ཤར་གཉན་དུང་རི་དཀར་པོར་གནས་སྐོར་དུ་བསྐྱོད་པའི་ཟིན་བྲིས།

ཤར་གཉན་དུང་རི་དཀར་པོར་གནས་སྐོར་དུ་བསྐྱོད་པ་དད་པའི་དྭངས་གསལ་མཛེས་པའི་མེ་ལོང་།
IMG_0989.JPG

   མདོ་ཁམས་ལྗོངས་སུ་གནས་ཆེན་ཉེར་ལྔ་ཞེས་ཡོངས་སུ་གྲགས་པ་ལས། ཡོན་ཏན་གྱི་གནས་ལྔ་པོ་སྡེ་བཞི་དགེ་བཅུས་མཚན་པའི་གངས་ཅན་བོད་དང་རྒྱའི་ས་མཚམས་འདིར་བཞུགས་པའི་ཤར་གཉན་དུང་རི་དཀར་པོ་འདིར།   སྔུན་གྱི་དུས་ནས་ཕ་མེས་ཡང་མེས་རྣམས་ཀྱིས་མགྲིན་གཅིག་ཏུ་བསྔགས་པ། འདི་ཉིད་དུས་ནམ་དུའང་བྱིན་རླབས་དང་ལྡན་ཞིང་ཕྱག་བསྐོར་སོགས་ཀྱི་ཕན་ཡོད་གནས་ཡིག་ལས་འབྱུང་བ་ལྟར་ཡོད་པ་གཞིར་བཅས།  སྤྱི་ལོ་2017ལོ་ཧོར་ཟླ་དྲུག་པའི་ཚེས་20ཉིན། ཁོ་བོ་དང་མཆེད་གྲོགས་འགའ་ཤས་མཉམ་དུ་ཤར་གཉན་དུང་རིའི་གནས་བསྐོར་ལ་འབྱོན་རྩིས་བྱས་པ་ཡིན།

IMG_0995.JPG

    དེའང་ཚེས་21ཡི་ནམ་ཕྱེད་ཡོལ་ཙམ་ནས་ངེད་ཕ་བུ་གཉིས་ཀྱིས་ཉིན་གསུམ་ལ་བཟའ་རྒྱུ་འདང་བའི་བྲོ་ཁ་ཅོག་བུ་ནང་ཆུད་ནས་རྒྱབ་ཏུ་ཁུར་ཏེ་ལམ་དུ་ཞུགས་ནས་འདུ་འཛོམས་པའི་གནས་ཡུལ་དེ་སྐྱང་སྨད་ལུང་མདོའི་གཙོ་ཚང་རྒུར་སླེབས་ཤིང་། མ་འགོར་བར་དད་ལྡན་ཚང་མ་རིམ་པར་འདུས་ཏེ་ཀུན་གྱི་ཡིད་ལ་དགའ་བའི་བཞིན་མདངས་ཕྱུག་པས་ངར་སྟོབས་ཀྱི་སྤོབས་པ་ཆེར་སྐྱེད། ཁོ་བོས་ཀྱང་ལོ་སྔོན་རིང་བའི་ཁས་བླངས་དམ་བཅའ་དེ་ལེགས་པར་འགྲུབ་འོང་སྙམ་ནས་རང་གིས་རང་ལ་སྙིང་ནས་མོས་པ་སྐྱེས་ཤིང་།ཡིན་ནའང་ཚང་མས་ཤེས་གསལ་ལ་ཤར་གཉན་དུང་རི་དཀར་པོའི་གནས་བསྐོར་འདིར་ལམ་ཐག་རིང་ཞིང་འགྲོ་བའང་ཤིན་ཏུ་དཀའ་བ་ཡོད་པ་སྟེ་ཡུལ་མིའི་དད་ལྡན་ཀུན་གྱིས་ཡང་ཡང་སྨོས་པས། ཁོ་བོའི་ཡིད་ལའང་སེམས་ཁྲལ་ཅུང་ཙམ་བྱས་ཏེ། རྒྱུ་མཚན་ནི་རང་གི་བུ་གཅེས་པད་མ་བསམ་འགྲུབ་དེ་ལོ་ན་ཆུང་བ་དང་། རི་མཐོན་པོར་དེ་འདྲ་བརྒལ་མ་མྱོང་བར་ཐེངས་འདིའི་གངས་སྐོར་ལ་ངལ་དུབ་ཆེ་ཐག་ཆོད་པར་སྨོས་ཅི་དགོས་བསམ་ཞིང་། བསམ་ཞིང་བསམ་ཞིང་སླེབས་ནས་ཟིང་ཆུ་མཁའ་བརྒྱུད་དེ་བྱོན་པ་ན་ང་ཚོའི་རླངས་འཁོར་ནང་ཡུན་རིང་དུའང་འཕྲུལ་སྒྲ་ཙམ་ལས་དད་ལྡན་རྣམས་ཁ་རོག་ཏུ་གཅམ་མེ་བསྐུངས་འདུག   བར་མཚམས་སུ་བདག་གིས་ཨ་ཁུ་བཀྲ་ཤིས་ལ། ད་ས་གང་དུ་ཐོན་ཡོད་ཅེས་དྲིས་པས། ཁོང་གིས་མཁར་སྐྱོང་ལུང་མདོར་བྱོན་ཡོད། ཅེས་ལན་བཏབ།

IMG_0996.JPG

   མཁའ་སྐྱོང་ལུང་མདོ་ནི་མེན་ཅང་ཤང་(岷江གི་གཡོན་ཕྱོགས་སུ་གནས་པས། ལུང་ཕུད་དོག་ཞིང་ཆུ་སྒྲའང་ཅུང་ཆེ་ལ། དེ་རྒྱུད་ལ་གཙོ་བོའི་ལམ་གཅིག་རང་ལས་མེད་པ་དེ་ནི་ལུང་བའི་གཡོན་ངོས་སུ་ཡོད་དེ། མཁའ་སྐྱོང་ཆུ་བོའི་གཡས་ཕྱོགས་ནི་ཤིན་ཏུ་གཟར་བའི་བྲག་རི་ཡིན་པས། ཡར་བལྟས་ན་གནམ་སྔོན་མོ་ལས་གཞན་ཅི་ཡང་མི་མཐོང་། ལམ་བུར་བརྒྱུད་ནས་ཡར་ཐེག་ན་རིམ་བཞིན་མི་རྣམས་འཚོ་སྡོད་བྱ་སའི་གྲོང་སྡེ་དང་ས་ཞིང་ཡུལ་ཁུལ་དུ་སླེབས་ཤིང་། དེ་ཅུང་ཟད་བཏེགས་རྗེས་ལམ་ཇེ་བཟང་དང་ལུང་ཁོག་ཇེ་ཡངས་སུ་གྱུར་ནས་ང་ཚོའི་མིག་ལམ་དུ་ལུང་བའི་ཕྱོགས་ཐམས་ཅད་ངོ་མཚར་བཀོད་པའི་ནགས་ཚལ་གྱིས་སྤྲས་ཤིང་། ཁོ་བོའི་ཡིད་ལ་ཇི་འདྲ་བའི་ས་ཞིང་ཡུལ་ཁུལ་སྐྱིད་པོ་ཞིག་རེད་ལ་བསམ་སྟེ། དེ་ཙམ་ན་ཨ་ཁུ་བཀྲ་ཤིས་ཀྱིས་ཀྱང་ང་ཚོ་འབྱོར་སོང་ད་སར་བབ་ཞེས་སྐུལ་འདེད་དང་བཅས་ངེད་ཅག་རིམ་བཞིན་རླངས་འཁོར་ལས་བབ་སྟེ་བལྟས་པས། ཡུལ་ཁོག་ཡངས་ཤིང་རྒྱ་ཆེ་བ་ཙམ་ཞིག་འདུག་ལ། ལུང་བའི་གཡོན་ཕྱོགས་ཀྱི་འདབ་ན་དགོན་པ་ཆུང་ཆུང་ཞིག་འདུག་པས་དེ་ནི་མཁའ་སྐྱོང་དགོན་པ་ཡིན་པ་ཤེས་སོ།།

IMG_1011.JPG

   མཁའ་སྐྱོང་དགོན་པ་ནི་མདོ་སྨད་འཕགས་པ་རྣམ་གསུམ་གྱི་ཡ་གྱལ་འགྲོ་མགོན་སྐྱང་འཕགས་མུ་ལ་དྲུང་མུ་ཞེས་གྲུབ་ཐོབ་རིག་འཛིན་ཆེན་པོས་སྤྱི་ལོ1169ལོ་བོད་རབ་བྱུང་གསུམ་པའི་ས་གླང་ལོར་ཤར་དུང་རིའི་གནས་མདུན་དུ་གསར་བཏབ་མཛད་པའི་དགོན་པ་ཞིག་ཡིན། དེ་ཡང་འབྲེལ་ཡོད་ཀྱི་ལོ་རྒྱུས་ལས། གྲུབ་ཐོབ་སྐྱང་འཕགས་ཆེན་པོ་ནི་རབ་བྱུང་གཉིས་པའི་མེ་རྟ་( 1126)་ལོར་སྐུ་བལྟམས་ནས་དགོང་ལོ་ཉེར་བཞི་རབ་བྱུང་གསུམ་པ་ས་སྦྲུལ་( 1149)་ལོར་ཤར་ཁོག་ལ་འགྲོ་དོན་དུ་ཕེབས། དགོང་ལོ་སོ་གསུམ་རབ་བྱུང་གསུམ་པ་ས་སྟག་(1158)་ལོར་ཧོར་ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན་གནས་ཆེན་ཤར་གཉན་དུང་རི་དཀར་པོ་འདིར་གནས་སྒོ་ཕྱེ་ནས་གསེར་མཚོ་ལུང་བ་ནས་ཡར་དུང་རིར་མཆོད་པ་ཕུལ་བ་གསུངས་ཡོད་པས། ཤར་དུང་རི་མཁའ་སྐྱོང་མགོན་པ་ནི་ཁོང་དགོང་ལོ་བཞི་བཅུ་ཞེ་ལྔའི་ཐོག་ཏུ་གསར་བཏབ་མཛད་པ་ཡིན་པར་ཤེས་ཐུབ། དེ་ཡང་གནས་ཆེན་དུང་རིའི་གནས་སྒོ་ཕྱེ་དུས་ཀྱི་སྔ་གཞུག་ཏུ་ཁོང་གིས་གནས་མཆོག་བྲག་བྱ་རྒོད་དང་བྱང་བྱ་དུར་སོགས་གནས་ཆེན་མང་པོར་གནས་སྒོ་ཕྱེ་ཡོད་པས། ཕྱོགས་ཤར་ཁོག་གི་དད་ལྡན་མང་པོས་ཁོང་ལ་དད་པ་ལྷག་པར་འཕེལ་ཏེ། དུང་རིའི་དགོན་པ་ལའང་མཇལ་ཕྱག་སྐོར་གསུམ་བྱེད་མཁན་མང་དུ་བྱུང་ཞིང་སྙན་གྲགས་ཆེས་ཆེར་རྒྱས། ཡིན་ནའང་ད་ལྟ་ང་ཚོས་མིག་ལམ་དུ་མཐོང་བའི་དུང་རི་མཁའ་སྐྱོང་དགོན་པ་འདི་ནི་ཕྱི་མར་དུས་བསྐལ་གྱི་འཕོ་འགྱུར་མང་པོར་བྱུང་བའི་རྐྱེན་གྱིས་རིག་འཛིན་གྲུབ་པའི་དབང་པོས་དངོས་སུ་ཕྱག་བཏབ་པའི་དགོན་པ་དངོས་ཏེ་མིན་ནའང་། ལོ་རྒྱུས་སུ་གྲུབ་ཆེན་ཁོང་དང་འབྲེལ་བ་ཤིན་ཏུ་ཆེ་བ་ཡོད་པས། མཐོང་མ་ཐག་ང་རང་དད་འདུན་ལྷང་གིས་ཤར་ཏེ་མོས་གུས་རང་ཤུགས་ཀྱིས་སྐྱེ་བར་འགྱུར་རོ།།

IMG_0994.JPG

   མཁའ་སྐྱོང་དུང་རི་དགོན་པ་ནས་ཡར་ཟུར་བགྲོད་པའི་ལམ་གོང་ན་ གསེར་ནག་ཆུ་མིག་ཅེས་ཆུའི་འོད་དཀར་དྭངས་ཤིང་གཟི་མདངས་ཆེ་ལ། ཁ་ལ་རེག་པས་བསིལ་མངར་ཡི་ག་འབྱེད་པའི་ཆུ་མིག་ཁྱད་མཚར་ཞིག་ཡོད་དེ། དད་ལྡན་རྣམས་ཀྱིས་གཏེར་གྱི་ཆུ་མིག་གམ་སྐྱང་འཕགས་གཏེར་ཆུ་ཞེས་བརྗོད་ནས་ཆུ་མིག་གི་མདུན་དུ་སླེབས་ཚེ་ཁྲུས་བྱེད་པ་དང་། ཤུག་བསང་གི་མཆོད་པ་འབུལ་བ། རླུང་རྟ་གནམ་མཁའི་དབྱིངས་སུ་གཏོར་བ་བཅས་བྱེད་སྒོ་ཁག་རིམ་བཞིན་སྤེལ་གྱི་ཡོད། དེའང་ཤར་ཁོག་གི་དད་ལྡན་རྣམས་ཀྱིས། གཏེར་ཞེས་པའི་འདུ་ཤེས་སམ་ཐ་སྙད་དེ་ནི་རི་བོ་སོགས་ཚུད་པའི་གནས་སུ་གནས་སྒོ་ཕྱེ་བ་དང་། དེ་ལ་བསྐོར་བ་བྱེད་པའི་སྲོལ་དར་བའི་ཐོག་མའི་རྒྱུ་རྐྱེན་ཞིག་ཡིན་པར་འདོད་དེ། གཏེར་ཆུ་འདྲེན་རྒྱུ་དེའང་ངེས་པར་དུ་བླ་མ་ཚད་ལྡན་ཞིག་གིས་རི་དེ་དག་གི་ས་གཤིས་སོགས་གང་གི་ཆ་ནས་བལྟས་ཀྱང་རྟེན་འབྲེལ་གྱི་མཛད་སྒོ་དམིགས་བསལ་གྱི་ཁྱད་ནུས་ལྡན་དགོས་ལ། གཏེར་ཆུ་ཕལ་ཆེར་གངས་ཆུ་ཡིན་པས་ཆུ་མཆོག་ཡན་ལག་བརྒྱད་ལྡན་ཞེས་ཀྱང་བཤད། དེ་ཡང་གངས་ཅན་ཡུལ་ན་གནས་རི་ཞེས་པའི་གོ་བབས་ཐོབ་པ་ཕལ་ཆེར་གཏེར་ཆུ་དང་གཏེར་ཆུ་འདྲེན་མཁན་གྱི་ཚད་ལྡན་བླ་མ་རེ་ཡོད་དེ། དཔེར་ན། ཀོང་ཡུལ་བོན་རི་གནས་ཆེན་རི་ཆེན་སྤུངས་རིའི་ཉེ་འདབས་སུ། སྟོན་པ་གཤེན་རབ་ཀྱི་བྱིན་གྱིས་བརླབས་པའི་ཁྲུས་ཆུ་ཡན་ལག་བརྒྱད་དང་ལྡན་པའི་ཆུ་མིག་ཞིག་ཡོད་པ་དེ་སྟོན་པའི་གཏེར་ཆུ་ཞེས་བརྗོད་པ་དང་། ཟུང་ཆུ་སྐུ་བླའི་ཡ་གྱལ་བྱང་བྱ་དུར་གནས་རིའི་ཤར་ཕྱོགས་ན་ཆུ་མྱིག་དཀར་མོ་ཞེས་པ་དེ་ཡང་རྒྱ་བོན་ཟིང་བ་མཐུ་ཆེན་གྱི་གཏེར་ཆུ་ཡིན་པས་ཟིང་ཆུ་ཞེས་པས་ལུང་ལས་གྲུབ། གཏེར་ཆུ་གསེར་ནག་ཆུ་མིག་འདིའང་སྔོན་རབས་ནས་བཟུང་སྟེ་རིག་འཛིན་སྐྱང་འཕགས་ཀྱིས་བྱིན་གྱིས་བརླབས་པའི་གཏེར་ཆུ་ཡིན་པ་སྟེ་ཡུལ་མི་ཀུན་གྱི་རྣ་བར་རྒྱུན་འབྱམས་སུ་ཕྱིན་ཡོད་པས། རྣལ་འབྱོར་གྲུབ་ཐོབ་ཆེན་པོ་རྟོགས་ལྡན་རྒྱལ་བ་དབང་ལྡན་གྱིས། ཆུ་འབེབས་གཞའ་ཚོན་འོད་འབར་ལ།  །གང་མཐོང་ཚེ་ཡི་དངོས་གྲུབ་ཐོབ།  །ཅེས་བསྔགས་བརྗོད་མཛད་ཡོད་པའི་གནས་ཡུལ་ཁྱད་པར་ཅན་ཞིག་ཡིན།

IMG_0991.JPG

    གསེར་ནག་ཆུ་མིག་ནས་གྱེན་དུ་ཀྱག་ཀྱོག་གི་ལམ་བུ་བརྒྱུད་དེ་ཡར་སོང་ཚེ་བྱོན་ལམ་གཉིས་ཡོད་དེ། ཕྱོགས་གཅིག་ནི་མཁའ་སྐྱོང་སྡེ་བའི་ཕྱུགས་ལམ་དེ་ལུང་བ་འདིའི་ཆུ་ཀླུང་བརྒྱུད་དེ་འགྲོ་དགོས་ཤིང་། ཕྱོགས་གཅིག་ནི་དུང་རིའི་བསྐོར་ལམ་ཡིན་པས་ལུང་བའི་གཡོན་ཕྱོགས་ཀྱི་རི་སྐེད་ཀྱི་ལམ་བུར་འཛེགས་ནས་འབྱོན་དགོས། དེ་ནས་བསྐོར་ལམ་བརྒྱུད་དེ་ཡར་ཅུང་ཕྱིན་པ་ན། ལམ་ཁའི་གོང་ན་བྲག་མདོག་དཀར་ཤིང་ངོས་འཇམ་ལ། དཀྱིལ་ན་ཁུང་བུ་དབྱིབས་གོར་མོ་རང་བྱུང་ཡོད་པ་ཞིག་འདུག    དད་ལྡན་རྣམས་ཀྱིས་སྐྱང་འཕགས་ཀྱིས་གཏེར་སིལ་དྲངས་རྗེས་ཞེས་བཤད་དེ། དེར་སླེབས་པ་དང་སོ་སོས་མགོ་གདོང་བ་དང་། ལག་རེག་པ་སོགས་མོས་གུས་སྣ་ཚོགས་བྱེད་བཞིན་འདུག  དེ་ནས་གྱེན་དུ་ཅུང་ཙམ་སོང་བ་ན། ཉམས་དགའ་བའི་སྤང་ཁ་ཞིག་ལ་སླེབས་ཤིང་། ས་ཆ་འདིར་ཉམས་བདེ་ལ། ས་བབ་ཡང་ལེགས་པ་ཞིག་གདའ་བས་གནས་སྐོར་བ་རྣམས་ཀྱི་གླིང་ཁ་གཏོད་སའམ་ངལ་གསོ་རྒྱག་སའི་ས་གནས་ཤིག་ཀྱང་ཡིན། སྤང་ཁའི་ཟུར་ན་ཤུལ་གནས་ཤིག་ཡོད་དེ། ལམ་ཁྲིད་ཀྱིས་དེ་ནི་མཆོད་རྟེན་གྱི་སྔོན་ཤུལ་རེད། གནའ་དུས་ཨ་སྡོང་འགོ་བས་རྒྱག་པ་ཡིན་ཞེས་བཤད་ཀྱང་ད་ལྟ་ཤུལ་ཙམ་མ་གཏོགས་མཇལ་ཡུལ་དུ་ཅིའང་མེད། ཤུལ་གནས་གཡོན་ཕྱོགས་སུ་ལམ་འཕྲང་ཞིག་ཡོད་པ་དེ་ནི་མཚོ་བསྐོར་གྱི་ལམ་ཡིན་པ་བཤད་པས། ལམ་འཕྲང་བརྒྱུད་ནས་ཡར་རི་རྩེར་འབུད་ན་དུང་རིའི་མཚོ་རིང་མཇལ་དགོས་ལགས་པས་ང་ཚོ་དེའི་ཕྱོགས་སུ་འབྱོན་མ་ཐུབ། དེ་ནས་གཡས་ཕྱོགས་ཀྱི་བསྐོར་ལམ་བརྒྱུད་དེ་ཅུང་ཐུར་དུ་བབས་པ་ན་བྱང་ཕྱོགས་ལུང་བ་ལས་བབས་པའི་རྫ་ཆུ་གཙང་མ་ཞིག་བརྒལ་དགོས་ཤིང་། དེ་བརྒལ་ནས་ཕ་གའི་རི་ངོས་སུ་སླེབས་ཚེ། ནགས་ཀླུང་སྟུག་པོར་རྒྱས་ནས་བགྲོད་ལམ་ཅུང་དཀའ་བ་ཤིག་ཏུ་སྣང་། ལམ་ཁའི་གཡོན་ངོས་སུ་བྲག་སེང་གེ་གནམ་དུ་མཆོང་བ་འདྲ་བ་མང་པོར་འདུག་པས་ཕར་བལྟས་ན་འཇིགས་ཤིང་སྐྲགས་པའི་སྣང་བ་སྐྱེས། དེ་ནས་གྱེན་དུ་འཛེགས་པ་ན་མར་ཁུ་གཤོང་ཞེས་བྱ་བའི་གནས་དབེན་པ་ཞིག་ཏུ་སླེབས་ཤིང་། གནས་ཡུལ་ཁྱད་མཚར་ཅན་དེ་ན་སྐྱང་འཕགས་སྒྲུབ་ཕུབ་ཀུན་བརྟན་མ་ཟེར་བ་དང་བར་དོ། བདུད་སྲིན་དམ་ལ་བཏགས་རྟགས་རྫུ་འཕྲུལ་གྱི་ཞབས་རྗེས་དང་། ཡིག་འབྲུ་རང་བྱོན་དང་ཟུར་ན་སྣང་སྲིད་ཀུན་སྒྲོལ་གྱི་ཆིབས་རྗེས། སྲིད་གསུམ་དབང་བསྒྱུར་བའི་བླ་རི་མ་ཚོགས་སྤྲིན་དཀར་འཁྱིལ་བ་ཞེས་པ་སོགས་མཇལ་དགོས། དེ་མ་ཟད་ཕ་རོལ་བྲག་རི་ཚོགས་གཏོར་འདྲ་བ་ལ་ལྗོན་ཤིང་གདུགས་ཕུབ་པ་ལྟ་བུའི་ངོས་སུ་སྔོན་བྱོན་གྲུབ་པའི་ཁྱུ་མཆོག་རྣམས་དང་གཏེར་ཆེན་དུ་མ་དང་བྱ་བྲལ་གྲུབ་བརྙེས་མང་པོའི་སྒྲུབ་ཁང་། ཕྱག་རྗེས་ཞབས་རྗེས་སོགས་ངོ་མཚར་བའི་རྟགས་དུ་མ་འདུག་ཅེས་ལམ་ཁྲིད་ཀྱིས་གླེང་ནའང་རྒྱང་ནས་མཐོང་ཡང་རྩ་རུ་མ་ཐོན།

IMG_1006.JPG

   དེ་ནས་ཡར་ཅུང་ཙམ་ཕྱིན་པ་ན་ནགས་ཚལ་སྟུག་པོ་དེ་རེ་ཞིག་རྫོགས་ཏེ། ཐང་བདེ་ལ་ཡངས་པའི་སྤང་འབུར་མེ་ཏོག་གི་ཚལ་ཡོད་པའི་ཞིང་ཁམས་ཤིག་ཏུ་སླེབས་ཤིང་། གནས་དེར་སྨན་སྤོས་ཀྱི་དྲི་རྒྱུན་ཆད་མེད་པར་འཐུལ་བས་ཁོ་བོ་སླེབས་པ་ཙམ་གྱིས་རང་ལུས་གྱི་རྔུལ་ཆུ་ཐོན་པ་དེ་ལྷག་མེད་དུ་སངས་བའི་ཚོར་བ་སྐྱེས་ཤིང་། ཡིད་ལ་བརྗོད་མི་ཤེས་པའི་སྤྲོ་སྣང་ཞིག་ལྷང་ངེ་ལྷང་གི་སྐྱེ་གི་ཡོད་པ་ནི་སྐབས་དེའི་རང་གི་ཉམས་སུ་མྱོང་བ་ལགས། དེ་ནས་སྐོར་ལམ་བརྒྱུད་དེ་ཡར་འཛེགས་ནས་སོང་བས་སྟེང་དུ་སླེབས་ཚེ། མི་མགོ་བྲག་ཁུང་ཞེས་ས་གཞི་ཁོད་སྙོམས་པ། མེ་ཏོག་སྣ་ཚོགས་བཀྲ་ཞིང་དྲི་ངད་ལྡང་བའི་དབུས་ན། རྡོ་ཀར་མ་རུ་པ་ལས་གྲུབ་པའི་ཕ་བོང་གླིང་ཆེན་འདྲ་བའི་བྲག་ལེབ་མོ་ཅན་ཤིན་ཏུ་ཆེ་བ་གཉིས་ཁ་སྣོལ་ཏེ་མཐའ་ལྷུང་ལྷུང་འབབ་པའི་དྭངས་གཙང་ཆབ་ཀྱིས་བསྐོར་བ། ནང་དུ་རྒྱ་ཆེ་ལ་ཁོད་སྙོམས་པ། བྲག་རྡོ་བར་ལ་ཟང་ཐལ་ཡོད་པའི་གནས་ཁྱད་པར་ཅན་ཞིག་འདུག་པ་དེར་སླེབས།  མི་མགོ་བྲག་ཁུང་ནས་མར་བལྟས་ཚེ། ཕྱོགས་བཞིའི་འབབ་ཆུ་ཐམས་ཅད་ལྷུང་ལྷུང་སྙན་པའི་སྒྲ་འབྱིན་ཞིང་། ཆུ་ཐིགས་ཟིལ་པ་མེ་ཏོག་དཀར་པོའི་རྣམ་པ་ལང་ལོང་དུ་འཐོར་བ། མདུན་རི་ནགས་ཀྱིས་བརྒྱན་པའི་རི་བོའི་སྟོད་ན་སྤྲིན་དཀར་གྱི་ཐོད་བཅིང་གསར་པས་བརྒྱན་པའི་རི་ངོགས་མཐོ་ཞིང་བརྗིད་ཆགས་པའི་བར་མཚམས་ཀུན་ཏུ་ཁ་དོག་དང་དབྱིབས་ཀྱི་བྱེ་བྲག་སྣ་ཚོགས་པས་མཛེས་པའི་སྤང་རི་དང་རྫ་རིའི་ཕྲེང་བས་བརྒྱན་ཞིང་། སྨད་ཀྱི་ཆ་རྣམས་སུ་ལྷ་ཤིང་གཡུ་ལོ་ལྗོན་པས་དཀྲིགས་ཤིང་རྩ་དང་མྱུ་གུའི་སྐྱེད་ཚལ་གྱི་སྨན་ལྗོངས་རྣམས་སུ་བྱ་དང་རི་དྭགས་ཀྱི་གནས་ཁྱིམ་བཟང་བ། རི་མདོ་ན་རྫ་ཆུ་གཙང་མའི་ཉལ་འགྲོ་གྱ་གྱུར་བབས་པའི་མདའ་ན་ནོར་ཁྱུ་ཚོགས་ལ་ལ་ནི་རྒྱུགས། ལ་ལ་ནི་ངུར། ལ་ལ་ནི་འགྲེས། ལ་ལ་ནི་མཆོངས། ལ་ལ་ནི་གར་བྱེད་པ་སོགས་མདོར་ན་སྐྱེ་རྒུ་ཡོངས་ཀྱི་ཡིད་དབང་འཕྲོག་ཐུབ་པའི་ཡོན་ཏན་གྱི་ཁྱད་པར་མང་པོས་ཡོངས་སུ་ཕྱུག་པའི་གནས་ཡུལ་ཁྱད་པར་ཅན་ཞིག་ཡིན་ཏེ། དེའི་ནུབ་མོར་ང་ཚོ་བག་ཡངས་སོ་གསོད་ཀྱི་ངང་ནས་དེར་གཞི་ཕབ་ནས་བསྡད་པ་ཡིན།

IMG_0998.JPG

           ཕྱི་ཉིན་ནམ་ཕྱེད་ཡོལ་ཙམ་ནས་ང་ཚོས་གནས་སྐོར་བྱ་རྒྱུའི་འགོ་བརྩམས་ཤིང་། ནམ་ལངས་ནས་ཉི་ཤར་བར་ལ་མཚོ་ནག་མ་ཞེས་མཚོ་འཇིགས་སུ་རུང་བ་ཞིག་ཡོད་པ་དེར་སླེབས། མཚོ་མོ་འདིར་གཞན་དང་མི་འདྲ་བའི་ཁྱད་ཆོས་ཤིག་ཡོད་པ་ནི་མཚོ་མདོག་ནག་ཅིང་མཚོ་རླབས་ཅུང་ཆེ་བ་ཞིག་འདུག   ཨ་ཁུ་བཀྲ་ཤིས་ཀྱིས་སྔར་མིའི་ངག་སྒྲོས་ལས་གང་ཟག་སྟག་ལོ་བ་རྣམས་མཚོ་འགྲམ་འབྱོན་མི་རུང་སྟེ། མཚོ་རླབས་ཀྱིས་མི་དེར་མཚོ་གཞུང་ནང་དུ་འདྲེན་ཤས་ཆེ་ལ། སོ་སོའི་མཐོང་ཡུལ་དུ་གྱུར་ན་ཆོག་ཞེས་བཤད་ཀྱང་ཁོ་བོའི་སེམས་ལ། སྤྱིར་ཤར་ཁོག་གི་དད་ལྡན་ཀུན་གྱིས་གཉན་ཆེན་དུང་རིའི་མཐའ་འཁོར་ན་མཆིས་པའི་གངས་རི་བྲག་དཀར་མེ་རི་མཆོད་འདྲ་བ། རྫ་རི་སྟག་མོ་རྔམ་འདྲ་བ། སྤང་རི་ནོར་བུ་སྤུངས་འདྲ་བ། དེའི་གསེབ་ཏུ་དབྱིབས་མི་འདྲ་བ་མེ་ཏོག་པད་མའི་གཟུགས་སུ་བཀོད་པའི་མཚོ་ཆེན་བརྒྱ་དང་རྩ་བརྒྱད། མཚོ་ཆུང་སུམ་བརྒྱ་དྲུག་ཅུ། བལྟས་ན་ཉམས་དགའ་བ། ཐོས་ན་སྒྲ་སྙན་པ། བཏུང་ན་དྲི་བྲལ་བ་ སོགས་ཚང་མར་གྲུབ་ཐོབ་གྱེར་མི་སྐྱང་འཕགས་དང་གོང་མ་རིག་འཛིན་རྣམས་ཀྱིས་སྔ་རྗེས་སུ་བྱིན་གྱིས་རླབས་པའི་གནས་སམ་སྲིད་པའི་རྒྱལ་མོའི་བླ་མཚོ་ཡིན་པར་འདོད་པས། གོང་གི་ངག་སྒྲོས་དེ་ཡང་རང་གི་བསམ་པའི་ཡིད་ཆེས་ལ་རག་ལས་པ་ནི་སྨོས་མེད་ལགས།  དེ་ནས་ཡར་ཕྱིན་པ་ན་ང་ཚོའི་བསྐོར་ལམ་སྟེ་གཡས་ཕྱོགས་རི་བོ་ལས་འགྲིལ་ཡོང་བའི་རྩིག་རྡོ་མང་པོ་ཡོངས་སུ་བཀྲམ་འདུག་པས། གྱེན་དུ་འཛེག་པའི་གོམ་ཚུགས་བརྟན་པོ་ཞིག་སྤོ་རྒྱུའང་དཀའ་མོ་འདྲ་སྣང་མོད། འོན་ཀྱང་གྱེན་གྱི་སྐོར་ལམ་གྱི་དམིགས་འཛིན་ས་ནི་དུང་རིའི་འཕྲག་གདོང་ཡིན་སྟབས། དད་ལྡན་རྣམས་གནས་རི་དེ་མཐོང་མ་ཐག་སྙིང་ནས་དད་འདུན་ལྷང་གིས་ཤར་ཏེ་རྩེ་གཅིག་ཏུ་དཀའ་ཚེགས་ལ་མི་བལྟ་སྟེ་རེམ་ཞིང་བརྩོན་པའི་ངང་ནས་རིའི་རྩེར་འཛེག་པ་ཡིན།

IMG_0990.JPG

   དུང་རིའི་འཕྲང་གདོང་ནི་ང་ཚོ་གངས་སྐོར་གྱི་ལམ་བར་ལས་ཆེས་མཐོ་བའི་ལ་ཁིས་ཤིག་ཡིན་ཤིང་། དེར་རྒྱ་མཚོ་ངོས་ལས་མཐོ་ཚད་སྨི་5000 ལྷག་ཙམ་ཡོད་དེ། འཕྲང་གདོང་གི་སྟེང་ནས་ཕར་བལྟས་ན་ཤར་གཉན་དུང་རི་ཡེ་ནས་རང་བྱུང་ལྷུན་ལ་རྫོགས་པ་མ་བརྩིགས་དཔང་མཐོ་ལ། གཟུགས་དང་དབྱིབས་ཀྱང་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་གྱི་རྣམ་པ་བཀྲ་བའི་དགེ་མཚན་གྱིས་མཛེས་ཤིང་།  ཁོ་བོའི་ཡིད་ལ་ལྷ་རི་འདིར་དངོས་གནས་གཡུ་འབྲུག་སྔོན་མོའི་རྩལ་གྱིས་འགྲན་མི་ནུས། རབ་དཀར་རྩེ་མོ་ཨ་སྔོན་དགོང་ལ་བསྙེགས། ཞེས་པའི་མིང་དོན་དེ་ཉིད་དུ་མཚོན་པའི་ལྷ་རི་ངོ་སོ་བསྟོད་པའི་སྣང་བ་རང་བཞིན་དུ་ཤར། དུང་རིའི་གནས་ཡིག་ལས། གངས་རིའི་རྩེ་མོ་དགུང་ལ་བསྙེགས་པའི་མིང་དོན་མཚོན་པའི་ལྷ་རི་ཞིག་ཡིན་ཏེ། ཕྱི་ལྟར་ན་དཀར་བ་དུང་གི་ཁང་བཟང་། ནང་ལྟར་ན་དྲི་མེད་ཤེལ་གྱི་མཆོད་རྟེན། གསང་བ་ལྟར་ན་ཡི་དམ་རྒྱལ་བའི་དཀྱིལ་འཁོར། རི་རབ་བང་རིམ་ལྟར་མ་བཅོས་ལྷུན་གྱིས་གྲུབ་པའི་བརྗིད་ཉམས་ལྡན་ཞིང་འགྱིང་ངེར་བཞེངས་པ། དུས་རྣམ་ཀུན་ཏུ་དབུ་རྩེ་ལ་སྤྲིན་དཀར་གྱི་དབུ་གདུགས་དང་གཞའ་འོད་ཀྱི་བླ་བྲེ་ལ་སོགས་ཡ་མཚན་པའི་རྟགས་མང་བོ་གྲངས་ཀྱིས་མི་ལོང་བ་རྒྱུན་ཆགས་སུ་ཡོད། ཅེས་དང་། རྟོགས་ལྡན་ཡོན་ཏན་ཕུན་ཚོགས་ཀྱིས་གསུངས་པའི་དུང་རྩེ་དཀར་པོའི་གནས་ཡིག་ལས་ཀྱང་།དབུ་རྩེ་སྤྲིན་དཀར་གཞའ་འོད་གུར་ཁང་ན་ཞི་བའི་ལྷ་ཚོགས་བར་སྣང་སྐར་ཚོགས་བཀྲ། རྒྱལ་བ་རྒྱ་མཚོའི་ཞིང་ལ་ཉག་ཐག་སྦྲེལ། དེ་འོག་གངས་རི་མང་པོས་བསྐོར་བའི་རྩེར། རིག་འཛིན་མཁའ་འགྲོའི་མ་ཚོགས་རྣམ་པར་བཀྲ། ཞེས་གོང་མ་རིག་འཛིན་རྣམས་ཀྱིས་གནས་རི་དེར་ཤིས་བརྗོད་ཡང་ཡང་ཕུལ་སྣང་བ་མ་ཟད། གནས་རི་འདིའི་ས་རྡོ་རི་བྲག་ཐམས་ཅད་ཀྱང་ཁ་དོག་དང་དབྱིབས་ཀྱི་རྣམ་པ་མ་ངེས་པ་འཇའ་འོད་ཟེར་དང་ཐིག་ལེའི་རྣམ་པ་ཤ་སྟག་ཏུ་ཡོད་པས། གདུལ་བྱ་སེམས་ཅན་གྱིས་གུས་པ་དང་བསྟོད་ཕྱག་འབུལ་བར་སྨོས་ཅི་དགོས་ཏེ། མཁས་པའི་གསུང་རྒྱུན་ནམ་གནའ་མིའི་ངག་རྒྱུན་ལས་ཐོས་པ་ལྟར་ན། རྨ་ཀླུང་རིང་མོ་དེ་རྨ་ཆེན་སྤོམ་ར་ནས་རི་ལུང་ཐམས་ཅད་བརྒལ་ནས་མཛོད་དགེ་ཐང་བསྐོར་བྱོན་སྐབས། རྐ་ཆུ་བསུ་མར་བྱོན་ནས་གཉིས་ཀས་ལྷན་དུ་གཉན་ཆེན་དུང་རི་གངས་དཀར་རིན་པོ་ཆེའི་རྩེ་མོ་གནམ་ས་འབྲེལ་མཚམས་ན་བུད་ཡོད་པ་དེར་མཇལ་ཏེ་མཆོད་འབུལ་གྱི་ཚུལ་དུ་འཁུགས་ཡར་ངོ་ཟླ་དཀར་བཞིན་བསྐོར་ནས་བྱང་ཕྱོགས་སུ་བཞུར་སོང་། ཞེས་དང་། དེ་དང་དེ་བཞིན་དད་ལྡན་རྣམས་ཀྱང་གནས་རི་འདིར་མཐོང་མ་ཐག་ལྷ་ཚོགས་ཝལ་གྱིས་བཀྲ་ལམ་མེར་མངོན་སུམ་དུ་མཇལ་བ་སྣང་བཞིན་དགའ་ཞིང་མགུ་བའི་ངོ་སོ་བསྟོད་པ་མངོན་དུ་བྱུང་ཞིང་། སྨོན་ཚིག་དང་གསོལ་འདེབས་མཆོད་བསྟོད་སོགས་སྐད་ཅིག་ཙམ་ཡང་མི་ཡེངས་བར་མཛད་བཞིན་འདུག་གོ།

 IMG_0993.JPG

   དེ་ནས་བསྐོར་ལམ་བརྒྱུད་དེ་ཐུར་ཤིན་ཏུ་གཟར་མོ་ཤིག་གཞོལ་དགོས་ལ། རི་རྩར་སླེབས་ནས་ཅུང་ཞིག་ཕྱིན་པ་ན་བསྐོར་ལམ་གྱི་གཡོན་ཕྱོགས་ན་རྡོ་ཀར་མ་རུ་པ་ལས་གྲུབ་པའི་བྲག་ངོས་འཇམ་ལ་མདོག་དམར་སེར་ཅན། དབྱིབས་མ་བཅོས་བྲག་འཇའ་ཚོན་གྱི་རི་མོ་དར་ཟབ་སྣ་ཚོགས་བཤམས་པའི་འདྲ་བ་ཤིག་གྱེན་དུ་བཞེངས་སུ་བཞུགས་པའི་ཚུལ་ཅན་ཞིག་འདུག  དད་ལྡན་རྣམས་ཀྱིས་དུང་རིའི་ཡིག་རྩིག་ཅེས་བཤད། དུང་རིའི་ཡིག་རྩིག་གི་ཕྱོགས་ཡོངས་སུ་དྭངས་གཙང་ཆུ་ཐིགས་ཟིལ་པ་མེ་ཏོག་དཀར་པོའི་རྣམ་པ་ལང་ལོང་དུ་འཐོར་བ་དེ་ནི། སྲིད་པའི་རྒྱལ་མོས་བྱིན་གྱིས་བརླབས་པའི་ཁྲུས་ཆབ་ཡིན་པར་འདོད་པས་དད་ལྡན་རྣམས་དེར་སླེབས་པ་དང་འཐུང་ཞིང་མགོ་ལུས་བཀྲུ་བ་སོགས་བྱེད་བཞིན་འདུག   རང་དང་བུ་གཅེས་པད་མ་གཉིས་ཀྱིས་ཀྱང་དད་མོས་ལྷག་བསམ་དུ་སྐྱེས་ཤིང་ལུས་གུས་པའི་མགོ་བོ་གཏུགས་ནས་གང་བསམ་འདོད་པ་འཇོ་བའི་དངོས་གྲུབ་འབྱུང་བའི་གསོལ་འདེབས་སྨོན་ལམ་ཡང་ཡང་བཏབ། ཡིད་ལ་རྒྱལ་བའི་བཀའ་ཐམས་ཅད་ཡིག་རྩིག་འདིའི་ཐོག་ལ་བརྩེགས་ཡོད་པ་སྣང་བའང་འཆར། དེ་ནས་བྲག་ངོས་སུ་བལྟས་པ་ན་ཡི་གེ་ཨ་དང་གཅན་གཟན་སྟག་གི་སྤར་རྗེས། ཆིབས་རྟའི་རྨིག་རྗེས་སོགས་ཁྲ་ཐ་ལེ་ཤིན་ཏུ་གསལ་བའི་མཚན་པའང་མཐོང་སྟེ། དེའང་སྔ་རབས་ལོ་རྒྱུས་ལས། སྐྱང་སྲས་ནམ་མཁའ་རྒྱལ་མཚན་ཉིད་ཀྱིས།  །གཅན་གཟན་སྟག་ལ་བཀའ་བསྒོ་བོན་འབྲེལ་བཞག  །འཁོར་བའི་ཉེས་དམིགས་མི་རྟག་བོན་འཆད་གསུང་། །ཡུལ་འདིར་ལྷ་འདྲེའི་བྱད་ཁ་ཟློག་ཕྱིར་དུ།  །སྟག་གི་སྤར་རྗེས་བྲག་ལ་བཀའ་རྟགས་བཞག ཅེས་གསུངས་པ་ཀུན་གྱིས་མཇལ་སྣང་གྲུབ།

IMG_1009.JPG 

   དེ་ནས་ཕར་འཕྲེད་ལམ་བརྒྱུད་དེ་སོང་བ་ན། ཐང་ཅུང་ཙམ་ཡངས་ལ་མཐོང་གསལ་བ་ཡོད་པའི་གནས་ཡུལ་ཞིག་ལ་སླེབས་ཤིང་། ཐང་དེའི་དཀྱིལ་ན་དངུལ་གྱི་གཞོང་བ་ལ་འོ་མས་གང་བ་ལྟ་བུར་མཚེའུ་ཞིག་འདུག་སྟེ། དད་ལྡན་རྣམས་ཀྱིས་མཚོ་དོང་ཙེ་ཞེས་བཤད། མཚོ་དོང་ཙེའི་གཡས་གཡོན་གྱི་རི་སྐེད་དུ་རྡོ་ལ་སོགས་པས་དབྱིབས་སྣ་ཚོགས་གདུགས་དང་འཕན་དར་རྒྱལ་མཚན་ལྟ་བུས་མཛེས་ཤིང་ཡིད་དུ་འོང་བ་བརྒྱན་ཏེ། བྲག་མཚམས་སུ་སྟག་ལ་སྤུ་གྲི་ནག་པོ་ལ་སོགས་ཕོ་ཉ་དྲེགས་པ་བཅོ་བརྒྱད་བླ་བྲག་བླ་རི་བླ་མཚོ་དང་དབལ་རི་ཟུར་གསུམ། ཟླ་གམ་བྲག་ཕུག་གཏིང་རིང་ལ་སོགས་གསང་བའི་བྲག་ཕུབ་དགུ་རེ་མི་འགྱུར་ཕོ་བྲང་བཏབ་ནས་ཡོད་ཅེས་གནས་ཡིག་ལས་གསུངས་ནའང་། རྒྱང་ནས་མཐོང་བ་ལས་རྩ་རུ་མ་ཐོན། རི་མདོར་ཕ་བོང་གཟུགས་བསམ་གྱིས་མི་ཁྱབ་པ་ཆེ་ཆུང་གང་ལ་གང་འཚམས་མ་ངེས་པ་ཅན་སོགས་ལ་ལ་ནི་ལྗོན་ཤིང་འདྲ་བ། ལ་ལ་ནི་རུས་སྦལ་འདྲ་བ། ལ་ལ་མི་མགོ་འདྲ་བ། ལ་ལ་སྲིན་པོ་འདྲ་བ། ཕ་བོང་ལ་ལ་སྤྲེའུ་འདྲ་བ་དང་བཅས་རང་བཞིན་མེད་པར་བཞུགས་ཡོད་དེ།  ཕ་བོང་དེ་དག་གི་ངོས་སུ་གྲུབ་བརྙེས་རིན་འཛིན་མང་པོ་བྱོན་པའི་ཞབས་རྗེས་བཀའ་རྟགས་སོགས་ཤིན་ཏུ་གསལ་བ་ཡོད་པར་བཤད་ཀྱང་རེ་རེ་བཞིན་མཇལ་མ་ཐུབ། དེའི་མཚམས་སུ་གློ་བུར་དུ་སྤྲིན་ཆར་གྱིས་འཐིབས་པའི་རི་ལུང་གང་བོ་སྤྲིན་འཁོར་སྨུག་འཁྲིགས་བྱས་ཏེ་དགུང་ཨ་སྔོན་བརྟོལ་བ་ཙམ་གྱི་གངས་རི་རྣམས་ཀྱང་སྐབས་རེར་མཐོང་ལ་སྐབས་རེར་བསྒྲིབས་པས་སྤྲིན་དང་སྨུག་པའི་གསེབ་ལ་ལྡིང་བའི་སྣང་བ་འཆར། སྐབས་དེར་བུ་གཅེས་པད་མ་བསམ་འགྲུབ་ཀྱིས་ཕ་བོང་ཁྱུང་ཆེན་འདྲ་བའི་སྟེང་དུ་ཡར་ལངས་ནས་ང་ད་རེས་མ་གཏོགས་སྤྲིན་སྨུག་ནང་བསྡད་མ་མྱོང་། ད་སྨུག་པ་ནང་བསྡད་དེ་འཕུར་དགོས་པ་ཡིན་ཟེར་ནས། གླུ་མགུར་མ་འཐེན་གྱིན་འཐེན་གྱིན་གར་སྟབས་བསྒྱུར་བ་དང་མཉམ་པར་འཇོག་པའི་སྟངས་བྱས་ནས་དགའ་ཉམས་ཆེན་པོ་བྱེད་བཞིན་འདུག་པས་དད་ལྡན་ཀུན་གྱི་ཡིད་དགྱེས་ཚོར་ཆེན་པོ་གནང་བྱུང་། དེའི་ཚེ་སྐོར་བརྒྱུད་འཚགས་རན་པས། སྨུག་པ་ན་བུན་ལང་མ་ལིང་གིས་ང་ཚོའི་སྐོར་ལམ་སྟེ་ཅུང་མི་མཐོང་བ་སྣང་ཡང་། ང་ཚོས་ལམ་འཁྲིད་ཀྱི་རྐང་རྗེས་སུ་བསྙེགས་ནས་གཡོན་ཕྱོགས་རི་ངོས་སུ་རིམ་པར་འབྱོན་པ་ཡིན། དེ་ནས་མཚམས་ཤིག་ན་ང་ཚོའི་མིག་ལམ་དུ་ལྷང་སེར་ནམ་ལང་ཉི་མ་ཤར་བ་ལྟར་འགྱུར་ཏེ་བལྟས་པས། ངེད་ཅག་རི་མདོ་རིའི་རྩ་བ་ནས་ན་བུན་ཞོ་ཆགས་པ་ལྟར་འཁྲིགས་པའི་ནང་ནས་ཡར་ཕྱིན་པས་གནས་རིའི་རྐེད་པ་ཡན་ཆད་ན་བུན་མེད་པས་ཕྱོགས་ཐམས་ཅད་གསལ་བའི་ཉམས་དགའ་བ་ཞིག་འདུག་ལ། དད་ལྡན་ཀུན་གྱིས་དེ་མཐོང་མ་ཐག་ཐུགས་རབ་ཏུ་དགྱེས་ཤིང་དགའ་སྤྲོ་དྭངས་པའི་དད་པས་ཡི་རང་ཕུལ། དེ་ནས་ཅུང་ཙམ་ཕྱིན་པ་ན་རི་མགོ་ནས་འགྲིལ་ཡོང་བའི་རྩིག་རྡོ་ཡོངས་སུ་བཀྲམ་ཡོད་པས། མི་རྣམས་རྐང་འདྲེད་མི་འཆོར་བའི་གོམ་ཚུགས་བརྟན་པོ་ཞིག་སྤོ་རྒྱུའང་ཤིན་ཏུ་དཀའ། ཁོ་བོའི་ཡིད་ལ་ཤར་གཉན་དུང་རི་ནི་གཏེར་གྱི་རྫོགས་ལྡན་སྨན་གྱི་རི་ཞེས་བཤད་པས། གནས་ཆེན་འདི་ལ་གསེར་དང་། དངུལ། ཟངས། ལྕགས། རྡོ་ཕ་ལམ། ཆུ་ཤེལ། མིག་ཤེལ། གཤའ་རྡོ་ལ་སོགས་གཏེར་ཁ་ཕུན་སུམ་ཚོགས་པ་འདུས་ཡོད་ལ། མིག་ལམ་གྱི་གནས་ཚུལ་འདི་ནི་མི་ལ་ལས་སྡིག་པ་བྱས་པའང་དགེ་བ་ལྟར་འགྱུར་སྟོབས་ཆེ་སྟེ། གནས་རི་འདིའི་རྩི་ཤིང་གཅོད་ཅིང་བྲག་བཤིག་ས་རྦབ་བསྒྲིལ།  རི་འདིར་གནས་པའི་སྲོག་ཆགས་གསོད་པ་སོགས་མི་དགེ་བའི་ལས་སྣ་ཚོགས་བྱས་པའི་འབྲས་བུ་སྟེ་འདིའོ་སྙམ།IMG_1009.JPG

IMG_1004.JPGIMG_1004.JPG 

    དུང་རིའི་རྒྱལ་སྒོ་ཁ་ནི་གཉན་ཆེན་དུང་རིའི་ཤར་ངོས་སུ་བྲག་དཀར་རལ་གྲི་གནམ་ལ་ཕྱར་བ་འདྲ་བའི་ངོས་སུ་ཉག་པོའི་ཚུལ་ཅན་ཏེ་སྒོ་ཆེན་དབྱིབས་ཅན་གྱི་རྣམ་པ་ལྟ་བུར་ལམ་འཕྲང་ཞིག་ཡོད་པ་དེར་ཟེར་བ་ཡིན་ཞིང་། དད་ལྡན་ལ་ལས་བྲག་སྣ་ཤོ་ཁིས་ཡང་ཟེར། དུང་རིའི་རྩེ་བསྐོར་རམ་ནང་བསྐོར་བརྒྱུད་ལམ་ལས་འབྱོན་ལམ་ཅུང་དཀའ་ཞིང་ལ་ཐུར་ཅུང་གཟར་བ་ཡོད་པའི་རི་བོ་ཞིག་ཀྱང་ཡིན། ཡུལ་འདིར་དུས་བཞིར་གངས་ཆགས་འདུག་པས། ལར་ཧོར་ཟླ་དྲུག་པའི་ཚེས་བཅོ་ལྔ་ནས་ཉི་ཤུ་ལྔའི་བར་འགྲོ་དགོས་པ་མ་གཏོགས་མི་ཐར་ཏེ། དེའང་དུང་རིའི་གནས་ཡིག་ལས། དུང་རིའི་རྒྱལ་སྒོའི་གཡས་གཡོན་ན་འབྲུག་རང་འཁྱིལ་མཇལ་རྒྱུ་ཡོད་ཅེས་གསུངས་ཡོད་པར་རིང་ནས་ཡིད་ལ་ངེས་བཞིན་མཇལ་འཕྲད་འོང་བ་བསམ་ནས་བདག་ཡིད་རབ་ཏུ་དགྱེས་ཤིང་དད་མོ་རྩེ་གཅིག་པས་རིག་པ་བསྒྲིམས་ནས་རི་བོའི་གྱེན་དུ་འཛེགས་ནས་སླེབས་པ་ན།  རྒྱལ་སྒོའི་གཡོན་རིའི་བྲག་ངོས་སུ་གཡུ་འབྲུག་སྔོན་མོ་གནམ་འཕང་གཅོད་འདྲའི་གཡུ་རལ་དང་། མཇུག་མ། སྤར་མོ་སོགས་རྗེན་པར་འདོན་པའི་ཚུལ་དུ་བཞུགས་ཤིང་། གཡས་རིའི་བྲག་ངོས་སུའང་དེ་དང་དེ་ལྟ་བུ་ཁྱད་པར་ཅན་ངེས་པར་སྣང་བས། དད་ལྡན་རྣམས་དེར་མཐོང་བ་དང་དགའ་ཞིང་མགུ་བའི་ངོ་སོ་བསྟོད་པ་མངོན་དུ་བྱུང་སྟེ། སོ་སོས་སྨོན་ཚིག་དང་གསོལ་འདེབས་མཆོད་བསྟོད་སོགས་ཅི་རིགས་པར་མཛད་བཞིན་འདུག   ཁོ་བོའི་ཡིད་ལ་དེའི་བྱེ་བྲག་གི་སྣང་ཚུལ་ཏེ་ཇི་ལྟ་བུ་ཡིན་པར་ཁ་ཚོན་གཅོད་པར་མི་ནུས་ཀྱང་། སྤྱིར་རང་ཉིད་ཀྱི་བསམ་ཚོད་མོས་བློས་ཡར་གཞལ་ཙམ་ལ་ཧ་གོ་ཞིང་དོན་རྟོགས་ངེས་སྙམ།IMG_1003.JPG

IMG_1003.JPG

   བྲག་རྒྱལ་སྒོ་ནས་འགོ་བཟུང་སྟེ་མར་སོང་ན། ཅུང་ཟད་ཐུར་གཟར་མོ་བགྲོད་ལམ་ཤུལ་ཐག་རིང་ཙམ་དུ་ཡོད་པ་ཞིག་ལ་འགྲོ་དགོས་ཏེ། སྔ་རྗེས་སུ་བྲག་སྐས་གོང་འོག་བར་གསུམ་སྟེ་བྲག་སྐས་གོང་མ་དང་། བྲག་སྐས་བར་མ། བྲག་སྐས་འོག་མ་སོགས་དབབ་དགོས། སྐོར་གནས་འདིར་སླེབས་སྐབས་ཁོ་བོའི་ཡིད་ལ་རྟོགས་ལྡན་ཡོན་ཏན་ཕུན་ཚོགས་ཀྱི་དུང་རིའི་གནས་ཡིག་ལས། ཁོ་བོ་ཤར་དུང་རི་ལ་འགྲོ་བའི་སྐབས་སུ། འཆི་མེད་གྲུབ་དབང་དང་མཉམ་དུ་སོང་བའི་དུས་ན། ཁ་བ་ནི་ཆེན་པོ་འབབ། ཆུ་ནི་ཆེན་པོ་འབྲུབ་པས། ལམ་ལ་སྡུག་བསྔལ་ཆེན་པོ་བྱུང་ནས། ཨ་ཧ་ཧ་ཟེར་བའོ། ཞེས་པ་དེ་དྲན་བྱུང་། ཡང་དེ་ལས། གཉན་ཆེན་དུང་རི་ལ་བསྐོར་ལམ་རྣམ་པ་གསུམ་དུ་ཡོད་པའི། ལྷ་ཡི་གཡུང་དྲུང་སེམས་དཔའ་དང་། མིའི་གྲུབ་ཐོབ་ཕོ་མོ་རྣམས། གངས་ཆེན་དག་པའི་མགུལ་དུ་བསྐོར། གང་ཟག་དད་ལྡན་ཚུལ་དང་ལྡན་པས་གངས་བྲག་བར་དུ་བསྐོར། འགྲོ་བ་རིགས་དྲུག་གྱིས་མཐའ་བསྐོར་མཚོ་ཆེན་བརྒྱ་དང་མཚོ་ཕྲན་བཅུ་དྲུག་བླ་མ་ཡི་དམ་མཁའ་འགྲོ་གསུམ། གནས་ཆེན་བརྒྱ་དང་གནས་ཕྲན་བཅུ་དྲུག་མ་ལུས་བསྐོར་ན་ཙ་རི་རོང་ཆེན་བསྐོར་བ་དང་འདྲ་བའི་ཕན་ཡོན་མཉམ། ཞེས་གསུངས་པའི་སྣང་བཞིན། ཁོ་བོ་ཐོག་མ་གནས་འདིར་སླེབས་སྐབས་དབུགས་ཀྱང་དངངས་ཤིང་།  ཡིན་ནའང་ལ་ཐུར་འཕྲང་རོང་གིས་ངལ་དུབ་བྱུང་ན་དོན་མེད་དེ། འཇིག་རྟེན་བྱ་བ་དཀའ་བ་དང་བླང་དང་མི་མཚུངས་པར་སྙམ་ནས་སྒྲིབ་པ་བྱང་བའི་དགའ་བ་བསྒོམ། གནས་སྐབས་ཀྱི་བགྲོད་ལམ་འདིར་གངས་དང་བྲག་འཕྲང་སོགས་ཅུང་མང་བ་སྟེ། སྐྱེ་བོ་ཕལ་བ་རྣམས་ཀྱིས་བགྲོད་པར་ཅུང་དཀའ་བ་འདྲ་སྣང་མོད། འོན་ཀྱང་དགེ་སེམས་དད་ལྡན་རྣམས་ཀྱིས་བྲག་ངོར་མིས་མི་ཐར་སར་ཐག་པས་གོང་འོག་སྦྲེལ་ནས་སྐས་ཀྱི་གདང་ལྟར་འཐེན་ཡོད་པས་མིའི་ལུས་ལ་ངལ་དུབ་དེ་འདྲ་མི་སྣང་། དེ་ལས་ལྡོག་སྟེ་གཟུགས་སྣང་རང་བྱུང་གི་སྣང་བརྙན་ཡང་རིམ་པར་གངས་རི་དང་། བྲག་རི། གཡའ་རི་དང་སྤང་རི་ལྷུན་སྡུག་ཅིང་མཛེས་པས། རི་ཐམས་ཅད་མདོག་སྔོ་སེར་དམར་ལྗང་དཀར་བའི་འབྱུང་བ་ལྔའི་ཁ་དོག་སོགས་བར་སྣང་ཁམས་ཀྱི་འཇའ་ཚོན་ལས་ཀྱང་བཀྲ་བ། ལམ་གྱི་གཡས་གཡོན་ན་བཞུགས་པའི་གངས་ཆུ་གྲང་བ། རྫ་ཆུ་བསིལ་མ། གཏེར་ཆུ་ཁོལ་མ། ཆུ་ཕྲན་ཆུ་སྣ་མི་གཅིག་ཁྲི་མ་འབུམ་བསམ་གྱིས་མི་ཁྱབ་པ་ཆེ་ཆུང་གང་ལ་གང་འཚམས་མ་ངེས་པ་སོགས་ཤར་དུང་རི་ལ་དྲི་མེད་པའི་ཁ་བཏགས་དཀར་པོ་འབུལ་བར་འདྲ་ལ། བལྟས་ན་ཉམས་དགའ་བ། ཐོས་ན་སྒྲ་སྙན་པ། བཏུང་ན་དྲི་བྲལ་བ། མདོར་ན་གནས་འདིར་སླེབས་པ་ཙམ་གྱིས་རིག་པ་དྭངས། དགེ་སྦྱོར་འཕེལ། རི་རྣམས་ཚེ་ལྷ་དང་། ཆུ་རྣམས་ཚེ་ཆུ་ཡོད་པའི་རྟེན་འབྲེལ་གྱིས་དད་ལྡན་མི་རྣམས་སེམས་གྱི་སྡིག་སྒྲིབ་དག་པ་བཅས་ཡོན་ཏན་ལྡན་ནོ།   །དེ་ནས་བརྒྱུད་ཆུ་ཐུར་དེད་རིམ་པར་ཕྱིན་པ་ན་ལུང་མདོར་ཆུ་ཀླུང་དྲག་པོ་རྒྱུགས་བའི་འཁྲིས་སུ་སླེབས་ཤིང་། ཨ་ཁུ་བཀྲ་ཤིས་ཀྱིས་ཆུ་གཞུང་འདི་ནི་ཤར་ལྷོ་རི་བོ་གཉིས་ཀྱི་རྫ་ཆུ་བསིལ་མ་ཡོངས་སུ་འདུས་པ་ལས་བྱུང་བའི་ཆུ་གཞུང་ཅུང་ཆེ་བ་ཞིག་ཡིན། ཆུ་གཞུང་འདིའི་མིང་ལ་གཙང་ཆུ་གཤེན་ཆུ་རབ་མེད་ཟེར། མི་མང་འུར་སྒྲ་ཡིས་ཆུ་གློ་བུར་བྲུག་བྱུང་ན་ཆུ་དེ་བརྒལ་དཀའ་བ་ཞིག་ཀྱང་ཡིན།ཞེས་གསུངས་ཤིང་། ངེད་ཅག་ཆུ་གཞུང་འཁྲིས་སུ་སླེབ་མ་ཐག་རེ་དོགས་མེད་པར་འཐུང་ཞིང་མགོ་ལུས་བཀྲུ་བ་སོགས་བྱས་ནས་ཀུ་ཅོ་བཤུགས་པ་སོགས་སྐད་ཆེར་མི་འདོན་པ། གཅིན་སྟུག་སྣབས་ལུད་དོར་བ་སོགས་མི་བྱ་བར་རིག་པ་བསྒྲིམས་ནས་ཆུའི་ཕར་རོལ་དུ་བརྒལ་བ་ཡིན། ཆུའི་ཕར་ཁ་ན་ས་བབ་བདེ་ཞིང་སྙོམ་པ་ཞིག་འདུག་ལ། མཐའ་འཁོར་དུ་སྨན་སྤོས་སྣ་ཚོགས་རྩི་ཏོག་རྒྱས་ཤིང་མེ་ཏོག་དཀར་དམར་འདྲ་མིན་ཕྲ་ཚོས་ལྟར་བཞད་པ། སྐེད་པར་འབྲས་བུ་ཅན་གྱི་ཤིང་། ཡན་ལག་བརྒྱད་ལྡན་གྱི་ཆུ། སྨྱུག་མའི་ནགས་ཚལ བ་ལི་ལྗོན་ཤིང་སོགས་རིགས་མི་འདྲ་བའི་ནགས་ཚལ་སྟུག་པོས་རི་ལུང་ཀུན་ཏུ་ཁྱབ་འདུག   བྱ་རིགས་སྣ་ཚོགས་ཀྱི་སྐད་འགྱུར་དང་འཕུར་ལྡིང་རྩེད་འཇོ་བག་ཡངས་པར་སྒྱུར་ཞིང་གནས་པ། དེར་སླེབས་པ་ཙམ་གྱིས་སྔུན་གྱི་ངལ་དུབ་སངས་ཞིང་ཀུན་ནས་དགའ་བའི་བཞིན་མདངས་ཕྱུག་སྟེ། རང་ཉིད་ཀྱང་འཛུམ་བཞད་ཀྱིས་ཅི་ཡང་ཟེར་མ་ཕོད་ནས་ཁ་རོག་ཏུ་གཅམ་མེ་བསྐུངས། དེའི་ནུབ་མོར་ངེད་ཅག་གནས་དེར་བསྡད་པ་ཡིན།   

IMG_1008.JPG

   ཕྱི་ཉིན་ཐོ་རངས་ནམ་ལངས་དུས་སུ་ལུང་ཁོག་ཐམས་ཅད་སྨུག་པས་ཡང་ཡང་བཀང་སྟེ་མཚར་ཆེ་བའི་རྣམ་འགྱུར་སྟོན་པའི་ཚུལ་དེར། དད་ལྡན་རྣམས་ཀྱང་དགའ་མགུ་ཡི་རང་སྐྱེས། དེ་ནས་གཡས་ཕྱོགས་སུ་གཤེན་གྱི་ལ་བོ་ཆེ་ཞེས་འབོད་པའི་རི་མཐོན་པོ་མཚོན་ཆ་གནམ་དུ་སྒྲེང་པ་ལྟ་བུ་ཞིག་བརྒལ་དགོས་ལ། ཐོག་མར་ང་ཚོ་ཆུ་མིག་ཤར་ཤར་ཐོན་པའི་ཆུ་རྒྱུད་གྱེན་དེད་དུ་ཕྱིན་པ་ཡིན། ཅུང་ཙམ་ཞིག་ཐེག་པ་ན་སྐོར་ལམ་དེ་གཡས་ཕྱོགས་ཀྱི་བྲག་རི་མཚོན་ཆ་གཟིང་འདྲ་བའི་ངོས་སུ་འཁོར་ཏེ། ལམ་བརྒྱུད་དེ་ཧ་ཅང་གཟར་ཞིང་དོག་པས། ཁོ་བོའི་ལུས་ལ་དཀའ་སྡུག་ཅུང་ཙམ་བྱུང་ཡང་མ་འཛེམས་པར་ཤེད་ཀྱིས་བུ་གཅེས་པད་མའི་རྗེས་སུ་བསྙེགས་ནས་གཤེན་གྱི་ལ་བོ་ཆེའི་རི་རྩེར་སླེབས་པ་ཡིན། དེ་ཡང་གཤེན་གྱི་ལ་བོ་ཆེ་ཞེས་པའི་རི་བོ་འདིར་ཆེས་ཡ་མཚན་ཆེ་བ་ཞིག་སྣང་བ་ནི། རི་མཐོན་པོ་ཡིན་ཡང་། རྩེ་མོ་རྫ་རི་དང་སྤང་ལྗོངས་མེ་ཏོག་སོགས་རབ་ཏུ་མཛེས་པ། རི་སྐེད་ཡོངས་སུ་ཤིང་འབྲས་སྣ་ཚོགས་ཀྱི་ཚལ་ཆེན་རྒྱས་ནས་འདབ་ཆགས་བྱ་ཚོགས་སྙན་པའི་སྐད་འབྱིན་ཞིང་། རི་དྭགས་སྣ་ཚོགས་བག་ཡངས་སུ་རྒྱུ་བ་སོགས་མདོར་ན་མདོ་རྒྱུད་ཐམས་ཅད་ནས་གསུངས་བའི་ས་དཔྱད་ཐམས་ཅད་ལེགས་པའི་མཚན་ཉིད་ཇི་སྙེད་པས་ཡོངས་སུ་འབྱོར་ཞིང་། རི་བོའི་ཁོར་ཡུག་ཀུན་ཏུ་ལྷ་ཤིང་ཤུག་པ་དང་བ་ལུ་དཀར་པོ་སྤང་སྤོས་དྲི་ངད་ཡོངས་སུ་འཐུལ་ཞིང་། ཁོ་བོའི་སེམས་ལ། ཇི་སྐད་དུ། བཀའ་གདམས་གླེགས་བམ་གྱི་ལུང་དུ། ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། གནས་པུར་རྒྱལ་བོད་ཅེས་བྱ་བ་ཡོད། རི་མཐོན་པོ་གནམ་གྱི་ཀ་བ་ཡོད།  མཚོ་དམའ་མོ་གཡུ་ཡི་མཎྚལ་ཡོད། གངས་དཀར་པོ་ཤེལ་གྱི་མཆོད་རྟེན་ཡོད། སྤང་སེར་པོ་གསེར་གྱི་ལྷུན་པོ་ཡོད། དྲི་ཞིམ་པོ་སྨན་གྱི་བདུག་སྤྲོས་ཡོད། ཅེས་གསུངས་པའི་ཉམས་སྣང་ཡང་ཡང་ཤར་ཡོང་། དེ་ནས་ཡང་རི་དེར་སྨན་རྫས་རྣམ་གྲངས་མང་བ་དང་སྨན་རྒྱུའི་ཐོན་ཁུངས་ཀྱང་ཕུན་སུམ་ཚོགས་པར་ལྡན་པ་སྟེ།  གནས་ཡིག་ལས། ཤིང་སྨན་ལ་ཨ་རུ་ར། ཨ་ཀ་རུ། སིང་ལྡིང་། ཤུག་པ། སྒྲོན་ཤིང་། སྤེན་དཀར། སྤེན་ནག  ཤིང་ཚྭ། སྟབ་སེང་། ཚེ་ནག  གནམ་སྟ། སྟག་ནག  སྟག་དཀར། སྟག་ཕྲན། ཤིང་ནག  ག་བུར། གུ་གུ་ལ།  སེར་ཤིང་།  རྒོད་གཡུང་།  སྲིན་ཤིང་།  སེར་འབྲུ། ཚ་རུ། འོ་བུ་སོགས་དང་། རྡོ་སྨན་ལ་རག་རྡོ། ཤེལ་རྡོ།  རྡོ་གི་ཝང་། རྡོ་མདུང་རྩེ། སྦལ་རྒྱབ།  འབྲུག་ཀླད།  ལྷང་ཚེར། རྡོ་ཧ་ཤིག་ལ་སོགས་དང། ས་སྨན་ལ་ས་སིདྷུ་ར།  གངས་ཐིགས།  ཅུ་གང་སོགས་དང་། སྔོ་སྨན་ལ་བོད་ཀྱི་གུར་གུམ།  བཀྲ་ཤིས་ཀྱི་རྩྭ། ཀུ་ཤ།  བྷྲཾ་ཀི་རཱ་ཛ། ཚི་གུ།  མཁན་དཀར།  སྤྲ་བ།  རྩི་རྒོད།  མཁན་སེར། ཨུཏྤལ་སྔོན་དམར་སེར་གསུམ། སྲོ་ལོ་དཀར་དམར།  སྤུ་ནག   རྩྭ་པདྨ།  སྲད་དཀར།  སྙི་བ།  ལྕུམ་རྩྭ།  ཀྱི་ལྕེ་ལ་སོགས་དང་གཞན་ཡང་གངས་ལྷ་མེ་ཏོག་དང་དབྱར་རྩྭ་དགུན་འབུ་ལ་སོགས་པ་རིན་ཐང་ཆེ་བའི་སྨན་རྫས་རིགས་བགྲང་གིས་མི་ལོང་བ་ཤིན་ཏུ་མང་ཞེས་གསུངས་པ་ལྟར་རོ།།

IMG_1005.JPG

   དེ་ནས་ཡང་རིའི་རྩེ་མོ་ནས་རིམ་པར་ཐུར་དུ་འབབ་དགོས་ཏེ། ཆུང་དུས་བྱིས་པའི་རྩེད་མོར་རོལ་སྐབས། ལ་དགུ་ལུང་དགུ་རྒྱག་ནས་ལ་ཐུར་འཕྲང་རོང་འགྲོ་ཟེར་དེ་ད་ཐེངས་དངོས་ནས་རྒྱུན་ལྡན་གྱི་བྱ་བ་ལགས་ཤིང་།  མིག་སྔར་ཡང་རི་གདོང་རལ་གྲི་འདྲ་བའི་ངོས་ནས་ཐུར་དུ་འབབ་དགོས་ལ། ལམ་འཁྲིད་ཀྱིས། རི་གདོང་འདིའི་མིང་ལ་ཏེ་བོབྱཟེ་ཟེར་བ་དེ་ཡིན། རྒན་པོ་རྣམས་དང་རྒྱུན་དུ་གཟུགས་པོ་དེ་ཙམ་གྱི་ཐང་པོ་མེད་པ་རྣམས་ལ་དཀའ་ཚེགས་ཅུང་འབྱུང་གི་ཡོད་ཀྱང་མི་རིང་བར་ལ་རི་རྩར་སླེབས་འགྲོ་ཞེས་དང་། ཡང་ཁོང་གིས།  ཏེ་བོ་ཟེའི་སྟེང་ནས་གཟིགས་ན་རང་བྱུང་གི་སྣང་བརྙན་ཤིན་ཏུ་མཛེས་པ་ཡོད་དེ། དེ་རིང་སྤྲིན་འཁོར་སྨུག་འཁྲིགས་བྱས་པས་མངོན་སུམ་དུ་མི་མཐོང་མོད། ཅེས་གསུངས་བཞིན་དུ་ལག་གི་མཛུབ་མོར་ལྷོ་ཕྱོགས་སུ་སྟོན་ཏེ་འདི་རུ་སྤང་རིར་ཡོད་པའི་རྩེ་མོ་དང་ཉེ་བ་ན་གཡའ་སྔོན་པོ་འབྲུག་འཁྱིལ་བ་འདྲ་བ་ཡོད་པ་དང་། དེའི་འོག་ན་འབབ་ཆུ་རྣམས་གཡས་གཡོན་དུ་འཁྱིལ་ཞིང་གྱ་གྱུར་སོང་བ་ནི་གཡུང་དྲུང་འཁྱིལ་པ་ལྟ་བུའི་འཆི་མེད་ཀྱི་ཚེ་ཆུ་ཡིན་པ་དང་། བྱང་ཕྱོགས་རིན་ཆེན་སྤུངས་པ་ལྟ་བུའི་བྲག་ཐམས་ཅད་དེ་ལའང་སྐུ་གཟུགས་དང་མཆོད་རྟེན་དུ་མས་སྤྲས་པའི་རྣམ་པར་ཤིན་ཏུ་གསལ་ལ། དེའི་བར་ན་མངོན་དུ་གསལ་བའི་སྲིད་རྒྱལ་བླ་མཚོ་དང་གོང་མ་རིག་འཛིན་རྣམས་ཀྱི་སྒྲུབ་ཕུག་ལ་ཡིག་འབྲུ་དང་ཞབས་རྗེས་བཅས་པ་སོགས་དུ་མ་ཡོད་ཅེས་ངོ་སྤྲོད་གསལ་པོར་བྱེད་བཞིན་འདུག  ཁོ་བོའི་ཡིད་ལ་ཀོང་སྤྲུལ་རིན་པོ་ཆེའི་དགོངས་པར་ལྟར་ན། སྤྱིར་སངས་རྒྱས་རྣམས་ཀྱི་ཐུགས་བསྐྱེད་སྨོན་ལམ་དང་གདུལ་བྱའི་ལས་དང་སྐལ་བ་འཛོམ་པའི་རྟེན་འབྲེལ་ཟབ་མོའི་མཐུ་ལས། ས་རྡོ་རི་བྲག་རྣམ་འབྲེལ་ཚད་དོན་ལྡན་གྱི་གནས་ཆེན་རྩ་གསུམ་རྒྱལ་བ་རབ་འབྱམས་བཞུགས་པའི་ཕོ་བྲང་ཆེན་པོར་གྱུར་བའི་རྟགས་སུ། སྐྱེ་བོ་ཕལ་བའི་སྣང་ངོར་ཡང་སྐུ་གཟུགས་ཡིག་འབྲུ་ཕྱག་མཚན་མཆོད་རྟེན་ལ་སོགས་པ་རྣམ་པར་གསལ་བ་དུ་མའི་རང་བྱོན་གསལ་ཞིང་། གྲུབ་པའི་རིག་འཛིན་རྣམས་ཀྱིས་བྱིན་གྱིས་བརླབས་པའི་རྟགས་སུ་གཏེར་རྒྱ་དང་ཕྱག་ཞབས་ཀྱི་རྗེས་སོགས་ངེས་པའི་བཀའ་རྟགས་རྣམས་ཀྱི་དཔང་པོ་བྱས་པ་དང་། དད་ཅིང་མོས་པས་ཕྱག་བསྐོར་བྱས་ན་ནད་གདོན་རྐྱེན་ངན་ཞི་བ་ལ་སྨན་དཔྱད་རིམ་གྲོ་གང་ལས་ཀྱང་ལྷག་པར་མངོན་སུམ་ཚད་མས་གྲུབ་པས་ན། རྣམ་པ་སྐྱེ་བོ་ཕལ་པའི་མིག་སྔར་མཛེས་པ་དང་། བཞེངས་པ་པོ་ཚོགས་རྫོགས་པའི་ཆ་ནས་བཅོས་མའི་རྟེན་རྣམས་ལེགས་ཀྱང་། ངོ་བོ་བྱིན་རླབས་ཀྱི་གཟི་བྱིན་ཁྱད་པར་འཕགས་པ་དང་། འགྲོ་དོན་ནམ་ཡང་རྒྱུན་ཆད་དང་ཕྱོགས་རིས་མེད་པའི་ཆ་ནས་རང་བྱུང་གི་གནས་རྟེན་རྣམས་ཁྱད་པར་དུ་འཕགས་ཏེ།  རང་བྱུང་གི་ནོར་བུ་དང་།   བཅོས་མའི་རིན་པོ་ཆེ་གཉིས་ཀྱི་ཁྱད་པར་གྱི་དཔེས་མཚོན་ནོ།། ཞེས་མཁས་གྲུབ་ཐམས་ཅད་མཁྱེན་པས་གསུངས་ཏེ་ངེས་པར་དོན་ལ་བསམ་ཞིང་། དེ་ལ་ཡང་སྐབས་སུ་བབས་པའི་གནས་མཆོག་འདིའི་དབང་དུ་བྱས་ན།  མདོ་བྱང་མཐོང་གྲོལ་ཆེན་མོའི་དགོངས་པ་ལྟར་ན། འོལ་མོ་གླིང་ཆེན་གྱི་བྱེ་བྲག   གཤེན་གྱི་སྟོན་པ་རྣམ་གསུམ་རྗེས་སུ་བཞུགས་པའི་གནས། གསས་ཁང་དཀར་ནག་བཀྲ་གསལ་དེ་ཉིད་ས་ལ་གནས་པའི་རིག་འཛིན་སེམས་དཔའ་རྣམས་ཀྱིས་ལྷ་རི་གྱང་ཐོ་ཞེས་ཀོང་པོ་བོན་རིའི་ཤར་ཕྱོགས་མདོ་ཁམས་ཕྱོགས་ཀྱི་སའི་ཐིག་ལེར་སེམས་ཅན་དོན་དུ་སྤྱན་དྲངས་པས་འགྲོ་བ་འདུལ་བའི་རྟེན་མཆོག་ཁྱད་པར་དུ་འཕགས་པ་ཀུན་གྱི་མཐོང་སྣང་དུའང་རི་བྲག་ཐམས་ཅད་མཆོད་རྟེན་གྱི་རྣམ་པ་གྲུབ་པ་སྟེ། ཉེ་རིང་གང་ནས་མཇལ་ཡང་མཐོང་གྲོལ། ཆེའི་ཡོན་ཏན་རྣ་བས་ཐོས་པས་ཐོས་གྲོལ། དད་ཅིང་ཡིད་ལ་བྱས་པས་དྲན་གྲོལ། བསྐོར་ཕྱག་མཆོད་པས་འབྲེལ་པས་རེག་གྲོལ། ས་ཆ་རྩི་བཅུད་ཁོང་སོང་བས་མྱོང་གྲོལ། འབྲེལ་བ་ཆེ་ཆུང་གང་ཐོགས་མཚུངས་པས་འབྲེལ་གྲོལ་ཏེ་གྲོལ་བ་དྲུག་དང་ལྡན་པ་དེ་བཞིན་ལགས་སོ།།

IMG_0992.JPG

   དེ་ནས་རིམ་པར་རི་རྩར་བྱོན་ཏེ་ཅུང་ཟད་ཕྱིན་པ་ན་སྔོན་བྱོན་དམ་པ་གོང་མས་བྱིན་གྱིས་བརླབས་པའི་མཚོ་ཏ་ལེན་ཞེས་ཡོངས་སུ་གྲགས་པའི་བླ་མཚོ་དེར་སླེབས་ཤིང་། མཚེའུ་འདི་གཉིས་མཚོ་མདོག་སྔོ་ཞིང་དྭངས་བ། མཚོ་མཐའི་ངོས་སུ་དྲི་ཞིམ་སྨན་སྣ་དང་མེ་ཏོག་སྣ་ཚོགས་ཀྱི་ཞལ་ཁ་ཕྱེ་བ། འཁོར་ཡུག་སྤང་འབུར་སྟེང་ལ་ཕྱུགས་རིགས་དཀར་ནག་གི་ཁྱུ་ཚོགས་དང། སྤུ་སྡུག་རི་དྭགས།  སྐད་སྙན་བྱ་རིགས་སོགས་སོ་སོའི་འཐད་ཕྱོགས་དང་འབྲེལ་ནས་རྩེད་འཇོའི་དཔལ་ལ་འཁུ་ཞིང་དགའ་བདེའི་ངང་ལ་རོལ་བའི་གནས་ཡུལ་ཁྱད་པར་ཅན་ཞིག་ཡིན། དེའང་ཁོ་བོའི་ཡིད་ལ་དད་ལྡན་རྣམས་ཀྱིས་མཚེའུ་དེ་གཉིས་ལ་མཚོ་ཏ་ལེན་ཞེས་འབོད་པ་ནི་ཆེ་ཡ་མཚར་བ་ཞིག་འདོད་དེ། སྤྱིར་ཏ་ལེན་ཞེས་པའི་མིང་དེ་ནི་རྒྱའི་སྐད་(褡裢)ཀྱི་སྒྲ་གདངས་ལས་བྱུང་བ་ཡིན་པས། གཟུགས་ཅན་དེ་གང་ཡིན་ཡང་ཟུང་དུ་བགྲང་བ་ལ་ཡ་གཉིས་དགོས་པས་གྲངས་གཉིས་མཚོན་དགོས་ལ། མིག་སྔར་གྱི་མཚོ་ཏ་ལེན་ཞེས་པ་དེར་མཚེའུ་གཉིས་ཏེ་ཏ་ལེན་ཚུལ་ཅན་གྱི་ཁྱད་ཆོས་ཤིག་ལྡན་ནའང་། དོན་དངོས་སུ་མཚོ་འདིར་མཚོ་ཆེན་གཅིག་ཡིན་དགོས་པ་ལས་མཚོ་ཆུང་གཉིས་མ་ཡིན་ཏེ། དེ་ནི་དུས་ཐག་ཅུང་རིང་བའི་སྐབས་ཤིག་ན་ཡུལ་འདིར་ས་ཡོམ་བྱུང་བའམ་མདུན་ཕྱོགས་ཀྱི་རི་ངོས་ནས་ཆུ་ལོག་གིས་ས་རྡོ་སོགས་ཁུར་ཅིང་དེད་ནས་འདམ་ལྟར་བཞུར་བས་མཚོ་ཆེན་ཏེ་མཚོ་ཆུང་གཉིས་སུ་གྱུར་བའི་རྣམ་པ་ཞིག་ཡིན་པ་ལྷང་ངེ་ཤེས་ངེས་ལགས་པས། མཚོ་ཏ་ལེན་ཞེས་པའི་མིང་དེའང་ཅུང་ཕྱིས་རྗེས་སུ་བཏགས་པར་འདོད།

IMG_1010.JPG

   དེ་ནས་ང་ཚོ་རིམ་པར་གཡོན་ཕྱོགས་གྱེན་དུ་སྲིད་རྒྱལ་ལ་རི་ཞེས་འབོད་པའི་སྐོར་ལམ་བརྒྱུད་དེ་ཕྱིན་པ་ན་རི་སྐེད་ཀྱི་ལམ་གོང་ན་བྲག་མཐོན་པོ་ནམ་མཁའི་དབྱིངས་ལ་ཐུག་པ་ཞིག་གི་རྩེ་ནས་རྒྱུན་དུ་ལྷ་ཆབ་འཇའ་ཚོན་རང་ཤར་བཞིན་ཡོད་པ་དེར་སླེབས། གནས་སྐོར་བ་རྣམས་ཀྱིས་གནས་འདིར་ནི་སྲིད་པའི་རྒྱལ་མོས་ཁྲུས་རྒྱག་ས་ཡིན་ཞེས་བཤད། དེར་སླེབ་པ་དང་ཀུན་གྱིས་ཀུ་ཅོ་བཤུགས་པ་ལྟར་སྐད་ཆེར་ངང་ནས་སྲིད་པ་རྒྱལ་མོ་ཁྲུས་གསོལ་མཛོད་ཅིག་ཞེས་ཀི་ལྡིར་བཏབ་ཚེ། གློ་བུར་ཆུ་རླབས་རྒྱང་གིས་འཕེན་འོང་བས་མངོན་སུམ་ངོ་མཚར་བའི་གནས་ཡིན་པ་ནི་ཐུན་མོང་གི་སྣང་ངོར་གྲུབ། ནམ་རྒྱུན་དད་ལྡན་ཀུན་གྱིས་ཁྲུས་ཆུ་དེར་དད་མོས་ངང་ནས་སྨོན་ཚིག་དང་གསོལ་འདེབས་མཆོད་བསྟོད་སོགས་གང་ལ་གང་མཁོ་རེ་གསུངས་བཞིན་ཡོད་པ་མ་ཟད། ཁྲུས་ཆུ་འདི་ནི་རྟེན་འབྲེལ་བཟང་བའི་ལྷ་ཆུ། ཚེ་མཆོག་བསྐྱེད་པའི་ཚེ་ཆུ། སྡིག་སྒྲིབ་དག་པའི་ཁྲུས་ཆུ་བཅས་འདོད་པས། དེར་ཁྲུས་བྱས་ན་ལུས་ཀྱི་ནད་གདོན་ཞི་ཞིང་སྡིག་སྒྲིབ་དག་པའི་རྟེན་འབྲེལ་ཡོད་པའང་སྙམ།  དེ་ནས་ཡང་མུ་མཐུད་དུ་གྱེན་དུ་འཛེགས་ནས་སོང་བས། ལམ་བར་གཡས་གཡོན་གྱི་བྲག་རྡོ་ངོས་སུ་གཡུང་དྲུང་རང་བྱོན་དང་། དུང་དཀར་རང་བྱོན་ཤིན་ཏུ་གསལ་བ་འདུག་པ་མ་ཟད། བར་དོའི་འཕྲང་ཆེན། སྲིད་རྒྱལ་སྒྲུབ་ཕུབ་སོགས་བཞུགས་པར་གསུངས་པས།  དད་ལྡན་ཀུན་གྱིས་སྒོ་གསུམ་མི་དགེ་བ་དང་མ་འདྲེས་པར་དད་གུས་མོས་པ་རྩེ་གཅིག་པའི་ངང་བསང་དང་ཚོགས་གཏོར་མཆོད་འབུལ་སོགས་དགེ་བའི་འབྲེལ་འཇོག་ཅི་ནུས་ལ་འབད་དོ།།

IMG_1002.JPG

   དེ་ནས་རིམ་པར་ཡར་འཛེགས་ནས་སོང་བས་སྲིད་རྒྱལ་ལའི་རི་རྩེར་སླེབས་པ་ན། མིག་སྔར་ཆེས་ཡ་མཚན་ཅན་གྱི་ལ་བཙས་ཤིག་འདུག་སྟེ། ལར་གངས་ཅན་བོད་ཀྱི་ཡུལ་ལ་རི་རྩེ་ན་ལ་བཙས་བརྩིག་པ་ནི་བོད་མི་རིགས་ཀྱི་ཁྱད་ཆོས་གྲུབ་རྒྱུར་གལ་ཆེའི་ནུས་པ་འདོན་སྤེལ་ཞིག་ཡིན་ནའང་། སྐབས་འདིའི་ལ་བཙས་ཞེས་བྱ་བ་ནི་ཆེས་ཡ་མཚན་བ་ཞིག་ནི། དད་ལྡན་རྣམས་རང་ཉིད་ལག་ཏུ་འཛིན་པའི་རྟེན་འཁརལག་རྟེནདེར་ཕོ་རྒོད་ཀྱིས་མདའ་རྒོད་དེ་ལ་བཙས་ཐོག་འཛུགས་པ་ལྟར་བཙུགས་པའི་ངོ་མཚན་ཅན་གྱི་ལ་བཙས་ཞིག་ཡིན། དེའང་གནའ་མི་རྣམས་ཀྱི་བཤད་སྲོལ་ལྟར་ན། ལ་བཙས་དེ་ནི་གངས་སྐོར་བ་རྣམས་ཉིན་གསུམ་གྱི་གངས་སྐོར་དེར་མདུད་ཕོག་ནས་རྟེན་འབྲེལ་ཡོད་པའི་ཚུལ་དུ་རང་ཉིད་གངས་སྐོར་འགྲོ་བ་ལ་ཕན་པ་ཤིན་ཏུ་ཐོགས་པའི་དྲིན་ཆེན་གྱི་རྟེན་འཁར་དེ་དྲན་གསོ་བསྐུལ་བའི་ཆེད་དུ་ལ་བཙས་ལྟར་བརྩིགས་པའི་ཐུན་མིན་གྱི་ལ་བཙས་ཤིག་ཡིན་པར་གྲགས།  ཁོ་བོ་དེར་ཐོན་ནས་བལྟས་པས། གཟུགས་ཆེ་ཆུང་དང་། རིང་ཐུང་སྦོམ་ཕྲ་སོགས་མི་འདྲ་བའི་ལག་རྟེན་མང་པོར་ཁྲིགས་ལེགས་པར་སྐྱོང་ནས་ས་སྤུངས་ཐོག་བཙུགས་ཡོད་པ་མཐོང་བས་ཡི་རང་བར་གྱུར་ཏེ། རང་གི་ལག་གི་རྟེན་འཁར་ལའང་ལ་བཙས་ཐོག་བཙུགས་ཤིང་བཤམས། དེ་ནི་ཕ་རྗེས་བུ་འཇུག་གི་བྱ་བ་ཁོ་ན་ཡིན་པ་མ་ཟད། རང་ཉིད་དགའ་མགུའི་ཆེད་དུའང་ཡིན་ཏེ།  ཕྱོགས་མཚུངས་དད་ལྡན་རེ་གཉིས་ཀྱིས་གཡས་གཡོན་དུ་མི་གཞན་ཡོད་མེད་ལ་སྣང་འཇོག་མི་བྱེད་པར་སྐད་ཤུགས་ཆེན་པོས་ལྷ་རྒྱལ་འཐེན་ནས་རང་སོ་སོའི་རེ་བའི་སྨོན་ལམ་དང་།  རང་ཉིད་ཡུལ་ལྷ་བཅོལ་བར་མཚོན་པར་བྱེད་པའི་སྙན་གསན་འབེབས་བཞིན་ཡོད། རྟེན་འཁར་ལ་བཙས་ཀྱི་རི་རྩེ་ནས་ཁམས་བསངས་སུ་སོང་ནས་རང་གི་སེམས་ཁ་ཡངས་པོ་བྱས་ཤིང་ཕྱོགས་ཀུན་ཏུ་མིག་གིས་བལྟས་ན། རྒྱ་ཤིན་ཏུ་ཡངས་ལ་མཐོང་གསལ་བ་ཡོད་པས། སྐྱེ་བོ་སུ་ཡིན་ཞིང་གནས་འདིར་འབྱོར་བ་དང་ལྷན་དུ་སེམས་ལ་བརྗོད་མི་ཤེས་པའི་སྤྲོ་སྣང་ཞིག་ལྷང་ངེ་སྐྱེས་ངེས་ལགས། དེ་ཡང་རྫ་རི་འདིའི་མདུན་ཕྱོགས་སུ།  བྲག་དམར་རིན་ཆེན་སྤུངས་འདྲ་བའི་རི་སྟེ་གནའ་དུས་གཏམ་རྒྱུད་དུ་རྒྱ་ནག་གོང་མའི་བླ་རིའི་གྲས་སུ་རྩིས་པའི་གོང་མ་ཁིས་ཟེར་བ་དེ་མིག་ལམ་དུ་གཞིར་བཞེངས་སུ་བསླངས་ཏེ།  རི་སྐེད་ཀྱག་ཀྱོག་གི་གཞུང་ལམ་ནང་མི་རྣམས་དུང་རིའི་བླ་མཚོར་ཡུལ་སྐོར་བའི་ཆེད་དུ་མགྲོན་སྐྱེལ་རླངས་འཁོར་ཕར་འགྲོ་ཚུར་འོང་རྒྱུན་མི་འཆད་པ་རྒྱུགས་ཤིང་གནས་པ། རི་འདབ་ཀྱི་གསེར་གྱི་མཚོ་མོའི་མཐའ་འཁོར་ལ་ལྷ་ཤིང་གཡུ་ལོ་ལྗོན་པས་དཀྲིགས་ཤིང་རྩྭ་དང་མྱུ་གུའི་སྐྱེད་ཚལ་ཤིན་ཏུ་རྒྱས་ནས་མིག་གིས་མཐོང་བ་ཙམ་གྱིས་རིག་པ་དྭངས་བ། དགེ་སྦྱོར་འཕེལ་བའི་སྣང་བ་ཞིག་རབ་ཏུ་སྐྱེས་སོ།།  

IMG_1007.JPG

   དེ་ནས་རྫ་རིའི་རྩེ་ནས་རིམ་བཞིན་ཐུར་དུ་འབབ་པ་ན་གསེར་ཀྱི་མཚོ་མོའི་ཆུ་འགོ་དེ་ཡོངས་གྲགས་ཀྱིས་གསེར་མཚོའི་མཚོ་འགོ་ཟེར་བ་དེར་སླེབས་ཤིང་། མཚོ་འགོ་དེ་ནི་གསེར་མཚོའི་རྒྱབ་རིའི་ཅུང་སྐེད་ཤིག་ན་ཡོད་པས། གང་ཟག་མི་ཡི་འགྲོ་འདུག་ས་ཤིག་མིན། གནའ་མིའི་གཏམ་རྒྱུད་ལས། མཚོ་འགོའི་གཏེར་ཆུ་མིག་ཟུང་འདི་ནི་ཀླུ་དང་གཉན་གྱི་ཆུ་ཡིན་པ་དང་། གང་ཟག་མི་ཡི་འགྲོ་འདུག་མེད་ན། ཆུ་དེ་རང་བཞིན་དྭངས་བསིལ་དུ་གནས་ལ། ཅ་ཅོ་འུ་སྒྲ་དང་བསང་དང་འབྲུ་སྣ་གཏོར་ཞིང་ཁ་དགེ་མཆོད་པ་དང་སྨོན་ལམ་བཏབ་ཚེ། ཆུ་མིག་དེ་ཡར་འབུར་འབུར་ལྷུག་ལྷུག་ཏུ་འཁྱིལ་འཁྱིལ་གྱི་སྒྲ་དང་བཅས་ཏེ་ཆུ་ཁོལ་ལྟར་རླངས་མདོག་མི་འདྲ་བ་འཕྱུར་ནས་ཤར་ཤར་འབབ་རྒྱུ་ཡོད། ཅེས་ངོ་མཚར་སྣང་བ་འདི་ལྟར་གླེང་ནའང་།  ང་ཚོ་གནས་དེར་ཐོན་པ་ན་ཆུ་མིག་གི་ཁོར་ཡུག་ལ་རྩི་ཤིང་ནགས་ཤིན་ཏུ་འཐིབས་པོར་ཆགས་ཡོད་པས་འགྲོ་མ་ཐུབ། དེ་བཞིན་མཚོ་འགོ་འདིའི་གཡོན་ཕྱོགས་གྱི་རྫ་སྐེད་ན་སྟག་ལྷའི་སྒྲུབ་ཕུབ་དང་། བེེ་རོ་ཙ་ནའི་སྒྲུབ་ཕུབ་སོགས་འདི་དང་འདིའོ་ཞེས་བཤད་ཀྱང་རྩར་མ་ཐོན། གཞན་ཡང་སྒྲུབ་ཕུབ་དང་སྦས་ཕུབ་མང་པོར་སྣང་ཡང་ངེས་བཟུང་དཀའ་ཞེས་གནས་ཡིག་ལས་གསུངས། མཚོ་འགོ་ནས་ཐུར་དུ་འབབ་ན་ཤར་དུང་རིའི་གནས་ཁང་ཆེན་པོ་བཞིའི་ཡ་གྱལ་ཤར་གསེར་མཚོ་གནས་ཁང་དུ་སླེབས། གསེར་མཚོའི་གནས་ཡིག་ལས། གནས་ཁང་ཕྱི་ནང་བར་གསུམ་ཡོད་པ་དང་རྟེན་དང་བཀའ་རྟགས་མང་བོ་ཡོད། ཅེས་གསུངས་པས། ནང་དུ་སོང་ན་དུས་གསུམ་སངས་རྒྱས་ཀྱི་སྐུ་རང་བྱོན་བཞུགས་པ་མ་ཟད། དབུ་གདུགས།  རྒྱལ་མཚན། འབྲུག   སེང་གེ་ལ་སོགས་འབུར་དུ་དོད་པའི་གཟུགས་བརྙན་སྣ་ཚོགས་གད་ཡོད་དེ། ལྷག་པར་དུ་གནས་ཁང་འདིའི་ནང་གངས་ཆུ་དང་གཏེར་ཆུ་སོགས་ཆུ་གཞན་དང་མི་འདྲ་བས་དྭངས་ཤིང་བསིལ་བ། སྐྱོན་མེད་ལ་དྲི་དང་བྲལ་བ། གང་གིས་འཐུང་ན་ཚེ་ཡི་དངོས་གྲུབ་ཐོབ་པ། ནད་སེལ་བ། སེམས་དྭངས་པ། ལུས་ཡང་བ་བཅས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་པ་བཅས་ཡོན་ཏན་དང་ལྡན་ནོ་ཞེས་ཀུན་གྱིས་མཐུན་པར་གཏམ་དུ་གླེང་བའང་གྱུར་ཏོ།།

IMG_0997.JPG

   དེ་ནས་ང་ཚོ་གསེར་མཚོའི་ལུང་བ་བརྒྱུད་དེ་ཐུར་དུ་བྱོན་པ་ན་རྡོ་ཤ་བ་བཅལ་དུ་བཀྲམ་པའི་སྟེང་ན་ཅུ་གང་གི་རྡུལ་རང་བརྩེགས་པའི་མཚོ་ཡི་ར་བ་ཆེ་ཆུང་གྲངས་མེད་པ་མཇལ་ནས་ཕྱི་དྲོ་ཆུ་ཚོད་ལྔ་པའི་ཐོག་གསེར་མཚོའི་ལུང་མདོར་འབྱོར་ཞིང་། དེ་ནས་རང་སོ་སོས་ཐད་ཀར་རླངས་འཁོར་ལ་བསྡད་དེ་གོང་མའི་ཁིས་ཁར་བརྒལ་ནས་གཙོ་ཚང་རྒུར་བདེ་བར་སླེབ་པ་ན་ད་ཐེངས་གཉན་ཆེན་དུང་རིའི་གངས་བསྐོར་ཏེ་བཀྲ་ཤིས་པའི་ངང་ནས་མདུད་ཕོག་པའོ།། དགེའོ།། 

༢༠༡༧ལོའི་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་མུ་ཁྲི་བཙན་པོ། སྤྱི་དེབ་བཅུ་གཅིག་པ་ལས་བཤུས།