་ཐར་དཀའ། ཡིན་ནའང་དགེ་སེམས་ཅན་གྱིས་བྲག་སྐས་ངོས་སུ་ལྕགས་ལུང་གིས་གདང་བུ་འཐེན་ཡོད་པས། ང་ཚོས་ཅང་མ་འགོར་བར་བྲག་སྐས་སྟེང་བུད། བྲག་སྐས་གོང་རོལ་ན་བྲག་ཕུག་ཅིག་འདུག་ཅིང་།  རྩ་རུ་སླེབས་པ་ན་ཆུས་བརླན་པས། ངའི་རྐང་གཉིས་འདམ་པའི་ནང་དུ་བྱིང་སྟེ་འདོན་པའང་དཀའ་བ་བྱུང་། བྲག་ཕུག་གི་ཟུར་ན་ཁང་ཕྲུག་ཆུང་ཆུང་ཞིག་ལས་གཞན་མི་འདུག  ནང་དུ་འཛུལ་བ་ན་ཕུག་ཅུང་རིང་། སྒོ་ནས་འོད་འོངས་བ་མ་གཏོགས་སྐར་ཁུང་ཡང་མ་གཏོད་པ། ཁོ་བོའི་སེམས་ལ་ད་ལྟའི་གྲྭ་རྐྱང་དཀྱུས་མ་ཚོ་ཡང་སྡོད་མི་སྤྲོ་བ་དེ་འདྲ་ཞིག་རེད་སྙམ། ཡིན་ནའང་། སྒྲུབ་ཕུག་འགངས་ཆེན་བ་འདི་ནི་བྱ་དུར་མཐའ་སྔོན་དུ་བྱིན་རླབས་ཆེས་ཆེ་བའི་སྒྲུབ་ཕུག་ཆེ་བདུན་གྱི་ཡ་གྱལ་བྱ་དུར་གནམ་དགོན་ཞེས་བྱ་བ་དེ་ཡིན།    གནའ་རབས་ལོ་རྒྱུས་ལས། གསང་ཕུག་འདི་ནི་ཐེག་ཆེན་ཀློང་སྒོམ་རིག་པ་མངོན་གྱུར་གྱི་སྐྱེས་བུ་དམ་པ་གྱེར་མི་སྐྱང་འཕགས་དང་། རྟོགས་ལྡན་རྒྱལ་བ་དབང་ལྡན་སོགས་མ་རྒྱུད་ཀྱི་ཉམས་ལེན་དང་བསྒྲུབ་པའི་རྒྱལ་མཚན་ལེགས་པར་བཙུགས་པའི་སྒྲུབ་ཕུག་ཁྱད་པར་ཅན་ཞིག་སྟེ། ཡོངས་འཛིན་རྣམ་འོད་ཀྱི་གནས་རིའི་བསྟོད་པ་ལས། སྙིགས་དུས་སྐྱབས་གཅིག་བླ་ཆེན་དྲན་པ་དང་།། རྒྱ་བོན་ཟིང་བ་གྱེར་མི་ཉི་འོད་སོགས།། འཕགས་གྲུབ་རིག་འཛིན་བརྒྱད་ཅུ་རྒྱུན་དུ་བཞུགས།། ཞེས་གསུངས།  དཀར་ཆག་ལུང་དོན་གསལ་སྒྲོན་ལས། དེ་ལྟར་གསང་བའི་སྒྲུབ་ཕུག་དེ་ཉིད་ནི།། ཉི་ཤར་ཐོག་མའི་ཟེར་གྱིས་གསལ་ཕུག་གསལ།།   ཤེས་གསལ་རིག་པའི་རྩལ་རྣོ་མྱུར་འགྲུབ་ཆེ།། ཐོས་བསམ་སྒོམ་དང་ལྟ་སྤྱོད་འབྲས་བུའི་བོན།། གང་བརྩོན་ཕར་བྱིན་བླ་མེད་འབྲས་འཐོབ་འགྱུར།། ཞེས་བསྔགས་པར་ཆེ་བརྗོད་བྱས་ཡོད། ཡིན་ནའང་དེང་སང་སྙིགས་དུས་ཀྱི་སྐྱེས་བུ་དག  བསོད་ནམས་སོགས་རིམ་གྱིས་འགྲིབ་པ་ཡིན་ནམ་གང་ཡིན་མི་ཤེས་ཏེ། སྒྲུབ་ཕུག་དེ་ལ་དངོས་སུ་བསགས་སྦྱང་སྒོམ་སྒྲུབ་བྱེད་མཁན་ཕར་ཞོག   མཇལ་སྐོར་བྱེད་མཁན་ཡང་ཉིན་མོའི་སྐར་མ་ལྟར་འདུག་པས། དེ་རིང་བདག་འདྲ་གསང་བའི་སྦས་ཕུག་ལ་ཕྱིན་པ་སྟེ། ཉམས་ལེན་སྒྲུབ་སྦྱོང་བྱེད་པའི་རེ་བ་གང་ཡོད་ཀྱང་མེད་མོད། ཡིན་ནའང་། རང་ཉིད་ཀྱིས་སྙིང་ཐག་པ་ནས་སྒྲུབ་ཕུག་དེ་ལ་དགའ་བའི་སེམས་ཀྱིས་དད་པར་བསྐྱེད་དེ། གུས་པའི་སེམས་ཀྱིས་ལྷ་ཕྱག་རེ་འཚལ་ནས། རེ་དོགས་མེད་པར་སྒྲུབ་ཕུག་གི་ཟུར་ན། ལད་མོ་ཙམ་གྱིས་རྐང་དཀྱིལ་ཀྲུང་དང་ལག་མཉམ་བཞག་བྱས་ནས་ཅུང་བསྡད་པ་ཡིན། དེ་ནི་དེ་ལ་སྒོམ་སྒྲུབ་མཛད་མཁན་གྱི་རིག་འཛིན་གོང་མ་རྣམས་ལ་མོས་པ་དང་གུས་པའི་ཆེད་དུ་ཞིག་སྟེ། ཧ་ཧ་ངོ་རེ་ཚ།  བྱ་དུར་དཀར་ཆག་ལས། དུང་དཀར་གཡས་འཁྱིལ་རྩེ་འདུས་བྲག་རྫོང་གི། གནས་རིའི་ཐུགས་ཀར་གསང་ཕུག་གནམ་དགོན་ཞེས།། བླ་ཆེན་དྲན་པ་ནམ་མཁའ་རྫུ་འཕྲུལ་གྱིས།།  གནམ་ལ་རྒོད་སྤྲུལ་འཕུར་བས་གར་གཤོག་རྗེས།། གསང་བའི་སྒྲུབ་ཕུག་ཉིད་ཀྱིས་བྱིན་གྱིས་བརླབས།། ཞེས་གནམ་དགོན་ནི་སྒྲུབ་ཕུག་འགངས་ཆེ་བའི་ཚད་དུ་བྱས་ཡོད།   འདིར་དགོན་ཞེས་པ་སྟེ་དབེན་གནས་ཞིག་ལ་གོ་དགོས་པ་ནི་བལྟས་པ་ཙམ་གྱི་ཤིན་ཏུ་གསལ།   དེ་ཡང་སྒྲུབ་ཕུག་འདིའི་ཆེ་ཆུང་ལ་མི་བཅུ་ལྷག་ཙམ་ཤོང་ས་ཡོད་དེ།  ཕུག་པའི་ས་འབུར་ཐོག་དེང་སང་བཟོས་པའི་སྐུ་བརྙན་ཞིག་བཞུགས་ཡོད་ནའང་། དཀར་ཆག་ལུང་དོན་གསལ་སྒྲོན་ལས། བྱ་དུར་གནམ་དགོན་ཡང་རྫོང་གསང་ཕུག་ཏུ།། བྲག་ངོས་མ་རྒྱུད་ལྷ་ཚོགས་རང་བྱོན་དང་།། སྐྱང་འཕགས་གཏེར་ཆུ་སིནྡྷུ་ར།། མཁས་བཞིའི་བཀའ་སྒྲོམ་གཏའ་སྨན་བུམ་སྒྲུབ་སོགས།། བཀའ་གཏེར་གསང་བའི་ཡང་རྫོང་གཏེར་ཁ་ཡོད།། གྱེར་མི་སྐྱང་འཕགས་ཆེན་པོའི་འཕེལ་གདུང་རྟེན།། གཡུང་དྲུང་བཀོད་ལེགས་མཆོག་རྟེན་བཞེངས་གྲུབ་ཡོད།། ཅེས་བཀོད་འདུག    གོང་གི་ས་འབུར་འོག་ཏུ་གྱེར་མི་སྐྱང་འཕགས་ཆེན་པོའི་གདུང་བརྟེན་མཆིས་པར་གྲགས་པ་དང་། ཟུར་ཀྱི་ཤར་ཤར་དུ་འབབ་པའི་ཆུ་མིག་དེ་ནི་སྐྱང་འཕགས་ཆེན་པོའི་གཏེར་ཆུ་ཡིན་པར་སྨྲས་པས། ཁོ་བོས་འདི་ཙམ་ཡིན་ཅིང་ཡིན་རྒྱུའི་སྣང་བ་ཞིག་ཀྱང་རབ་ཏུ་སྐྱེས་སོ།།  གཞན་ཡང་བྱ་དུར་དཀར་ཆག་ལས།  དེང་དུས་རྐྱེན་འཇིགས་ས་འབུར་ཙམ་ལས་གྲུབ།།   རྟོགས་པ་མཆོག་རྣམས་ཐུན་མོང་མ་ཡིན་པའི།། གྲུབ་རྩལ་མངོན་རྫོགས་ལྷག་མེད་འཇའ་ལུས་དང་།། འབྱུང་རིགས་དབང་བསྒྱུར་རྫུ་འཕྲུལ་ཐོགས་མེད་ཀྱི།། གྲུབ་ཆེན་རྣམས་ཀྱི་གསང་ཕུག་ཡིན་ཏེ་བསྟེན།། གཏེར་ཆུ་ཁར་རེག་ཙམ་གྱིས་ཚ་ནད་རིགས།།  ཀྴ་ཡ་ནག་པོ་མིག་སེར་འདུས་ནད་སེལ།། སིནྡྷུ་ར་ཡི་བཅུད་ལེན་ཕན།། སྔ་རབས་རྫོགས་ཆེན་པ་རྣམས་ས་བཅུད་ཀྱི།། འཚོ་བ་ལ་བརྟེན་སྒོམ་པའི་གྲུབ་རྩལ་སྦྱངས།། ཕུང་པོ་ལྷག་མེད་མངོན་སངས་རྒྱས་པ་མང་།།   སྔ་རབས་གོང་མའི་ཞལ་རྒྱུན་ཐོས་བྱུང་ངོ་།། ཞེས་གསུངས་སོ།།
IMG_8770.JPG

དེ་ཡང་གསང་ཕུག་གནམ་དགོན་གྱི་གཡས་གཡོན་ན་དབེན་ཕུག་དང་སྒྲུབ་ཕུག་ཤིན་ཏུ་མང་སྟེ། དེ་ལས་གཡས་ཕྱོགས་ཀྱི་མཁའ་འགྲོའི་གསང་ཕུག་ནི། བྱ་དུར་མཐའ་སྔོན་དུ་བྱིན་རླབས་ཆེས་ཆེ་བའི་སྒྲུབ་ཕུག་ཆེ་བདུན་ཞེས་བྱ་བ་ལས་གཅིག་ཡིན་ཞིང་། དཀར་ཆག་སྤོས་ཀྱི་གླང་པོ་ལས། གནམ་དགོན་གསང་ཕུག་ཡས་མས་སྒྲུབ་ཕུག་མང་། དགུན་གྱི་གཞུ་འཁྱགས་ལྷགས་སྒང་གྲང་ངར་དུས། ས་ལའི་ལྗོང་པའི་གསེར་གྱི་མེ་ཏོག་བཞད། ཅེས་དང་། དེ་མཚུངས་མཁའ་འགྲོའི་གསང་ཕུག་ལ་མཇལ་བསྐོར་བྱས་པའི་ཕན་ཡོན་ནི། བྱ་དུར་དཀར་ཆག་ལས། དེ་ཡི་གཡས་མདུན་མཁའ་འགྲོ་གསང་ཕུག་ཞེས། ། སེང་གེའི་གཡུ་རལ་འཁྱིལ་འདྲའི་རྩེ་བྲག་སྟེ།། རྫ་འཕྲུལ་མཁའ་འགྲོ་སྟོང་གི་གནས་རི་ཡིན། བྲག་དམར་མཁའ་འགྲོའི་གར་སྟབས་འགྱིང་འདྲ་ལས།། བ་ག་གསང་བའི་རྫུ་འཕྲུལ་སྒྲུབ་ཕུག་ཡོད།། ནང་དུ་མཁའ་འགྲོ་སྟོང་གི་བདུད་རྩིའི་བཅུད།། སིནྡྷུ་ར་ཡི་སྨན་མཆོག་དངོས་གྲུབ་ཏེ། སྒྲུབ་རྟེན་བྱས་ན་བྱིན་རླབས་དྲོད་ཚད་མྱུར།། གསོལ་བ་བཏབ་པས་ཁ་ལ་རེག་ཚད་ནི།། ཚེ་བསྲིང་ནད་གསོ་ལུས་སྟོབས་རྒྱས་པ་དང་།། ཕྱི་མ་མཁའ་སྤྱོད་ཞིང་དུ་བདེ་གནས་ཐོབ།། ཅེས་དེ་ལས་ཇི་བཞིན་བཀོད་པ་དེ་བཞིན་གྱིས་མཚོན་པར་མ་གཏོགས་དངོས་སུ་འབྱོན་མ་ཐུབ། ཡིན་ནའང་སྐལ་བཟང་ལས་ཅན་ཕོ་མོ་དག་གིས་སྒྲུབ་ཕུག་གང་ལ་མཐོང་བས་ཡིད་སྤྲོ་བ་དང་། མཇལ་བས་མོས་གུས་སྐྱེ་བ། སྒོམ་པས་བྱིན་བརླབས་སྨིན་པ། དད་པས་རང་ཞལ་མཇལ་བ།   བསྐོར་བས་ཕན་ཡོན་ཐོབ་པ་སོགས་ཁྱད་འཕགས་ཡོན་ཏན་དང་ལྡན་ནོ་ཞེས་ཡུལ་མི་རྣམས་ཀྱིས་སྨྲས་སོ།།

IMG_8786.JPG
དྲུག་པ། སྟག་ལའི་སྒྲུབ་ཕུག་གསང་བའི་ཡང་རྫོང་།

དེ་ཡང་བྱ་དུར་གནམ་དགོན་ནས་བརྩམས་ཏེ། གཡོན་ཕྱོགས་ཀྱི་འཕྲེད་ལམ་བརྒྱུད་དེ་འབྱོན་པ་ན། རི་དམར་པོ་མེ་རི་འཁྱིལ་བ་དང་མཚུངས་པའི་ཐུགས་ཀ་ན། གཟུགས་ཟླ་གམ་འཁྱིལ་བ་འདྲ་བའི་སྒྲུབ་ཕུག་ཞིག་ང་ཚོའི་མིག་ལམ་དུ་བཞེངས་འདུག དེ་འདྲ་དེ་ནི་སྟག་ལའི་སྒྲུབ་ཕུག་གསང་བའི་ཡང་རྫོང་ཞེས་ཕྱོགས་ཀུན་ཏུ་གྲགས་ཤིང་། བྱ་དུར་དཀར་ཆག་ལས། སྟག་ལའི་སྒྲུབ་ཕུག་གསང་བའི་ཡང་རྫོང་ནི།།  ཟླ་གམ་འཁྱིལ་འདྲའི་སྒོ་ལ་འབྲུག་རང་བྱོན།། ནང་དུ་བདུད་སྲིན་བསྒྲལ་བའི་དོན་ཚོགས་ཀྱི།། བཤམས་པའི་ཚུལ་དུ་བྲག་དམར་རང་བྱོན་ཡོད།། ཅེས་གསུངས་པ་དང་།  ཡང་དེ་ལས། འཆི་མེད་ཡབ་སྲས་གསང་འདུས་དབལ་གཤེན་གྱི།། གསང་བའི་སྒྲུབ་ཕུག་ཡིན་ཏེ་བྱིན་གྱིས་བརླབས།། རྫུ་འཕྲུལ་དབལ་གྱི་སྟག་ལ་མེ་འབར་གྱིས།། བདུད་སྲིན་ལོག་འདྲེན་ཆམ་ལ་ཕོབས་ཕྱིར་དུ།། རྫུ་འཕྲུལ་བཅུ་གསུམ་བསྟན་པའི་གྲུབ་རྟགས་ཀྱིས།། མ་མོ་སྡེ་བརྒྱད་དྲེགས་ཚོགས་དབང་དུ་བསྡུད།། ཅེས་སྒྲུབ་ཕུག་དེ་ལ་གསང་བ་སྔགས་ཀྱི་སྒྲུབ་པ་གང་བསྒྲུབས་ཚེ། མཐུ་དབང་བྱིན་རླབས་མཆོག་གི་དངོས་གྲུབ་སོགས་བྱིན་རླབས་འདུག་པར་བཤད་དོ།།

སྤྱིར་བོད་ཁམས་ན་འདི་ནི་བླ་མ་ཆེ་གེ་མོའི་དབེན་ཕུག་དང་། འདི་ནི་བླ་མ་ག་གེ་མོའི་སྒྲུབ་ཕུག་ཡིན་ཞེས་པའི་མིང་གྲགས་པར་ཤིན་ཏུ་མང་སྟེ། དེ་དག་ལས་སྟག་ལའི་སྒྲུབ་ཕུག་ཏུ་གྲགས་པའི་གཏམ་རྒྱུད་ནི་དེ་ལས་ཀྱང་མང་། དཔེར་ན། ཤར་གཉན་དུང་རི་དཀར་པོའི་སྟག་ལ་སྒྲུབ་ཕུག་དང་། གནས་མཆོག་བྲག་དཀར་བྱ་རྒོད་ཀྱི་སྟག་ལ་སྒྲུབ་ཕུག བོན་རི་གནས་ཆེན་གྱི་སྟག་ལ་སྒྲུབ་ཕུག་སོགས་སྒྲུབ་ཕུག་གྲངས་ཀྱིས་མི་ཆོད་པར་མངོན།     དེ་ཡང་གཏམ་རྒྱུད་ལས། སྟག་ལ་མེ་འབར་ཞེས་བྱ་བ་ནི། ཕྱི་ནང་གསང་བའི་བར་ཆོད་བསྲེགས་པའི་ནུས་པ་དང་ལྡན་པའི་གང་ཟག་ཁྱད་འཕགས་ཤིག་ཏུ་འདོད་དེ།  འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱི་གསང་བའི་བསེན་ཐུབ་ཀྱི་འགྲེལ་བ་ལས། ཡུལ་གུང་ནམ་ལྡེ་སྟོད་ནི་སྟག་གཟིག་གི་ཡུལ་ལམ་རྩ་གསུམ་ལ་ཡང་སྔར་བཞིན་དུ་ཡུམ་གྱི་ལྷུམས་སུ་ཐབས་ཤེས་སྤྲུལ་པས། གདུལ་བྱ་འདུལ་བའི་སྟོབས་དང་ལྡན་པས་དང་ཕྱི་ནང་གསང་བའི་བར་ཆོད་བསྲེགས་པས་ན་སྟག་ལ་མེ་འབར་རོ།། ཞེས་གསུངས་པ་དང་། ཡང་དེ་ལས། སངས་རྒྱས་བཀའི་མན་ངག་དམར་ལ་འདྲིལ་བ་ལུང་དོན་འབྲིང་པོའི་དོན་སྐོར་ལ། དབལ་བོན་སྟག་ལ་མེ་འབར་གྱིས་རྒྱལ་རིགས་ཀྱི་གཤེན་པོ་མི་ལུས་བསམ་ལེགས་ལ་བརྒྱུད། དེས་ནམ་མཁའ་སྣང་བའི་མདོག་ཅན་ལ་བརྒྱུད། དེས་མུ་ཁྲི་བཙན་པོ་ལ་བརྒྱུད ། ཅེས་གསུངས་པས། སྟག་ལ་མེ་འབར་ཞེས་བྱ་བ་ནི་སྟག་གི་དཔལ་བྱད་ཅན། ལུས་ལ་མེ་འོད་འབར་ཞིང་། ཐུགས་ལས་རིན་ཆེན་འོད་ཟེར་འཕྲོ་བ། སྐུ་མདོག་དམར་ལྗང་དབུ་སྐྲ་སྤྱི་བོར་བཅིངས་པ། ཁྲོ་བའི་ཆ་བྱད་སྟག་སླག་གསོལ་ཞིང་། གཡས་རལ་གྲི་གཡོན་ཕུར་པ་འདེགས་པའི་བསྐལ་བ་ཡ་ཐོག་གི་གང་ཟག་ཁྱད་པར་ཅན་ཞིག་ཡིན་པར་ཤིན་ཏུ་གསལ། དེ་ཡང་སྟག་ལ་སྒྲུབ་ཕུག་ཏུ་གྲགས་པའི་སྦས་ཕུག་དེ་དག་ནི། སྟག་ལ་མེ་འབར་སྐུ་དངོས་སུ་བསླེབས་ནས་ཉམས་ལེན་སྒོམ་སྒྲུབ་བྱས་པའི་ས་གནས་དེ་ལ་སྟག་ལའི་སྒྲུབ་ཕུག་ཟེར་བ་ཡིན་ནམ། ཡང་ན་རང་རེས་སོ་སྐྱེ་རྣམས་ཕྱི་ནང་གསང་བའི་བར་ཆོད་བསྲེགས་པས་ཆེད་དུ། སྤྲུལ་སྐུ་སྟག་ལ་མེར་འབར་ལ་བསྒོམས་བའི་དབེན་གནས་དེ་ལ་སྟག་ལའི་སྒྲུབ་ཕུག་ཏུ་བཏགས་པ་ཡིན། འདི་འདྲའི་ཁྱད་པར་འགའ་ཞིག་སྣང་བས། དེ་ལས་གང་ཞིག་དག་པའི་ཚུལ་ཏེ་མཁས་པ་རྣམས་ཀྱིས་དཔྱད་པའི་རིགས་སོ།།

IMG_8780.JPG

          སྐབས་སུ་བབ་པའི་བྱ་དུར་མཐའ་ངོས་ཀྱི་སྟག་ལའི་སྒྲུབ་ཕུག་ཞེས་བྱ་བ་སྟེ། དཀར་ཆག་སྤོས་ཀྱི་གླང་པོ་ལས། གཡོན་རྩེར་སྟག་ལ་མེ་འབར་སྒྲུབ་ཕུག་ཅེས།། གསང་བ་སྔགས་ཀྱི་སྒྲུབ་པ་གང་བྱས་ཚེ།། མཐུ་དབང་བྱིན་སྟོབས་མྱུར་དུ་རྫོགས་པ་དང་།། དྲེགས་ཚོགས་དབང་སྡུད་ཟིལ་གྱིས་ནོན་པར་འགྱུར།། ཞེས་གསུངས།  ང་ཚོས་དལ་བུས་གྱེན་དུ་འཛེགས་ཏེ་སྒྲུབ་ཕུག་དྲུང་དུ་སླེབས་ཙ་ན། རི་ངོས་ཡོངས་སུ་ལང་མ་ལིང་དུ་གནས་ཤིང་། ཉིན་མོའི་ཐུན་གསུམ་ལའང་བྱེའུ་དག་གིས་སྐད་རིམ་པ་དུ་མ་བརྗེས་ཤིང་སྒྲོག   སྲིན་བུའི་རིགས་འགའ་ཞིག་དྲིལ་བུ་ལྟ་བུའི་སྒྲ་འབྱིན་ཞིང་།  ང་ཚོས་རིམ་པར་ཤིང་སྐས་ཐོག་འཛེགས་ཏེ་རི་ཐོག་འབུད་པ་ན། ས་ཕུག་ཐོག་བརྩེགས་རིམ་པ་གསུམ་ཙམ་སྣང་། རིམ་བཞིན་གྱེན་དུ་འཛེགས་ནས་བལྟས་པ་ན། སྒྲུབ་ཕུག་ཏུ་གྲགས་པའི་ས་ཕུག་དེ་དག་ནི་བྱ་དུར་རི་རྩེའི་ཐུགས་ཀ་ན་གནས་པས། ནང་དུ་འབྱོར་བ་ན་ཉམས་མི་དགའ་བའི་ས་དམར་ཧང་ངེ་བ་ལས་གཞན་ཅི་ཡང་མེད།   ཁོ་བོས་སེམས་ལ་འོག་མའི་ས་ཕུག་ནི་གསང་བའི་སྒྲུབ་ཕུག་ཞིག་ཡིན་རྒྱུར་སྣང་བ་ཞིག་སྐྱེས་ནའང་། བྲག་ཕུག་གཞན་དག་ནི་སྒོམ་སྒྲུབ་ཀྱི་ཚུལ་མཛད་པའི་དབེན་གནས་ཤིག་ཨེ་སྲིད་ན་སྙམ་པ་བྱུང་།  ཡིན་ནའང་རྒྱུས་མི་ཤེས་པའི་ཁོ་བོའི་སེམས་ལ། རྣམ་རྟོག་མང་པོ་སློང་བར་མི་བྱ་སྙམ་སྟེ། རིམ་གྱིས་སྨོན་ཚིག་དང་གསོལ་འདེབས་ཅི་རིགས་བྱས་སོ།། སྟག་ལའི་སྒྲུབ་ཕུག་ནས་ཤར་ཕྱོགས་ཡུལ་ལྗོངས་ལ་བལྟ་བའི་ཕྱོགས་ཏེ་ཀུན་ཉམས་དགའ་ལ། ཡུལ་འདིའི་སྨད་དུ་ཁ་ཡངས་ཏེ་ལྗོན་ཤིང་རྣམས་ཀྱི་ལོ་འདབ་རབ་ཏུ་རྒྱས་ཤིང་། ཐང་དཀྱིལ་ན་རི་ལིང་ངེ་བ་འགའ་ཤས་འདུག་ཅིང་། ཡོངས་སུ་མར་ཟན་ཚོགས་གཏོར་བཞིན་དུ་གནས་མཆོག་བྱ་དུར་གནས་རི་ལ་བསྐོར་ཏེ་བརྒྱན་པར་མཐོང་།  གཞན་ཡང་ཡུལ་འདིའི་ཤར་ཕྱོགས་རྒྱང་ཧ་ཅང་རིང་པོ་མ་ཡིན་པའི་མཐའ་ངོས་སུ། གངས་རི་ཆེན་པོ་གཉན་ཆེན་བདུད་གཞོམ་གཡུང་དྲུང་དགྲ་འདུལ། ཞེས་བྱ་བའི་རི་རྒྱུད་དེ། རྒྱུད་དར་གྱི་ཡོལ་བ་ལྟ་བུ་བྱང་ནས་ལྷོ་བར་དུ་བརྐྱངས་ཏེ་ཆགས་ཤིང་། འདི་འདྲ་བ་རི་ལྗོང་ཉམས་དགའ་བ་དག་མཐོང་བ་ཙམ་གྱིས་ཚེ་འདིའི་སྣང་བ་རང་འགགས་སུ་བྱེད་པའི་ནུས་པ་སོགས་སེམས་ལ་སྦྱིན་པས། ཕྱོགས་འདི་ལ་ཕྱི་ཚུལ་སྒྲིགས་ལམ་གཙང་ཞིང་། ནང་གི་ཉམས་ལེན་བློ་སྦྱོངས་ཁོ་ན་ལ་བརྟེན་ནས་མདོ་སྔགས་ཀྱི་ལམ་ཐམས་ཅད་རྒྱུད་ལ་སྦྱོར་དུ་འཇུག་པའི་དགེ་བའི་བཤེན་གཉེན་ཆེན་པོར་རྒྱུན་མ་ཆད་དུ་བྱུང་དང་འབྱུང་བཞིན་ཡོད་པར་ཡིན།   ཞེས་གནའ་རབས་ཡུལ་མིའི་མཁས་པ་རྣམས་ཀྱིས་གསུངས་སོ།།

དེ་ཡང་སྟག་ལའི་སྒྲུབ་ཕུག་ནས་ཐུར་དུ་ལམ་ཕྲན་ཅུང་བཏེག་སྟེ་གཡོན་ཟུར་ཕྱོགས་སུ་ཐལ་ན། བྲག་ངོས་འཇམ་ཞིང་ཟླུམ་སྐོར་སེང་གེའི་གདུང་འབུར་གཟུགས་ཅན་ཞིག་ང་ཚོའི་མིག་ལམ་དུ་གཞིར་བཞེངས་སུ་བསླངས་ཤིང་། བྲག་དཀར་ཟླུམ་པོ་འདི་ནི་བྱ་དུར་རི་ཚོགས་ལས་སྙན་གྲགས་ནམ་མཁའི་ལུང་ག་བརྟོལ་བ་དང་མཚུངས་པའི་རིག་འཛིན་ཚོགས་ཟངས་ཞེས་བྱ་བ་ཞིག་སྟེ། གཏམ་རྒྱུད་ལས། རྩ་གསུམ་ལྷ་ཚོགས་ཐམས་ཅད་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་གནས་འདིར་ཕབ་པས། རྟོགས་པ་མཆོག་ཏུ་མངའ་པའི་རྣམ་འབྱོར་པ་རྣམས་ལ་དག་པ་གཟུགས་སྣང་འབྱམས་ཀླས་པ་སྨོས་ཅི་དགོས་ཏེ། ཅུང་ཟད་ལས་དག་པ་རྣམས་ཀྱི་སྣང་ངོར་ཡང་། ལྷ་སྐུ་དང་། ཕྱག་མཚན། ཡིག་འབྲུ། འཇའ་འོད་ཐིག་ལེ་བསང་དུད་ཀྱི་རྣམ་པ་སོགས་མཐོང་སྣང་མི་འདྲ་བ་འབྱུང་བའི་བཤད་སྲོལ་ཞིག་ཀྱང་ཆགས་འདུག་སྟེ།  དཀར་ཆག་སྤོས་ཀྱི་གླང་པོ་ལས། གནས་རི་དེ་ཡི་ཐུགས་ཀའི་མདུན་ཕྱོགས་ན།། རིག་འཛིན་ཚོགས་ཟངས་ཞེས་པའི་རང་བྱུང་ཡོད།། བདེ་གཤེགས་རིག་འཛིན་གྲངས་མེད་ཐུགས་རྗེ་ཡི།། བྱིན་གྱིས་བརླབས་ཏེ་ལྷ་སྐུ་རང་བྱོན་དང་།། བཀའ་རྟགས་ཡིག་འབྲུ་གཡུང་དྲུང་རང་གསལ་རྣམས།། གྲངས་མེད་ཚོགས་ཀྱི་མཇལ་སྣང་དུ་མ་འབྱུང་།། ཞེས་གསུངས། ཁོ་བོ་དེར་སླེབས་པ་དང་ནན་ཏན་ཞིབ་ཚགས་ཀྱིས་བྲག་ངོས་ལ་བལྟས་པ་ན།  མིག་མངོན་ལ་འདི་དང་འདི་འདྲ་བའི་རིས་གཟུགས་མང་པོར་ཤར་ཡོང་བས། འདི་རེད་ཟེར་བའི་གཟུགས་ཅན་གསལ་བོར་བཤད་ཀྱིན་མི་འདུག     ཡིན་ནའང་ངོ་མཚར་ཅན་གྱི་བྲག་ཕུག་དེར། བྲག་ངོས་འཇམ་ཞིང་ཟླུམ་སྐོར་རྒྱ་ཆེ་ལ། ནང་དུ་བདུད་རྩིའི་མར་ཁུའི་ཚུལ་དུ་འཁྱིལ་བའི་གཟུགས་རིས་ཁྱད་པར་ཅན་མང་པོར་ཡོད་གསུངས་པ་སྟེ། སླེབས་པ་ཙམ་གྱིས་ངོ་སྤྲོད་མི་དགོས་པར་ཤེས་པ་ཡོད། ཤར་ཁོག་གི་མང་ཚོགས་ཀྱིས་རིག་འཛིན་ཚོགས་ཟངས་ནང་གི་ས་རྡོ་དེར་འགངས་ཆེན་ཞིག་ཏུ་བརྩི་སྟེ། རང་ཁྱིམ་གྱི་སྒྱེད་པུའི་ནང་དུ་གང་འདྲེས་ཏེ་ཐབ་ཀ་བཟོས་ན། འཁོར་བའི་ལོངས་སྤྱོད་ཕུན་ཚོགས་སུ་གྱུར་བའི་ཕན་ཡོད་པར་བཤད། དཀར་ཆག་སྤོས་ཀྱི་གླང་པོ་ལས། བྲག་ཕུག་ཟླུམ་པོ་འཁོར་ཞིང་ཚོགས་ཟངས་ཏེ།། བདུད་རྩི་བཅུད་ཀྱི་མཚོ་མོ་ལྟ་བུར་འཁྱིལ།། ཚོགས་ཟངས་ཁ་ལ་ནོར་བུའི་ཕྲེང་བ་འབུར།། སྟེང་དང་གཡས་གཡོན་ལྷ་སྐུ་ཡིག་དྲུག་རྣམས།། རང་བྱོན་མཇལ་ཚེ་དད་གུས་མོས་བསྐྱེད་དེས།། ལོངས་སྤྱོད་ཕུན་སུམ་ཚོགས་ཤིང་ནད་མུག་སེལ།། དགེ་ཚོགས་གང་བགྱིས་སེར་སྣའི་སྡིག་སྒྲིབ་དག། ཕྱི་མར་རིག་འཛིན་ཉིད་དང་ཞལ་མཇལ་འགྲུབ།། ཅེས་གསུངས་སོ།།

IMG_8771.JPG
བདུན་པ།  བྱའི་དུར་ཁྲོད་སྐོར་བཤད་པ།

རིག་འཛིན་ཚོགས་ཟངས་ནས་བཟུང་སྟེ་གཡོན་ཕྱོགས་གྱ་གྱུའི་འཕྲེད་ལམ་བརྒྱུད་དེ་འབྱོན་པ་ན་ཆེས་མཐོ་བའི་རི་བོ་རྩེ་བྲག་ཤེལ་གྱི་མཆོད་རྟེན་བླ་རིའི་མདུན་དུ་སླེབས།  བྲག་རི་མཐོན་པོ་ནོར་བུ་སྤུངས་འདྲ་རྒྱས་པའི་བླ་རི་ཆེན་པོར་གང་།  སྤྲིན་དཀར་པོའི་གསེབ་ན་འཕགས་ཏེ། རྩེ་མོར་འཆར་ཀའི་འོད་ཕོག་པས་གསེར་བཙོ་མ་བཞིན་དུ་འཚེར་ཞིང་མངོན་ལ།  དེའི་བར་ཀྱི་ཕ་བོང་མདོག་དཀར་སྔོན་དམར་གསུམ་ཞལ་གྱེན་དུ་གཟིགས་པའི་ཚུལ་ཅན་ཐམས་ཅད། རིན་པོ་ཆེའི་མནྡལ་དང་དཔལ་གྱི་གཏོར་མ་བཤམས་པ་ལྟར། བྲག་རིའི་མཐའ་ངོས་ཡོངས་སུ་བརྒྱན་ཏེ་ཆགས།   གནས་རིའི་སྨད་ཕྱོགས་སུ། ལྷ་ཤུག་སྒྲོན་ཤིང་ཐང་ཤིང་སོགས་རྐང་འཐུང་སྣ་ཚོགས་པའི་ནགས་ཚལ་སྟུག་པོས་ཁེབས་ཁྲོད་དུ། ཤིན་ཏུ་མཛེས་པའི་བྱིའུ་ཆུང་ཚོགས་ཀྱི་འཕུར་ལྡིང་གར་གྱིས་སྐད་སྙན་ཏེ། རྣ་བའི་བདུད་རྩི་དང་། མིག་གི་དགའ་སྟོན་ལྟ་བུར་སྟེར་པས། ཁོ་བོའི་སེམས་ལ་ཧོར་བ་དྲུང་རམས་པས་ཇི་སྐད་དུ། ཤར་དུ་ཟིང་ངེ་འབེབས་པའི་ཆུ་མིག་དཀར།། དེ་ལྟག་ནུབ་ཏུ་ནགས་ཚལ་རིང་བོ་རྒྱས།། ཐ་གྲུ་ཁྱོན་འདིའི་མཚན་ཉིད་དེས་འཛིན་ཕྱིར།། ཟིང་ཆུ་ནགས་རིང་ཞེས་པའི་ཐ་སྙད་ཆགས།། ཞེས་པ་དེར་ཤིན་ཏུ་ཡིད་ཆེས་རུང་བའི་སྨྲས་པ་ཡིན་གྱི། སྨྲ་མཁས་བྱ་འདོད་པར་མ་ཡིན་བསམས། བསམ་གྱིན་བསམ་གྱིན་རི་འདབས་སུ་བལྟས་པ་ན། གྲངས་ལས་འདས་པའི་བྱ་རིགས་ཀང་ཀ་ཚོགས་དུ་མས་རྩེད་འཇོའི་གར་གྱིས་སྐད་སྙན་དང་བསྒྲགས་ཏེ། ཞབས་ཕྱོགས་བྲག་འཕྲང་གི་རི་ངོས་སུ་གཡས་སྐོར་ཐབས་ཀྱིས་ཚུལ་དུ་འཁོར་ཞིང་ལྡིང་བར་མཐོང་། བྱ་རིགས་དེ་དག་གི་སྣང་ཚུལ་ཏེ། ལ་ལ་རླུང་ལྟར་འཚུབ་པ། ལ་ལ་གློག་ལྟར་མྱུར་བ། ལ་ལ་མདའ་ལྟར་མགྱོགས་པ། འགའ་ཤས་ནི་ཁྱོ་ཤུག་ལྟར་འགྲོགས་པ། སྐབས་འགའ་ནི་གྲྭ་པ་རྣམས་མཆོད་རྫས་ཐོགས་ནས་འཕྲེང་བསྒྲིགས་པའི་སྟར་བཞིན་དུ་དཔལ་གྱི་རི་བོའི་མཐའ་ངོས་སུ་བསྐོར་ཏེ་འཕུར། དེ་དག་གི་རྣམ་པ་ནི་ས་གཡུང་དྲུང་འཁྱིལ་བ། གནམ་འཁོར་ལོ་འབར་བ། ཆུ་དལ་དུ་འཁྱིལ་པ། རི་གླིང་ཆེན་གྱིས་འགྱིངས་པའི་ལྷའི་ནོར་བུ་དབང་རྒྱལ་ཁུར་བ་འདྲ་བ། འཇིགས་ལ་རྔམ་པ། ངོ་མཚར་ཆེ་བ། ལྟར་འདོད་པ། ལྟར་མི་བཟོད་པ་སོགས་མཛེས་སྡུག་བརྗིད་ཆགས་ལྡན་པའི་ལྟས་ཏེ། ཅི་ཡིན་ཨང་སྙམ་ནས་ཚང་མར་ཧ་ལས་ཏེ། ཨེ་མ། ཨ་ལ་ལ་ཧོ་ཞེས་པའི་བསྔགས་བརྗོད་ཁོ་བོའི་ངག་ནས་རང་བཞིན་དུ་འཆོར་ཞིང་། གང་ལྟར་དེ་དག་གི་མཛེས་ཉམས་ཏེ། ངེས་པར་ལྷའི་ཡུལ་དང་རྨི་ལམ་གྱི་ཞིང་ལྟ་བུ་ཞིག་ཏུ་གྲུབ།  
IMG_8768.JPG

དེ་ནས་ངེད་ཅག་ལྷོ་ཕྱོགས་བྲག་རི་སྟེང་ནས་བརྩམས་ཏེ་བྱང་ཕྱོགས་ཀྱི་རིའི་རྩར་འབབ་དགོས་ལ། རྒྱུ་མཚན་ནི་བྱ་དུར་དཀར་ཆག་ལས། གནས་དེའི་འདབས་གཤམ་དུ་བྱ་ཡི་དུར་ཁྲོད་ཡོད།། ཅེས་གསུངས་བའི་ཕྱིར། ང་ཚོས་རིམ་བཞིན་ཤུག་པའི་ནགས་ཚལ་ཅན་གྱི་རི་ཀླུང་དུ་མ་དང་། ཐང་ཤིང་གི་ཚལ་སྤྲིན་ནག་འཁྲིགས་པ་ལྟ་བུར་བརྒྱུད་དེ་རི་ཞོལ་དུ་སླེབས་པ་ན།   རི་མདོར་ཅུང་ཡངས་ཤིང་། ཅུང་ཐག་རིང་པོ་ན། ཆུ་སྒྲ་ཆལ་ཆིལ་སྒྲོག་ཅིང་ཆུ་མ་མཐོང་། དེ་ནས་ང་ཚོ་ལམ་འཁྲིད་ཀྱི་རྗེས་སུ་བསྙེགས་ཏེ་ལུང་བའི་ལྷོ་ཕྱོགས་སུ་འོངས་པ་ན། ཕྱོགས་མཐའ་དག་མེ་ཏོག་སྣ་ཚོགས་ཕྲ་ཆེམས་སེ་བ་དག་གིས་གང་བ། གདུགས་དང་སྡེར་མ་འདྲ་བའི་ལོ་མ་ལྷེབ་ཆེན་ཟིལ་པ་ཁྲོམ་མེ་བ་དག  ལམ་གྱི་ཕྱོགས་གཡས་གཡོན་གཉིས་ན་འཛིང་ཞིང་སྐྱེས་པ།  ཐོས་མ་མྱོང་བའི་བྱེའུ་སྣ་ཚོགས་ཀྱིས་སྐད་སྒྲོག་པ།     ཁོ་བོའི་སེམས་ལ་ཅི་བས་ཀྱང་སྲིད་པའི་ཉམས་སུ་དགའ་བ་དག་ནི་འདི་ན་མཆིས་སྙམ། སྐབས་དེར་ཆུ་དྲག་པོའི་སྒྲ་ཞིག་གློ་བུར་དུ་ཐོས་ཤིང་། སྒྲུབ་སློབ་ལགས་ཀྱིས་ཀྱང་ལག་པའི་མཛུབ་མོར་ང་ཚོའི་བགྲོད་ལམ་གྱི་གཡས་ཕྱོགས་སུ་བསྟན་ཏེ་བལྟས་པས། མཁའ་ལ་བསྙེགས་འདྲའི་རི་སུལ་ནས་ལེགས་བྲིས་ཀྱི་དལ་འགྲོ་དང་མཚུངས་པའི་རྦབ་ཆུ་ཞིག  ཆལ་ཆིལ་སྒྲ་དང་བསྡེབས་ནས་ཤར་ཤར་དུ་འབབ་བཞིན་ཡོད་པར་མཐོང་། ཁོང་གིས་གོང་རོལ་གྱི་རྦབ་ཆུའི་མིང་ལ་བྱ་དུར་ལུག་ཆུ་ཟེར་བ་ཡིན་ཞེས་བཤད། ཁོ་བོའི་སེམས་ལ། ཇི་སྐད་དུ་དཀར་ཆག་ལུང་དོན་གསལ་སྒྲོན་ལས། དེ་ཡང་ངོས་འཛིན་སྔ་རབས་པས།། སྤུངས་རིའི་གཡོན་དུ་བདེ་མལ་ནས།། ལུག་ཆུའི་ནགས་ཚལ་བྱ་ཡི་དུར་ཁྲོད་གནས།། རྟོགས་པ་མཆོག་དང་བླ་མའི་སྐུ་གདུང་རྣམས།། ས་གནས་དེ་རུ་བཞག་པའི་གདུང་རྟེན་མང་།། ཞེས་གསུངས་པ་དང་ཅུང་ཟད་ཀྱང་འཁྲུལ་བ་མེད་སྙམ། ལུག་ཆུའི་མདུན་དུ། རྡོ་ཀ་མ་རུས་སྐོར་བའི་བསང་ཁྲི་ལྟ་བུ་ཞིག་ཀྱང་འདུག་པས།  གྲོགས་མཆོག་རེ་གཉིས་དེ་ལ་དད་པ་བསྐྱེད་དེ། རིམ་གྱིས་དགྱེས་པའི་སྐོར་བ་རེ་བྱས་ནས་སྨོན་ལམ་རྣམ་དག་འདེབས་ཀྱིན་འདུག ལུག་ཆུའི་བདེ་མལ་གྱི་གཡས་ངོས་ཀྱི་བྲག་མཐོན་པོ་གླང་ཆེན་དཀར་པོའི་ཁྱུ་འདྲ་བའི་ངོས་སུ་བལྟས་པ་ན། རྒོད་ཀྱི་སྤར་རྗེས་ལྟ་བུ་དང་། ཡིག་འབྲུ། ཕྱག་མཚན་གྱིས་མཚན་པའི་གཟུགས་ཅན་མང་པོར་མཐོང་། དཀར་ཆག་སྤོས་ཀྱི་གླང་པོ་ལས། རྒྱ་ཡི་གཤེན་པོ་ཟིང་བ་མཐུ་ཆེན་དང་།། སྟོང་རྒྱུང་མཐུ་ཆེན་ལ་སོགས་གྲུབ་ཆེན་ཚོགས།། ཤར་རི་དབུ་ཆེན་གྱེར་མི་རིག་འཛིན་དང་།། འཕགས་པ་རྣམ་གསུམ་གཏེར་སྟོན་བོན་གཤེན་རྣམས།། དངོས་སུ་བྱོན་དང་རྫུ་འཕྲུལ་ཞབས་བཅགས་ཏེ།། སྐུ་ལུས་རྫུ་འཕྲུལ་སྣ་ཚོགས་གྲངས་མེད་ཀྱིས།། ཕྱག་རྗེས་ཞབས་རྗེས་གཡུང་དྲུང་ཡིག་འབྲུ་ཡི།།  བྲག་ལ་བཀྲ་ཤིས་ཚོམ་བུ་བཀྲ་ལྟར་མང་།། སྒྲུབ་ཕུག་ཁྱད་འཕགས་ངོ་མཚར་ལྡན་པ་སྟེ།། ཡིད་འོང་བཀོད་འདྲའི་ཉམས་དགའི་གསང་ཕུག་ལ་།། གཡུང་དྲུང་ཡིག་འབྲུ་རང་བྱོན་མང་པོ་ནི།། ཆེ་ཆུང་གྲངས་མེད་མཇལ་སྣང་སོ་སོ་ཡི།། དག་སྣང་དད་པའི་ཡུལ་དུ་མོས་གུས་འབྱུང་།། ཞེས་གསུངས་བར་ཅི་མ་བདེན་སྙམ། དེ་ནས་རིམ་གྱིས་རྫ་ཆུའི་འབབ་གནས་སུ་སླེབས་ཏེ།   ཆུ་དེ་འོག་དཀར་དྭངས་ཤིང་གཟི་མདངས་ཆེ་ལ། ཁ་ལ་རེག་པས་བསིལ་མངར་ཡི་ག་འབྱེད་ཅེས་སྨྲས་ན་ཆོག་པ་ཙམ་ཡོད།  དེ་ཡང་ལུག་ཆུའི་འདབས་ཕྱོགས་ན་ཤིན་ཏུ་ཉམས་དགའ་བའི་ཐང་ཆེན་པོ་ཞིག་མཆིས་པས།  སྤུངས་རིའི་གཡོན་དུ་བདེ་མལ་ནས།། ལུག་ཆུའི་ནགས་ཚལ་བྱ་ཡི་དུར་ཁྲོད་གནས།། ཞེས་པར་དེ་འདིར་ཨེ་ཡིན་ནམ་ཁོ་བོའི་ཡིད་ལ་བསམ་མནོ་ཞིག་སྐྱེས་ནའང་། གློ་བུར་དུ་ཐེ་ཚོམ་གཅོད་དེ། ལར་ཡོངས་སུ་གྲགས་པའི་བྱའི་དུར་ཁྲོད་ཅེས་བྱ་བ་ནི་ས་སྒོར་སྒོར་ཞིག་དང། རྡོ་ལེབ་ལེབ་ལྟ་བུར་ཞིག་ག་ན་ཡིན་སྙམ། དེ་ནས་ལུག་ཆུའི་བདེ་མལ་ནས་འགོ་བརྩམས་ཏེ་གཡོན་ཕྱོགས་བྲག་འགག་ཕྱོགས་སུ་འབབ་དགོས་ལ།  བྱ་དུར་དཀར་ཆག་ལས། ལུག་ཆུའི་གཡས་གཡོན་ན་བྱིན་རླབས་ཅན་གྱི་སྒྲུབ་ཕུག་མང་པོར་བཞུགས་ཡོད་པར་གསུངས་ཀྱང་། དེང་སང་སྦས་ཡུལ་གསང་ཕུག་གྱུར་བས་གར་ཡོད་ངོས་འཛིན་ཤིན་ཏུ་དཀའ། དཀར་ཆག་གེ་སར་ལས། སྒྲུབ་པའི་གཤེན་དགུའི་བྱིན་རླབས་གྲུབ་པའི་རྟགས།། རྒུན་གསུམ་ལྷ་ཡི་མེ་ཏོག་མཛེས་པ་བཀྲ།། གསང་བའི་སྒྲུབ་ཕུག་འཇའ་སྤྲིན་དྲི་བཟང་རྒྱན།། གསེར་ཤིང་ལྗོན་པའི་གསེར་གྱི་མེ་ཏོག་བཤད།། ཙནྡ་ལྗོན་པའི་དྲི་བཟང་སྨན་སྤོས་ཁྱབ།། ཡིད་འོང་ལྷ་ཡི་གཞལ་ཡས་དབེན་ཕུག་གྱུར།། འོག་མིན་མཁའ་སྤྱོད་དགའ་ལྡན་རྩ་གསུམ་གནས།། སྟག་གཟིག་འོལ་གླིང་ཤམ་བྷ་ལ་ཡི་གནས།། འཛམ་གླིང་གནས་ཆེན་གྲུབ་གནས་མཐའ་དག་རྣམས།། བྱིན་རླབས་འོད་ཟེར་ལུ་གུ་རྒྱུད་འབྲེལ་ཏེ།། མཆོག་གི་ལྷ་གནས་ཡིན་པའི་དག་སྣང་གྲུབ།། ཅེས་གསུངས། སྒྲུབ་ཕུག་དེ་དག་ལས། ཆེ་བའི་ས་ཕུག་ནང་སྐྱ་མི་བརྒྱ་ཙམ་ཤོང་སར་ཡོད་པ་དང་། འབྲིང་བ་ནང་དུ་བྱང་ཆུབ་སེམས་དཔའ་བརྒྱ་ཙམ་འཚོགས་ས། ཆུང་བ་རྣམས་ཀྱི་ནང་དུ་མི་བཅུ་ཙམ་བཞུགས་ས། སྒྲུབ་ཕུག་རེ་གཉིས་ཀྱི་མིང་ལ་སྒྲུབ་སློབ་ལགས་ཀྱིས་ཁོ་བོར་བཤད་ཡོད་ནའང་ད་ལྟ་ངས་ཡིད་ལ་དྲན་གྱིན་མི་འདུག་གོ།
IMG_8773.JPG

དེ་ནས་རིམ་གྱིས་ཐུར་དུ་འབབ་པ་ན། གཡས་གཡོན་གྱི་བྲག་རི་ཤིན་ཏུ་མཐོ་ཞིང་གཟར་ལ། བྲག་འགག་དེར་ཁུགས་པ་མང་བས་ལམ་ཡང་ཇེ་དོག་ཏུ་གྱུར། དེ་འདྲའི་འཕྲང་རོང་ནས་ཐུར་དུ་འབབ་པ་སྟེ། རྐང་པར་ངལ་དུབ་ཅུང་ཙམ་ཆེ་ནའང་། ཁོ་བོས་དགའ་བ་བསྒོམས། ཅུང་སྨད་དུ་སླེབས་པ་ན།  ངེད་ཅག་གློ་བུར་དུ་བྲག་རི་མཐོན་པོ་དགུང་ལ་རེག་པ་ལྟ་བུའི་དབར་དུ་ལྷུང་སོང་བའི་སྣང་བར་སྐྱེས་ཤིང་། ཁོ་བོའི་མགོ་བོར་ཡར་བཀྱགས་ནས་བལྟས་པ་ན་དགོང་ཨ་སྔོན་ཚེས་མགོའི་ཟླ་བ་བཞིན་དུ་སྣང་ཞིང་། མགོ་བོར་སྒུར་ནས་བྲག་ཤུར་ལ་བལྟས་པ་ན་མཐའ་འཁོར་བྱ་སྤུས་ཁེངས་ཤིང་། བར་བར་ན་བྱའི་རོ་ཡང་མཆིས།    གཡས་གཡོན་གྱི་བྲག་སུལ་ན་བྱ་མལ་ཆེ་ཆུང་མ་ངེས་པ་མང་པོར་འདུག་པས། བྱ་རིགས་མང་པོ་ང་ཚོའི་མགོ་བོའི་སྟེང་ལྡིང་སྐོར་རྒྱག་བཞིན་ཡོད་པའང་མཐོང་།  གློ་བུར་དུ་ཁོ་བོའི་ཡིད་ལ་བྱའི་དུར་ཁྲོད་ཟེར་བ་སྟེ་འདི་མ་ཡིན་གང་འཇོག་སྙམ།
IMG_8772.JPG

དེ་ཡང་ང་ཚོས་ཤེས་དགོས་རྒྱུ་གཙོ་བོ་ཞིག་ནི། གནས་མཆོག་བྱ་དུར་ནི་བསྐལ་བ་ཡ་ཐོག་གི་དུས་སུ་མེ་རིའི་བྲག་རྡོ་ལས་གྲུབ་པའི་རི་ཚོགས་ཤིག་ཡིན་ཞིང་། རྗེས་སུ། གནས་དེར་ས་ཡོམ་ཆེན་པོར་བྱུང་ནས་རི་བོའི་མཐའ་ངོས་སུ། ས་ཕུག་སྦེས་ཕུག་དང་། བྲག་རོང་བྲག་ཕུག་མང་པོར་བྱུང་བ་ནི་རི་འདིའི་ཁྱད་ཆོས་གཙོ་བོ་ཞིག་སྟེ། ཕྱིས་སུ་ཆུ་བོ་དབང་གི་ཕྱོགས་ནས་འབབ་ཤིང་། མདུན་ན་མེ་ཏོག་གི་གླིང་ཆགས་པ་དང་།  གཞན་གྱིས་བདག་ཏུ་མ་བཟུང་བའི་ནགས་ཚལ་སྟུག་པོ་དང་། བྲག་རིའི་བྱ་སྐྱིགས་བསམ་གཏན་སྒོམ་པའི་གནས་སུ་འོས་པའི་བྲག་ཕུག་ཕྱོགས་ཀུན་ཏུ་གཏམས། རིམ་གྱིས་མཁའ་འགྲོ་འདུ་ཞིང་གྲུབ་ཐོབ་གོང་མས་ཞབས་ཀྱིས་བཅགས་ཏེ། གསར་རྙིང་སྔགས་གཞུང་རྣམས་ནས་གསུངས་པའི་སྒྲུབ་གནས་ཀྱི་མཚན་ཉིད་ཐམས་ཅད་ཚང་བ་སྟེ། ཞི་གནས་སྐྱེ་བའི་གནས་ནགས་ཚལ་མཐུག་པོ། ལྷག་མཐོང་སྐྱེ་བའི་གནས་ས་ཁད་མཐོ་ཞིང་རིག་པ་དྭངས་པ། རྟོགས་པ་འཆར་བའི་གནས་རིག་འཛིན་གོང་མའི་སྒྲུབ་གནས། རྒྱབ་རི་སྒོམ་ཆེན་དང་སྤང་མཐིལ་སྐྱིལ་ཀྲུང་བཅས་འདྲ། བདེ་སྟོང་གཏུམ་མོ་སྒོམ་པའི་གནས་གཅོང་རོང་རི་སུལ།   བོགས་འདོན་སྤྱོད་པ་བསྐྱང་བའི་གནས་འཇིགས་པའི་དུར་ཁྲོད་སོགས་མདོར་ན་ཕྱི་ནང་གི་རྟེན་འབྲེལ་མཐའ་དག་བསྒྲིག་པར་ནུས་པ་དང་། ནང་ལྟར་ཡོན་ཏན་རིན་པོ་ཆེའི་བྲག་གི་མཛོད་དུ་ལྷུན་གྱིས་གྲུབ་པ་དེ་དག་ཚང་མར་འདི་ན་འཛོམས་པ་དང་། གཞན་ཡང་གནས་རི་འདིར་གྲོང་ལས་རྒྱང་གྲགས་ལྷག་པར་འཕགས་ལ་དབེན་ཅིང་ཉམས་སུ་དགའ་བ་སྟེ་དགུན་གསུམ་མི་ཡལ་བའི་ལྷ་ཡི་སྐྱེད་ཚལ།། དུས་བཞི་མི་འགྱུར་བའི་གསེར་ལོ་ལྗོན་འབྲས།། ཞེས་དཀར་ཆག་ལས་བཤད་པའི་དོན་དང་མཐུན་པས།   ཕྱོགས་སོ་སོའི་བྱ་རིགས་སྣ་ཚོགས་ཀྱང་ཡོངས་སུ་དེ་ལ་འཕུར་ཡོང་ནས་ཚང་བཞག་པ་དང་།  སྒོ་ང་བསྙལ་བ། རྗེས་སུ་བགྲེས་ནས་ཤི་བའི་བར་དུ་དེ་ལ་བཞུགས་པས་ན་བྱའི་དུར་ཁྲོད་དུ་ཆགས་པས་མངོན་པ་ནས་བཤད་པའི་དོན་དང་མཐུན་སྙམ། དཀར་ཆག་ལུང་དོན་གསལ་སྒྲོན་ལས། བྱ་ཡི་དུར་ཁྲོད་ཟེར་བའི་རྒྱུ་མཚན་ནི།། བྲག་ལ་རྒོད་ཀྱི་སྤར་རྗེས་རང་བྱོན་ཡོད།། ངན་སོང་འཇིགས་སྐྱོབ་ཡི་གེ་ཨ་རང་བྱོན།། གཡུང་དྲུང་བཀའ་རྟགས་ལ་སོགས་བྱིན་རླབས་ཅན།།  དུར་མལ་ས་དེར་བྱ་ཀོ་བྱ་སྤུས་གང་།། བྱ་རིགས་སྣ་ཚོགས་འཕུར་ལྡིང་བྱ་ཚོགས་མང་།། ངེས་འཛིན་ཡང་དག་གྲུབ་པའི་སྐལ་སྡན་རྣམས།།  དད་མོས་གུས་པའི་ཞལ་མཇལ་ཐོབ་པ་དེས།། ཕྱི་མར་རིག་འཛིན་མཁའ་སྤྱོད་བདེ་ཆེན་གྱིས།། ཞིང་ཁམས་དེ་རུ་སྐྱེ་བའི་ཐུགས་རྗེས་འདྲེན།། ཞེས་གསུངས་པ་དང་། སྐྱང་འཕགས་དཀར་ཆག་ལས།  བྱ་རྒྱལ་ཁུ་བྱུག་གཙོ་བོའི་བྱ་རིགས་ཀྱིས།། སྐད་སྙན་སྒྲོག་ཅིང་དུར་བྱ་ཀང་ཀ་དང་།། རྒོད་གླག་ཚོགས་ཀྱིས་འཕུར་ལྡིང་རྩེད་འགྱུར་བྱེད།། བྱ་རིགས་འདབ་ཆགས་ལ་སོགས་སེམས་ཅན་རྣམས།། ཐོད་པ་ཕོག་ཆོག་གང་མཇལ་ཐར་ལམ་འདྲེན།། ཞེས་དང་། དཀར་ཆག་དད་པའི་འདྲེན་བྱེད་ལས། བྱ་རྒྱལ་ཁུ་བྱུག་གཙོས་པའི་བྱ་རིགས་ཀྱིས།། སྐད་སྙན་སྒྲོག་ཅིང་དུར་བྱ་ཀང་ཀ་དང་།། རྒོད་གླག་ཚོགས་ཀྱིས་རྩེ་ལ་ལྡིང་སྐོར་བྱེད།། དེ་ཕྱིར་བྱ་དུར་གནས་ཞེས་ཡོངས་སུ་གྲགས།། ཞེས་གསུངས་པས་ཕྱིར་རོ།།
IMG_8769.JPG

མདོར་ན་བྱའི་དུར་ཁྲོད་ཀྱི་གནས་ཡུལ་ངེས་བཟུང་ཡང་སྟག་ལའི་སྒྲུབ་ཕུག་གི་གཡོན་ཕྱོགས་ཀྱི་ལུང་ཕུག་སྟེ་ཆུ་ལུག་བདེ་མལ་ནས་བཟུང་སྟེ།  ཤར་ཕྱོགས་བྱ་དུར་རྒྱལ་སྒོ་ཐུག་བའི་བར་ཀྱི་ལུང་ཕུག་བྱིངས་ལ་བྱའི་དུར་ཁྲོད་ཀྱི་གནས་ཡུལ་ཡིན་པར་ཁོ་བོས་བསམས། དེ་འདྲ་བྱས་ན་བྱ་དུར་དཀར་ཆག་ལས་གསུངས་པའི་བྱའི་དུར་ཀྱི་བདེ་མལ་ངེས་བཟུང་དང་ཡོངས་སུ་མཐུན་པར་སྣང་།  དེ་ལ་དེ་ལྟར་ཡིན་པར་སྙམ་པས། ང་ཚོས་ཀྱང་བྱའི་དུར་ཁྲོད་གཡས་གཡོན་གྱི་ཉམས་དགའ་བའི་བྲག་རིས་གཟུགས་ཅན་ངོས་སུ་མངོན་སུམ་དུ་འཕོས་ནས་བཞུགས་པའི་བྱ་ཚོགས་མང་པོར་དང་བྲལ་ཏེ། རིམ་པར་བྱ་དུར་རྒྱལ་སྒོའི་ཕྱོགས་སུ་བདེ་བླག་ཏུ་སླེབས་ཤིང་། ཕྱོགས་མཚུངས་སུ་ངེད་ཅག་ཉིན་གཅིག་གི་འགྲོ་ལམ་དེར་ཐོག་མཐའ་བར་གསུམ་དུ་ལྷོང་དང་རྡུལ་གྱི་རྣམ་པ་སོགས་གེགས་པར་ཕྲ་མོའང་མེད་པར་བཀྲ་ཤིས་ལ་བྱིན་ཆགས་པར་བྱུང་ངོ་།།  དགེའོ། །

མུ་འགོད་བྱ།
གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་མུ་ཁྲི་བཙན་པོ་ལས་བཤུས།